གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལ་གཞས་མཐུན་པ་དྲུག་སྐོར་ལས། མཐུན་པའི་སྐོར།༥

2009-05-19 16:48:00 བོད་མི་དམངས། ཀློག་གྲངས། མཆན ཡོད།


༦༡
སྟོད་ཨ་རིག་ལུག་བརྒྱའི་ཁྱུ་ནས།།

ངས་ཚེ་གཅིག་ལྷ་ལུག་བསལ་ཡོད།།

ཡར་རི་སྤྱང་སྔོན་མོ་ངན་རུང་།།

བོའུ་རྭ་རིང་ཕྲག་ནས་ལེན་དགོས་རུང་།།

ལུག་དེ་ཚོ་མི་སྐྱུར་ངོ་མ་ཡིན།།

 

ཡར་བྱང་ལམ་རྟ་བརྒྱའི་ཁྱུ་ནས།།

ངས་ཚེ་གཅིག་བློ་རྟ་བསལ་ཡོད།།

བྱང་ལམ་ཁའི་ཇག་པ་ངན་རབས་ཟེར།།

བྱང་ལམ་ཁའི་ཇག་པ་ངན་རུང་།།

མཆུ་དཀར་དཔོན་པོར་ཐུག་དགོས་རུང་།།

མདའ་ལི་མ་མཐེབ་ཀྱིས་གནོན་དགོས་རུང་།།

རྟ་དེ་ཚོ་མི་སྐྱུར་ངོ་མ་ཡིན།།

 

སྡེ་ཆེན་རོགས་བརྒྱའི་ཁྱུ་ནས།།

ཚེ་གཅིག་རྩེ་རོགས་བཙལ་ཡོད།།

ས་སྡེ་ཆེན་མི་ཁ་རྒོད་རབས་ཟེར།།

ས་སྡེ་ཆེན་མི་ཁ་རྒོད་རུང་།།

གྲི་ལེབ་མོ་སྐེད་ནས་ཕྱུང་དགོས་རུང་།།

ཁྲག་དམར་བོའི་རྐ་རེ་འཐེན་དགོས་རུང་།།

རོགས་དེ་ཚོ་མི་སྐྱུར་ངོ་མ་ཡིན།།

 

༦༢དགུང་འཛམ་གླིང་ཉི་མ་ངེད་གཉི་ག།

སོས་དལ་དུས་གླིང་ལ་འཆར་དགོས།།

སོས་དལ་དུས་གླིང་ལ་མ་ཤར་ན།།

ཡར་རྫ་རིའི་གངས་དཀར་ཇེ་མཐུག་རེད།།

གངས་བུམ་རིའི་ཐེམ་པ་ཇེ་དམའ་རེད།།

འབྲི་ཐུལ་མའི་ཞེ་རྩ་ཇེ་གཉོམ་རེད།།

 

སྨད་རྨ་ཆུ་དལ་མོ་ངེད་གཉི་ག།

སོས་དལ་དུས་འགྲམ་ལ་བཞུར་དགོས།།

སོས་དལ་དུས་འགྲམ་ལ་མ་བཞུར་ན།།

ཆུ་རྨ་ཆུའི་འགྲམ་དར་ཇེ་མཐུག་རེད།།

རྒྱ་ཆུ་བའི་གྲུ་མགོ་ཇེ་དམའ་རེད།།

ཉ་གསེར་མིག་ཉེ་རྩ་ཇེ་གཉོམ་རེད།།

 

ཚིག་བཤད་དགའ་ལོ་ངེད་གཉི་ག།

སོས་དལ་དུས་སྡེ་ནས་རྩེ་དགོས།།

སོས་དལ་དུས་སྡེ་ནས་མ་རྩེ་ན།།

གཏམ་ཆེན་མི་ཁ་ཇེ་རྒོད་རེད།།

ཚིག་ཡས་མས་ཁྲི་རྟིང་ཇེ་མཐོ་རེད།།

རོགས་མ་ལོའི་ཞེ་རྩ་ཇེ་གཉོམ་རེད།།

 

༦༣ངའི་ཙན་དན་ཕྲེང་བའི་ནང་ན།།

བྱུར་དཀར་བྱུར་དམར་གཉིས་ཡོད།།

གཡུ་དྲུག་དཀར་གཅིག་དང་གསུམ་ཡོད།།

གསུམ་ཡོད་པའི་བསམ་པ་ང་མེད།།

གཡུ་དྲུག་དཀར་ཡིན་ན་གཅིག་གིས་ཆོག།།

 

ངའི་གོས་ཆེན་གསེར་མའི་སྟེང་ན།།

འབྲུག་དང་བྱ་ཁྱུང་གཉིས་ཡོད།།

དངུལ་མཐེབ་ཁ་གཅིག་དང་གསུམ་ཡོད།།

གསུམ་ཡོད་པའི་བསམ་པ་ང་མེད།།

དངུལ་མཐེབ་ཁ་ཡིན་ན་གཅིག་གིས་ཆོག།

 

ཚིག་བཤད་དགའ་ལོ་ངེད་གཉི་གར།།

རོགས་ཁ་འགྲོག་ཞེ་འགྲོགས་གཉིས་ཡོད།།

རོགས་ཚེ་འགྲོགས་གཅིག་དང་གསུམ་ཡོད།།

གསུམ་ཡོད་པའི་བསམ་པ་མེད།།

རོགས་ཚེ་འགྲོག་ཡིན་ན་གཅིག་གིས་ཆོག།

 

༦༤མཐུན་པའི་མཐུན་ལུང་གོང་མ་ན།།

ཉི་ཟླ་ཆ་གཅིག་དགུང་ན་མཐུན།།

ཡང་མཐུན་སྐར་ཆེན་ཁྲ་མོ་རེད།།

 

མཐུན་པའི་མཐུན་ལུང་བར་མ་ན།།

མེ་ཏོག་སྣ་ཚོགས་སྤང་ན་མཐུན།།

ཡང་མཐུན་མཁན་པ་གསེར་ཏོག་རེད།།

 

མཐུན་པའི་མཐུན་ལོང་ཞོལ་མ་ན།།

ཞེ་མཐུན་མ་ལོ་རོགས་ལ་མཐུན།།

ཡང་མཐུན་ཚིག་གི་དོན་གཏམ་རེད།།

 

༦༥རྟ་རྒྱུག་གི་འགྲོ་ན་རྒྱུག་གི་འགྲོ།།

རྟ་རྒྱུག་གི་རྒོད་རྩེ་ཀླད་ལ་འགྲོ།།

ས་རྒོད་རྩེ་ལ་ཐུར་ངན་ས་རེད།།

ཁྱོད་ཀན་ནས་བུད་ན་བུད་ནི་ཡིན།།

 

རོགས་རྩེ་གི་འགྲོ་ན་རྩེ་གི་འགྲོ།།

རོགས་རྩེ་གི་སྡེ་ཆེན་དཀྱིལ་ལ་འགྲོ།།

ས་སྡེ་ཆེན་ཁ་ཞེང་ཆེ་ས་རེད།།

རོགས་དེ་ནས་འགྲོགས་ན་འགྲོགས་ནི་རེད།།

 

༦༦སྟོད་དབུས་གཙང་ཡུལ་གྱི་བྱམས་པ།།

ང་སྔོན་ཆད་མཇལ་ནི་མེད་མོད།།

མགོ་ཞྭ་མོའི་དབུ་རྩེ་རིག་ན།།

སྟོད་དབུས་གཙང་དག་པའི་ཞིང་ན།།

ལྷ་མངོན་མཁྱེན་ཅན་ཞིག་ཡོད་པ།།ཀ

ན་མིན་ན་གང་ཡིན་བསམ་གི།

ཞེ་བསམ་པས་དད་པ་སྐྱེ་གི།

 

ས་སྡེ་ཆེན་གྲོ་གི་ཆུང་ལོ།།

ང་སྔོན་ཆད་རྩེ་ནི་མེད་མོད།།

ཚིག་སྙན་མོའི་ལྷོད་ཤར་ཉན་ན།།

ས་སྡེ་ཆེན་རྩེད་རའི་གྲོང་ན།།

འདང་ཞེ་རྩེ་ཅན་ཞིག་ཡོད་པ།།

ཀན་མིན་ན་གང་ཡིན་བསམ་གི།

ཞེ་བསམ་པས་ཡིད་སྨོན་ཤོར་གི།

 

༦༧འབྲུག་ལྗང་ལོ་དགུང་སྔོན་གནམ་གྱི་རེད།།

སྤང་མེ་ཏོག་དོག་མོ་ས་ཡི་རེད།།

ཕྱོགས་གཉིས་ནས་ཡིན་པ་སྐྱོན་མེད་གི།

འབྲུག་དགུང་ནས་གྲགས་ན་ལོབ་ཏུ་འཇུག།

སྨུག་ལང་ལོང་འཐིབས་ནས་མཐུན་དུ་འཇུག།

 

སྟག་ཤ་ར་ཕྱི་སྡེ་ཡུལ་གྱི་རེད།།

མ་བུ་མོ་དགྲ་ནག་རྩིབ་ཀྱི་རེད།།

ཕྱོགས་གཉིས་ནས་ཡིན་པ་སྐྱོན་མེད་གི།

ཁ་ལ་གཞས་ལེན་ན་ལོབ་ཏུ་འཇུག།

ཚིག་དོན་ཅན་བཤད་ལ་མཐུན་དུ་འཇུག།

 

༦༨སྟོད་སྤང་དཀར་ཀླད་ཀྱི་མེ་ཏོག།

སེར་གྱི་ལེར་བཀད་ན་སྐྱིད་གི།

དབྱར་དྲུག་པའི་ཚ་བར་སྐྲག་གི།

འདང་བརྒྱབ་ན་དེ་འདྲ་ཅི་སྐྲག་རྒྱུ།།

དགུང་སྤྲིན་གྱིས་བཟུང་ན་ཆར་བ་རེད།།

 

ས་སྡེ་ཆེན་གྲོང་གི་རོགས་ལོ།།

ཁ་བགད་ནས་རྩེ་ན་དགའ་གི།

གླིང་མི་ཁ་འཁོར་ན་སྐྲག་གི།

འདང་བརྒྱབ་ན་དེ་འདྲ་ཅི་སྐྲག་རྒྱུ།།

འདི་རང་སེམས་མཐུན་པའི་རོགས་ལོ་རེད།།

 

༦༩ནངས་སྔ་མོ་ཉི་རྩེ་ཤར་དུས་ན།།

ངས་བལྟས་བལྟས་ཁྲ་ཡག་རྫ་ལ་བལྟས།།

རྫ་ཨེ་ཡག་ཨེ་བཤོར་བལྟས་ནི་མིན།།

ཤ་ཡུ་མོ་གར་འགྲོ་མིག་གིས་འཚོས།།

ཤ་གྲོ་ཁྲ་སྒོ་ཟོག་མི་ཉན་རུང་།།

རྭ་ཆ་བརྒྱད་ཡག་གི་འཁྲུལ་སྣང་རེད།།

 

དགོང་ཕྱི་དྲོའི་ས་རྩ་རུབ་དུས་ན།།

ངས་བལྟས་བལྟས་སྡེ་ཆེན་གྲོང་ལ་བལྟས།།

སྡེ་ཨེ་ཡག་ཨེ་བཤོར་བལྟས་ནི་མིན།།

རོགས་ཆུང་ལོ་གར་འགྲོ་མིག་གིས་འཚོས།།

ཁྱིམ་གཅིག་གི་བཟང་ཚང་མི་ཉན་རུང་།།

ཞེ་སྣང་བ་མཐུན་གི་འཁྲུལ་སྣང་རེད།།

 

༧༠ཡར་བལྟས་ན་མཚོ་ཞིག་ཞིག་རིག་ནི་བོ།།

མཚོ་མན་ཌལ་གཡུ་མཚོ་སྔོན་མོ་རེད།།

མཚོ་འགོ་པདྨ་གཡུ་ཡི་རྫོང་།།

ཀླུ་དུང་སྐྱོང་དཀར་བོའི་ཕ་ས་རེད།།

མཚོ་སྐེད་མེ་ཏོག་མདུད་པ་རེད།།

ཉ་གཤོག་དྲུག་འབུམ་གྱི་གདན་ས་རེད།།

མཚོ་རྔ་བླ་མའི་མཆོད་ཆུ་རེད།།

མཚོ་གནས་པ་ཅན་ཞིག་ཡིན་ས་ནས།།

བདུད་ཆུ་སྲིན་འཁོར་རུང་སྐྱོན་མེད་གི།

 

ཕར་བལྟས་ན་སྡེ་ཞིག་རིག་ནི་བོ།།

སྡེ་ཡག་པ་མཚོ་དྲུག་ལྷ་སྡེ་རེད།།

སྡེ་འགོ་ལོ་ལོན་རྒན་པས་བརྒྱན།།

གཏམ་ཁ་ལྕེ་ཅན་པོའི་ཕ་ས་རེད།།

སྡེ་སྐེད་སྟག་ཤར་གསར་བུས་བརྒྱན།།

དཔའ་སྙིང་སྟོབས་ཅན་གྱི་གདན་ས་རེད།།

སྡེ་རྔ་ན་ཆུང་བུ་མོ་རེད།།

རོགས་ཞེ་འདང་ཅན་ཞིག་ཡིན་ས་ནས།།

གླིང་མི་ཁ་འཁོར་རུང་སྐྱོན་མེད་གི།

 

༧༡དགུང་སྔོན་པོ་ཤེལ་དཀར་ཕྲེང་བ་རེད།།

འདིའི་ཕྲེང་དཔོན་འཛམ་གླིང་ཉི་མ་རེད།།

རྒྱན་ཆ་ཐོ་རངས་སྐར་ཆེན་རེད།།

ཁྲ་ཆེན་མིག་གི་དོ་ཟླ་རེད།།

 

སྡེ་ཆེན་པོ་བྱུར་དམར་ཕྲེང་བ་རེད།།

འདིའི་ཕྲེང་དཔོན་དྲིན་ཆེན་ཕ་མ་རེད།།

རྒྱན་ཆ་ན་ཟླའི་རོགས་ལོ་རེད།།

དམར་ཆུང་སྲོག་གི་སྐྱ་ཡ་རེད།།

 

༧༢ཡར་བལྟས་ཀྱི་རྐྱང་ལུང་ཉིན་ནས།།

རྐྱང་འདྲ་བའི་བློ་རྟའི་འཕྲོ་ནས།།

ཁྱོའི་བློ་རྟའི་ཁ་མ་ང་བྱེད།།

སྒ་ཡག་པ་ཡོད་ན་ང་སྟོད།།

སྲབ་ཡག་པ་ཡོད་ན་ང་ཞོག།

ཚེ་གང་གི་བློ་རྟ་ང་བྱེད།།

 

མར་བལྟས་ཀྱི་སྡེ་ཆེན་གྲོང་ནས།།

ལྷ་འདྲ་བའི་རོགས་ལོའི་འཕྲོ་ནས།།

ཁྱོའི་རོགས་ལོའི་ཁ་མ་ང་བྱེད།།

ཚིག་ནང་གཏམ་ཡོད་ན་ང་ཤོད།།

གོས་ཚ་རུ་ཡོད་ན་ང་སྐོན།།

ཚེ་གཅིག་གི་རོགས་ལོ་ང་བྱེད།།

 

༧༣ཡིད་ཆེས་པའི་གཡུ་ལོང་གོང་མ་ན།།

ཡིད་ཆེས་ས་མགོན་པོ་བྲག་རེད།།

བྲག་ཡིན་རུང་ལྟ་ཡག་བྱེད་དགོས།།

འབྲོང་ཆ་རྒྱུས་ཅན་ཞིག་མིན་ན།།

རྡོ་རྦ་མ་རྦབ་ཀྱི་དོ་ཁུགས་ནས།།

འབྲོང་རྦབ་རོར་བཏང་ན་དཀར་མོ་ཡིན།།

 

ཡིད་ཆེས་པའི་གཡུ་ལོང་ཞོལ་མ་ན།།

ཡིད་ཆེས་ས་ཆུང་འདྲིས་རོགས་ཡིན།།

རོགས་ཡིན་རུང་ཚིག་རྟིང་གནོན་དགོས།།

རོགས་ཆ་རྒྱུས་ཅན་ཞིག་མིན་ན།།

ཚིག་སྔ་བཤད་གཞུག་བཤད་བར་ནས།།

ཁྱོར་འཕྲེད་དུ་རྒྱག་ན་ཐང་གི།

 

༧༤ཁྱོས་གངས་ཆེན་གངས་རིར་ཆགས་ཞོག།

རྨ་ཆེན་གང་རིར་དཔེ་ལོངས།།

དཔེ་ལོངས་དང་གངས་རི་ཞུ་མེད་རེད།།

ཞུ་སོང་ན་དབྱར་ཞྭ་ཀླད་མེད་རེད།།

 

ཁྱོས་སྡེ་ཆེན་གྲོང་ལ་ཆགས་ཞོག།

དྲིན་ཆེན་ཕ་མར་དཔེ་ལོངས།།

དཔེ་ལོངས་ལ་ཕ་མ་འགལ་མེད་རེད།།

འགལ་སོང་ན་སྐྱེ་བ་གཞུག་མ་རེད།།

 

༧༥ཡར་བལྟས་ཀྱི་གངས་དཀར་ཀླད་ན།།

ངའི་བློ་གཏོད་གངས་རི་ཁྱོད་ཡིན།།

ཁྱོའི་དགྲ་ཡ་དགུང་གི་ཉི་མ་རེད།།

དགུང་ཉི་མར་ཤེས་སུ་མ་བཅུག་ན།།ན

ང་གངས་ཆུ་ཞོད་ལ་མ་བླུགས་ན།།

ངའི་བློ་གཏོང་གངས་རི་འཆུག་མེད་རེད།།

 

མར་བལྟས་ཀྱི་སྡེ་ཆེན་གྲོང་ན།།

ངའི་བློ་གཏོད་རོགས་ལོ་ཁྱོད་ཡིན།།

ཁྱོའི་དགྲ་ཡ་སྡེ་ཡི་མི་ཁ་རེད།།

སྡེ་མི་ཁ་འཁོར་རུང་མ་འགལ་ན།
ཡུལ་ཕ་མས་བཀག་ཀྱང་མ་ཁོགས་ན།།

ངའི་བློ་གཏོད་རོགས་ལོ་འཆུག་མེད་རེད།།

རྩོམ་ཁུངས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།