གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལ་གཞས་མཐུན་པ་དྲུག་སྐོར་ལས། འབྲལ་བའི་སྐོར།༢

2009-07-27 16:12:00 བོད་མི་དམངས། ཀློག་གྲངས། མཆན ཡོད།


༡༦
སྟོད་རྒྱ་གར་རྒྱ་བྱ་ལྗང་ལོ།།

སྤྲིན་དཀར་ནག་གཉིས་ཀྱི་བར་ནས།།

ལྗང་ཤོད་ལེ་འཕུར་ནས་ཡོང་ན།།

ང་རྒྱ་རྫོང་ནགས་ཀྱི་ཁུ་ལོ།།

ཤ་མཆིན་པ་གཏིང་འོག་བརྗི་གི།

འཕུར་བསམ་ན་བྲ་མའི་རྩིབ་རེད།།

བསྐྱུར་བསམ་ན་རྒྱ་བྱ་ལྗང་ལོ་རེད།།

ཨ་ཤི་རེ་དང་མའི་འཕུར་རོགས།།

 

ས་སྡེ་ཆེན་ཞང་བཟང་ཚ་མོ།།

ས་སྡེ་ཆེན་ན་ཟླའི་གྲས་ནས།།

གླུ་བླངས་ནས་འཁོར་ནས་ཡོང་ན།།

ང་སྡེ་ཉུང་གྲོང་གི་རོགས་ལོ།།

ཤ་མཆིན་པ་གཏིང་འོག་བརྗེ་གི།

རྩེ་བསམ་ན་དགྲ་ནག་རྩིབ་རེད།།

བསྐྱུར་བསམ་ན་དང་མའི་རོགས་རེད།།

ཨ་ཤི་རེ་འདང་ཅན་རོགས་ལོ།།

 

༡༧ང་འཛམ་གླིང་ཉི་མ་སེར་བོ།།

ནུབ་ཕྱོགས་ཡུལ་ལ་ནུབ་དུས།།

ལོ་དང་ཟླ་་མི་འགོར།།

ཞག་ཉི་མས་ཕྱིར་ལ་ཐོན་ན།།

དགུང་སྔོན་པོར་དྲོད་ཁོལ་འཛོམས་མ།།

 

ང་ཁ་འཁྱམ་རོགས་ལོ་ཟེར་བ།།

གྲོང་རྩེ་བའི་གྲས་ནས་རྩེ་དུས།།

ལོ་དང་ཟླ་ལ་མི་འགོར།།

ཞག་ཉི་མས་གྲོང་ལ་ཐོན་ན།།

རོགས་འུ་གཉིས་སྣང་བ་སྐྱིད་ལ།།

 

༡༨ཞིང་ཆུ་མའི་ཐེམ་པ་གོང་མ་ནས།།

ཕོ་ཁྱོད་ཚོ་སིལ་སྡོང་སྐྱེས་སྐྱེས་བྱོས།།

མ་ང་ཚོ་སིལ་ཏོག་ཐོགས་ཐོགས་བྱེད།།

གླིང་མི་ཁ་རླུང་ནག་འཚུབ་མ་རེད།།

ཕྱོགས་གང་ནས་གཡུག་ན་གཡུག་ཏུ་ཆུགས།།

སིལ་རྒུན་འབྲུམ་ཞིམ་ཤ་ཁ་མ་རེད།།

 

ས་སྡེ་ཆེན་སྡེ་ལུང་ཞོལ་མ་ནས།།

ཕོ་ཁྱོད་ཚོ་ལུག་ཁྱུ་འཁོར་འཁོར་བྱོས།།

མ་ང་ཚོ་ལུག་རྫི་འདུག་འདུག་བྱེད།།

གླིང་མི་ཁ་སྤྱང་མོ་འདུར་བ་རེད།།

ཕྱོགས་གང་ནས་འདུར་ན་འདུར་དུ་ཆུགས།།

རོགས་འུ་གཉིས་ཞེ་འདང་ཁ་མ་རེད།།

 

༡༩ཡུལ་ཕ་མ་གསེར་ནག་མཆོད་རྟེན་རེད།།

ཕོ་ངེད་ཚོ་མགོ་ཡི་ཉི་ཟླ་རེད།།

མ་ཁྱོད་ཚོ་སྐེད་ཀྱི་བང་རིམ་རེད།།

ང་ཉི་ཟླ་མགོ་ནས་ཡག་གི།

ཁྱོད་བང་རིམ་སྐེད་ལ་འགྲིག་གི།

འགྲིག་པ་ཡག་པ་བསམ་ན།།

ལོ་ཟླ་ཡི་རྗེས་ནས་མ་དགོས།།

ཞག་ཉི་མའི་འགོར་ཡུན་དཀའ་གི།

 

ཡུལ་ཕ་མ་གསེར་ནག་བུམ་པ་རེད།།

མ་ཁྱོད་ཚོ་ནང་གི་བུམ་ཆུ་རེད།།

ཕོ་ངེད་ཚོ་རྨ་བྱའི་སྒྲོ་མདོངས་རེད།།

ཁྱོད་བུམ་ཆུ་ཞབས་ནས་འཁྱིལ་གི།

ང་རྨ་སྒྲོ་ཁ་ལ་འགྲིག་གི།

ཆུ་འཁྱིལ་བ་འགྲིག་པ་བསམ་ན།།

ལོ་ཟླ་ཡི་རྗེས་ནས་མ་དགོས།།

ཞག་ཉི་མའི་འགོར་ཡུན་དཀའ་གི།

 

༢༠ནགས་ཅ་ལ་འདྲ་བོའི་མགོ་ཡི།།

གཡུ་དྲུག་དཀར་འདྲ་བའི་ཁུ་ལོ།།

ཐག་རིང་རུང་ཡིད་ནས་མི་བརྗེད།།

ལོ་འགོར་རུང་འཕུར་ཡ་མི་བཙལ།།

 

ས་མར་བལྟས་སྡེ་ཆེན་གྲོང་གི།

རོགས་ཆུང་ལོ་ལྷ་སྐུ་འདྲ་བོ།།

ཐག་རིང་རུང་ཡིད་ནས་མི་བརྗིད།།

ལོ་འགོར་རུང་རྩེ་རོགས་མི་བཙལ།།

 

༢༡དགུང་ཨ་སྔོན་སྲིད་པའི་གྲོང་ཁྱེར་ནས།།

འབྲུག་ལྗང་ལོ་དུང་གི་གཤོག་པ་ཅན།།
ཐག་ཉེ་རིང་མེད་ལ་གྲག་ནི་གཅིག།

ཆར་རི་ཤོད་མེད་ལ་བབས་ནི་གཉིས།།

དགུང་ཨ་སྔོན་སྲིད་པའི་གྲོང་ཁྱེར་ནས།།

བརྗེད་མི་ཐུབ་དྲན་ཤིང་སྐྱ་མོ།།

དོན་དམ་པས་འབྲུག་ལོ་ཁྱོད་རེད།།

 

ས་སྡེ་ཆེན་སྲིད་པའི་གྲོང་ཁྱེར་ནས།།

རོགས་ཆུང་ལོ་དུང་གི་སོ་སྒོ་ཅན།།

ཐག་ཉེ་རིང་མེད་ལ་རྩེ་ནི་གཅིག།

ཚིག་ཁ་ཁོག་མེད་ལ་བཤད་ནི་གཉིས།།

སྡེ་ཆེན་པོ་སྲིད་པའི་གྲོང་ཁྱེར་ནས།།

བརྗེད་མི་ཐུབ་དྲན་ཤིང་སྐྱ་མོ།།

དོན་དམ་པས་རོགས་ལོ་ཁྱོད་རེད།།

 

༢༢ཁྱོད་མཚོ་མགོ་བསྐོར་བའི་ངང་བ་བྱོས།།

ང་མཚོ་རྔ་བསྐོར་བའི་ངང་དམར་བྱེད།།

མཚོ་སྔོན་པོའི་ཁ་ནས་ཐུག་རྒྱུ་བྱེད།།

ལམ་རིང་ཐུང་ཡོད་ན་སྒུག་རྒྱུ་བྱེད།།

ཚེ་རིང་ཐུང་ཤོར་དུས་སྔོན་ལས་རེད།།

 

ཁྱོད་སྡེ་མཐའ་བསྐོར་བའི་བྱི་མོ་བྱོས།།

ང་སྡེ་མགོ་བསྐོར་བའི་བྱི་ལི་བྱེད།།

ས་སྡེ་ཆེན་གྲོང་ནས་ཐུག་རྒྱུ་བྱེད།།

ལམ་རིང་ཐུང་ཡོད་ན་སྒུག་རྒྱུ་བྱེད།།

ཚེ་རིང་ཐུང་ཤོར་དུས་སྔོན་ལས་རེད།།

 

༢༣དགུང་ཨ་སྔོན་ཁྲ་ཁྲིག་དཀར་གྲིག་རེད།།

ཁ་གྲིག་གེ་སྐར་མ་ཞག་གཅིག་རེད།།

གནམ་ཐང་ཤ་ཆོད་ན་ཚེ་གཅིག་རེད།།

 

སྡེ་ཆེན་པོ་ཁ་ཡངས་འཁོབས་ཡངས་རེད།།

གྲོང་རྩེ་བ་འཚོགས་ན་ཞག་གཅིག་རེད།།

ཞེ་སྣང་བ་མཐུན་ན་ཚེ་གཅིག་རེད།།

 

༢༤སྟོད་གཡུ་ལུང་རྟ་ར་གོང་མ་ན།།

རྟ་འདོ་བ་ཨ་མཉམ་ཆ་མཉམ་རེད།།

སང་ནངས་མོ་རྟ་འགྲོ་སྒ་འདུག་རེད།།

རྟ་འགྲོ་སའི་ས་ནས་མ་བརྗེད་དང་།།

སྒ་འདུག་སའི་ས་ནས་བརྗེད་མེད་ཡིན།།

 

ས་སྡེ་ཆེན་ཚོ་དྲུག་གླིང་ནས།།

རོགས་ཆུང་ལོ་ཨ་མཉམ་ཆ་མཉམ་རེད།།

སང་ནངས་མོ་ཕོ་འགྲོ་མོ་འདུག་རེད།།

ཕོ་འགྲོ་སའི་ས་ནས་མ་བརྗེད་དང་།།

མོ་འདུག་སའི་ས་ནས་བརྗེད་མེད་ཡིན།།

 

༢༥ངས་གངས་རི་དཀར་བོར་ཆགས་འཇོག།

ངས་འཛམ་གླིང་ཉི་མར་དཔེ་ལེན།།

གངས་ཉི་མ་བཞུས་ནི་མི་ཚད།།

སྔོ་ལྟེམས་མེ་མཚོ་ཞིག་ཆགས་ཡོད།།

ངས་ད་རུང་རོགས་ལོ་བརྗེད་མེད།།

 

ངས་སྒོ་ཞིང་གྲུ་བཞིར་ཆགས་འཇོག།

ངས་ལོ་ཡག་སྙེ་མར་དཔེ་ལེན།།

ལོ་ཕར་བཏབ་སྐྱེས་ནི་མི་ཚད།།

ལོ་ལྗང་མའི་འབྲས་བུ་ཐོགས་ཡོད།།

ངས་ད་རུང་རོགས་ལོ་བརྗེད་མེད།།

 

༢༦རྟ་སྟོད་ལ་ཁྱེར་ནོ་མ་སྡུག།

ལྕག་ཕྲ་མོས་བྲབས་ནོ་མ་སྨྲེང་།།

སྤང་སེར་བོ་མུ་རྒྱུད་གཅིག་རེད།།

རྟ་མི་རྒྱུག་ས་ཞིག་མེད་གི།

 

རོགས་གནས་ཡུལ་བརྒྱུད་ནོ་མ་སྡུག།

རྒྱ་ནག་པོ་བཙན་ནོ་མ་སྐྲག།

སྡེ་ཆེན་པོ་མུ་རྒྱུད་གཅིག་རེད།།

རོགས་མི་ཐུག་ས་ཞིག་མ་རེད།།

 

༢༧མཛོ་མཛོ་མང་གྲས་ན་ཡོད་དུས།།

མཛོ་ཞེ་ན་འགྲོ་འདང་མེད་མོད།།

རྒྱ་ཁེ་བ་ལམ་ལ་ལངས་གི།

ཇ་ལེབ་ཆེན་སྒོ་ཁས་ཕོག་གི།

ཇ་ལེབ་ཆུང་ཐོག་འཇོག་བྱེད་གི།

འགྲོ་དགོས་ནོ་སེམས་ནས་ཤེས་གི།

སེམས་སྡུག་པ་ཁ་ལ་ཡུག་རེད།།

བྱ་ཁ་ལ་ཡུག་གི་སྡུག་རེད།།

 

ང་ཁ་འཁྱམ་བྱི་མོ་ཟེར་བ།།

རོགས་རོགས་མང་གྲས་ན་ཡོད་དུས།།

རོགས་ཞེ་ན་འགྲོ་འདང་མེད་མོད།།

གཏམ་མི་ཁས་ཚིག་བརྙས་གཏོང་གི།

ཡུལ་ཕ་མས་ཚིག་ལན་འདེབས་གི།

འགྲོ་བསམ་ནོ་སེམས་ནས་ཤེས་གི།

སེམས་སྡུག་པ་ཁ་ལ་ཡུག་རེད།།

བྱ་ཁ་ལ་ཡུག་གི་སྡུག་རེད།།

 

༢༨བྱེའུ་འཇོལ་མོ་ཁུ་བྱུག་གཉིས་ཀ།

ནགས་གཅིག་གི་འགོ་རྔ་ཡིན་དུས།།

ཐག་རིང་གི་འདོད་ནས་སྡུག་ཟིག།

དུས་དེ་དུས་དེ་འདྲ་ཅི་སྡུག།

གཅིག་ཐུག་ན་ཉིན་དང་ཞག་རེད།།

དུས་དེང་སང་ནངས་ཀའི་དུས་ལ།།

ཁྱོད་འཇོལ་མོ་རྒྱ་རྫོང་ནགས་རེད།།

ང་ཁུ་བྱུག་རྒྱ་གར་ཡུལ་རེད།།

གཅིག་ཐུག་ན་ལོ་དང་ཟླ་རེད།།

ཞེ་སྡུག་ན་བར་སྐབས་འདི་རེད།།

 

རོགས་ཁྱོད་དང་འོ་སྐོལ་གཉིས་ཀ།

སྡེ་གཅིག་གི་འགོ་རྔ་ཡིན་དུས།།

ཐག་རིང་གི་འདོད་ནས་སྡུག་ཟིག།

དུས་དེ་དུས་དེ་འདྲ་ཅི་སྡུག།

གཅིག་ཐུག་ན་ཉིན་དང་ཞག་རེད།།

དུས་དེང་སང་ནངས་ཀའི་དུས་ལ།།

ཁྱོད་བྱི་མོ་གནས་ཡུལ་ཁམས་རེད།།

ང་བྱི་ལི་རང་སྡེ་གྲོང་རེད།།

གཅིག་ཐུག་ན་ལོ་དང་ཟླ་རེད།།

ཞེ་སྡུག་ན་བར་སྐབས་འདི་རེད།།

 

༢༩མཛོ་སེར་ཁྲ་དམར་ཁྲ་གཉིས་ཀ།

ནོར་ཁྱུ་གཅིག་ན་ཡོད་དུས།།

མགོ་རྭ་རྩེ་བྱས་ན་སྐྱིད་གི།

སྣ་གདང་ཐོག་གཅིག་ནས་བསོ་གི།

ཁ་བཀར་ནས་འགྲོ་དུས་སྡུག་གི།

རྒྱ་ཁེ་བའི་ལས་དོན་མིན་ན།།

ཁ་བཀར་ནས་འགྲོ་དུས་ཅི་སྡུག།

 

རོགས་ཁ་མཐུན་ཞེ་མཐུན་གཉིས་

གྲོང་རྩེ་བའི་གྲས་ན་ཡོད་དུས།།

ཁ་ལ་གཞས་བླངས་ནས་སྐྱིད་གི།

མགོ་སྔས་ཐོག་གཅིག་ནས་བསོ་གི།

ཁ་བཀར་ནས་འགྲོ་དུས་སྡུག་གི།

རྒྱ་ནག་པོའི་ལས་དོན་མིན་ན།།

ཁ་བཀར་ནས་འགྲོ་དུས་ཅི་སྡུག།

 

༣༠དྲེའུ་སྨུག་ཆུང་གསེར་གྱི་གདོང་སྲབ་ཅན།།

རྒྱ་ཁེ་བས་བསྐྱལ་ནས་སྟོད་ལ་སོང་།།

སྟོད་སྤང་ལུང་ཁུགས་ནས་ཕྱི་ལ་བལྟས།།

དྲེའུ་སྨུག་ཆུང་མིག་མཐའ་ཆུ་ཡིས་བཀང་།།

རྟ་འདོ་བའི་སེམས་ཁ་སྨྲེང་གིས་བཀང་།།

འུ་གཉིས་ཀའི་སྨྲེང་པ་བཤད་ནས་ཅི།།

འགྲོ་དགོས་པ་སྔོན་གྱི་ལས་དབང་རེད།།

 

མ་བུ་མོ་སྙིང་ལ་རྗེ་བོ།།

དགྲ་ནག་པོས་ཁྲིད་ནས་སྡེ་མཐ་སོང་།།

ས་སྡེ་ཆེན་མཐའ་ནས་ཕྱིར་ལ་བལྟས།།

མ་ཁྱོད་ཚོའི་མིག་མཐའ་ཆུ་ཡིས་བཀང་།།

ཕོ་ངེད་ཚོའི་སེམས་ཁ་སྨྲེང་གིས་བཀང་།།

འུ་གཉིས་ཀ་སྨྲེང་ནོ་བཤད་ནས་ཅི།།

འགྲོ་དགོས་ནོ་སྔོན་གྱི་ལས་དབང་རེད།།

 

རྩོམ་ཁུངས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།