གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལ་གཞས་མཐུན་པ་དྲུག་སྐོར་ལས། འགྲོག་པའི་སྐོར།༦

2009-01-24 13:52:00 བོད་མི་དམངས། ཀློག་གྲངས། མཆན ཡོད།

༧༦སྟོད་དབུས་གཙང་ཆོས་ར་ནང་ནས།།

གསེར་སེར་བོས་བཞེངས་པའི་ཇོ་སྐུ།།

གསེར་སེར་བོས་བཞེངས་ནོ་ཡག་གི།

ཁྱེད་བཞུགས་ནོ་ཡ་མཚན་ཆེ་གི།

ཞྭ་འཕུད་ནས་ཕྱག་གསུམ་འཚལ་ན།།

ཚེ་ཕྱི་མའི་གཤིན་རྗེ་འཕྲང་ནས།།

ང་མ་བརྗེད་ཡིད་ལ་འཛིན་དགོས།།

 

ས་སྡེ་ཆེན་རྩེད་རའི་ནང་ནས།།

རོགས་ཆུང་ལོ་ཁ་ཚིག་རང་བྱོན་ཅན།།

ཚིག་དོན་ཅན་རྣ་ལ་སྙན་གི།

གཟུགས་སྐྱེས་ལུས་མིག་ལ་ཡག་གི།

ཁ་བགད་ལས་ཚིག་གསུམ་བཤད་ནས།།

ཞེ་བསམ་པས་འགྲོགས་རྔ་བསྐྱངས་ན།།

སང་ཕྱིན་ཆད་རྩེ་བའི་གྲས་ནས།།

ང་མ་བརྗེད་ཡིད་ལ་འཛིན་རོགས།།

 

༧༧སྟོད་གླིང་ཡུལ་མུན་པ་འཐིབ་དུས།།

ལྷ་ཡེ་ཤེས་ཤིག་ལ་བློ་གཏོད།།

བློ་གཏད་ནི་ཞིག་གིས་མི་ཆོག།།

ཁྱོས་ལྷ་ཆས་མཆོད་ཆས་བདག་བྱོས།།

བདག་བྱོས་དང་བདག་པོ་ཁྱོད་ཡིན།།

 

ས་སྡེ་ཆེན་རྩེད་ར་ཉུལ་དུས།།

རོགས་ཞེ་མཐུན་ཞིག་ལ་བློ་གཏོད།།

བློ་གཏད་ནི་ཞིག་གིས་མི་ཆོག།

ཁྱོས་ཁ་ཚིག་ཁ་བརྡ་བདག་བྱོས།།

བདག་བྱོས་དང་བདག་པོ་ཁྱོད་ཡིན།།

 

༧༨རྟ་མ་རྒྱུག་ཟེར་ན་རྒྱུགས་བཏང་ཟིག།

རྟ་རྒྱུག་གི་མིང་ཞིག་བླངས་བཏང་ཟིག།

ལ་རིང་མོ་འི་ལ་མགོར་ཕུད་ལ་བཏང་།།

ཐང་བདེ་མོ་རྡུལ་གྱིས་བཀང་ང་བཏང་།།

 

རོགས་མ་རྩེ་ཟེར་ན་རྩེ་བཏང་ཟིག།

རོགས་རྩེ་གི་མིང་ཞིག་བླངས་བཏང་ཟིག།

ཁ་ལ་གཞས་ཉི་དང་མཚན་ལ་ལེན།།

འགྲོགས་རྔ་མ་ཡུན་གྱིས་སྐྱོང་རྒྱུ་བྱེད།།

 

༧༩རྟ་རྒྱུག་གི་སྔོན་མ་ལམ་རེད།།

ལམ་དེད་ན་བ་ཡན་ཐང་རེད།།

རྡུལ་གཙུབ་རྒྱུ་དེ་མོ་དེ་རེད།།

 

རོགས་རྩེ་བའི་སྔོན་མ་ཚིག་རེད།།

ཚིག་ཤོད་དང་སེམས་ཀྱི་དཀྱིལ་རེད།།

འགྲོགས་འཛིན་རྒྱུ་དེ་མོ་དེ་རེད།།

 

༨༠དགུང་སྔོན་པོ་འཁོར་ར་འཁོབས་ཡངས་རེད།།

འབྲུག་ཕོ་ཆུང་འཁོར་བ་ལན་གཅིག་རེད།།

འབྲུག་ལན་གཅིག་འཁོར་ནས་ཐོན་བཏང་ན།།

ཆར་བསིལ་མས་བསུ་བ་མི་བྱེད་དམ།།

 

ས་སྡེ་ཆེན་འཁོར་ར་འཁོབས་ཡངས་རེད།།

རོགས་ཆུང་ལོ་འཁོར་བ་ལན་གཅིག་རེད།།

རོགས་ལན་གཅིག་འཁོར་ནས་ཐོན་བཏང་ན།།

ཁ་ལ་གཞས་བསུ་བ་མི་བྱེད་དམ།།

 

༨༡ཡར་བལྟས་ཀྱི་ཁྲ་ཡག་རྫ་ནས།།

ཁངས་མཐུག་རྒྱུ་མེད་ཅིང་སྲབ་རྒྱུའང་མེད།།

དགུང་ཉི་མ་བཙན་རུང་ཞུ་རྒྱུ་མེད།།

 

ས་སྡེ་ཆེན་དཀྱིལ་གྱི་རོགས་ལོ་ང་།།

རོགས་ཡག་རྒྱུ་མེད་ཅིང་བཙོག་རྒྱུའང་མེད།།

མཐུན་སོང་དུས་དགའ་ལོར་འགལ་རྒྱུ་མེད།།

 

༨༢ས་ཡར་བལྟས་གངས་དཀར་རྫ་ནས།།

རྐྱང་རྔོག་ཐོགས་གཉིས་ཀྱིས་རྔོག་རྩེ་བྱེད།།

རྐྱང་གན་ཚོར་འགྲན་ནི་མ་རེད་མོད།།

ཆགས་ཀན་ན་འཇོག་ག་འུ་ཚོ་རྒྱུག།

 

སྡེ་ཆེན་པོ་ཆགས་རིམ་གོང་མ་ནས།།

ནང་ན་ཟླས་སྲིད་པའི་ཆགས་རིམ་བཤད།།

རོགས་ཀན་ཚོར་འགྲན་ནི་མ་རེད་མོད།།

ཆགས་ཀན་ན་འཇོག་ག་འུ་ཚོ་རྩེ།།

 

༨༣དུང་རི་རི་ཡི་སྒང་ནས།།

དུང་རྟ་དཀར་བོ་རྩེ་གི།

རྟ་དཀར་བོ་ཀན་ཚོ་རྩེ་ན།

སྲབ་སིལ་མ་བླངས་ནས་ལོས་བསྐོན།།

 

སྡེ་ཆེན་པོ་ཆགས་རིམ་གོང་མ་ནས།།

རོགས་དགའ་ལོ་ལངས་ནས་རྩེ་གི།

རོགས་རྩེ་ནས་འཁོར་རེ་ཡོང་ན།།

ཁ་ལ་གཞས་བླངས་ནས་ལོས་རྩེ།།

 

༨༤རྫ་ཁྲ་ཡག་རྩྭ་ཐོག་སྨན་ཐོག་རེད།།

འབྲོང་བྲེ་ལོ་སོས་དལ་རྩྭ་གཟན་རེད།།

རྫ་ཁ་ལམ་ཉུལ་ནས་ཡུན་གྱིས་ཟ།།

 

སྡེ་ཆེན་པོ་ལྷ་སྡེ་དཀར་བོ་རེད།།

བུ་བུ་མོ་ལྷ་ཕྲུག་ཉིས་འགྲོ་རེད།།

སྡེ་ཁ་ལམ་ཉུལ་ནས་ཡུན་གྱིས་རྩེ།།

 

༨༥དགུང་སྔོན་པོ་འཁོར་ར་ལན་གཅིག་རེད།།

འབྲུག་ཕོ་ཆུང་འཁོར་ར་ཚེ་གཅིག་རེད།།

དགུང་འདི་ནས་རྩེ་ལ་ཆར་ཞིག་འབབ།།

 

སྡེ་ཆེན་པོ་འཁོར་ར་ལན་གཅིག་རེད།།

རོགས་ཆུང་ལོ་རྩེ་ལ་ཚེ་གཅིག་རེད།།

ཚེ་འདི་ནས་རྩེ་ལ་ཚེ་འགྲོགས་བྱེད།།

 

༨༦དགུང་སྔོན་པོ་ཕྱི་རིམ་ནང་རིམ་རེད།།

དགུང་ཕྱི་རིམ་ནང་རིམ་བར་ནས།།

འབྲུག་འུ་གཉིས་མི་རྩེ་སུ་ཞིག་རྩེ།།

 

སྡེ་ཆེན་པོ་ཕྱི་རིམ་ནང་རིམ་རེད།།

སྡེ་ཕྱི་རིམ་ནང་རིམ་བར་ནས།།

རོགས་འུ་གཉིས་མི་རྩེ་སུ་ཞིག་རྩེ།།

 

༨༧ང་གྱང་ཁའི་འཁོར་ལོ་མ་རེད་མོད།།

ངའི་འཁོར་ལམ་ཁྱོད་སར་དྲང་ཐལ།།

འཁོར་བཏང་ནི་མ་རེད་ཅི་རེད།།

 

ང་སྡེ་ཆེན་རྩེ་བ་མ་རེད་མོད།།

ངའི་རྩེ་ལམ་ཁྱོད་སར་འགྲིག་ཐལ།།

རྩེ་བཏང་ནི་མ་རེད་ཅི་རེད།།

 

༨༨ཟླ་གསུམ་པའི་སྦྲང་ཆར་བསིལ་མ་འདི།།

ང་མ་བབས་ས་ཞིག་མེད་ན་ཡང་།།

ས་བྲག་དཀར་ཕྱོགས་ལ་མ་བབས་ཟིག།

རླུང་བསེར་བུ་གཡུག་ཚུལ་འགྲིག་ན།།

ཆར་འབབ་རྒྱུ་རང་གི་ལག་རེད།།

 

ང་ཞང་བཟང་ཚ་མོ་ཟེར་བ་འདི།།

སྡེ་མ་རྩེ་རོགས་ཤིག་མེད་མོད།།

ང་རོགས་ལོ་ཁྱོད་ལ་མ་རྩེ་ཟིག།

ཚིག་སྙན་མོ་བཤད་ནས་མཐུན་ན།།

རོགས་རྩེ་ནས་འགྲོགས་རྔ་ལོས་སྐྱོང་།།

 

༨༩ང་ཨ་རིག་ར་ཁྲ་ཟེར་བ།།

རྟ་མ་རྒྱུག་ས་ཞིག་མེད་མོད།།

ས་རྒན་རྒྱའི་ཐང་ནས་མ་རྒྱུག།

དུས་ད་ཐེངས་རྒྱུག་སྐབས་འགྲིག་ཐལ།།

 

ང་ཁ་འཁྱམ་བྱི་ལི་ཟེར་བ།།

རོགས་མ་རྩེ་ས་ཞིག་མེད་མོད།།

དོ་དགོངས་རོགས་ལོར་མ་རྩེ་ཟིག།

དུས་དོ་དགོང་རྩེ་སྐབས་འགྲིག་ཐལ།།

 

༩༠ང་རྒྱ་གར་ཁུ་བྱུག་ཟེར་བ།།

གཤོག་བརྐྱངས་ནས་མ་འཕུར་ས་མེད།།

ནགས་རྒྱ་རྫོང་དཀྱིལ་ལ་མ་འཕུར།།

མགོ་གུག་གི་སིལ་ཏོག་ཡག་ན།།

བྱ་འབབ་བ་ནགས་ནས་འདུག་ག།

 

ང་ཞང་བཟང་ཚ་མོ་ཟེར་བ།།

རོགས་མ་རྩེ་ས་ཞིག་མེད་མོད།།

དོ་དགོང་རོགས་ལོར་མ་རྩེ་ཟིག།

རོགས་རྩེ་བའི་ལས་ཤིག་གྲུབ་ན།།

ཚིག་བཤད་དེ་སྡེ་ནས་རྩེ་རྒྱུ་བྱེད།།

 

༩༡ཁྱོའི་ཕྱོགས་ཀྱི་རི་མགོ་གྲུ་བཞི་རེད།།

ངའི་ཕྱོགས་ཀྱི་རི་བརྒྱུད་གླིང་བཞི་རེད།།

འདིའི་བར་ན་རི་རྒྱལ་ལྷུན་པོ་ཞིག།

རི་ལྷུན་པོ་བསྐོར་ནས་རྩེ་རུ་འགྲོ།།

 

ཁྱོའི་ཕྱོགས་ཀྱི་སྡེ་བ་སྡེ་མང་རེད།།

ངའི་ཕྱོགས་ཀྱི་སྡེ་བ་སྡེ་ཉུང་རེད།།

འདིའི་བར་ན་གྲོང་ཆུང་རྩེ་བ་ཞིག།

གྲོང་རྩེ་བ་བསྐོར་ནས་རྩེ་རུ་འགྲོ།།

 

༩༢སྟོད་སོག་པོའི་རྟ་ར་ནང་ནས།།

རྟ་གྲོ་རྒྱ་སྔོ་རྒྱ་བང་རྩེ་བྱེད།།

རྟ་གྲོ་རྒྱ་སྔོ་རྒྱ་བང་རྩེ་ན།།

རྒྱེའུ་རྒྱ་མོ་ཡིན་རུང་ལོས་རྩེ།།

 

སྡེ་ཆེན་པོའི་རྩེད་ར་ནང་ནས།།

ཁ་ཡ་ན་ཟླ་རོགས་རྩེ་བྱེད།།

ནང་ན་ཟླ་མང་བོ་རྩེ་ན།།

ང་ཞེ་མཐུན་རོགས་ལོ་ལོས་རྩེ།།

 

༩༣ཡར་བལྟས་ན་རྫ་ཞིག་རིག་ནོ།།

རྫ་ཨ་བྲག་ཤེལ་མིག་ཅོག་ཙེ་རེད།།

འབའ་ལག་གའི་ཕ་ས་ཕ་ཡུལ་རེད།།

ལུག་འཚེར་མོའི་བསྟན་པ་དར་ས་རེད།།

ལུག་འཚོ་རྒྱུ་ཟེར་ན་ཀན་ན་འགྲོ།།

 

མར་བལྟས་ན་སྡེ་ཞིག་རིག་ནོ།།

ས་སྡེ་ཆེན་རོགས་ལོ་རྩེ་ས་རེད།།

བུ་བུ་མོའི་ཕ་ས་ཕ་ཡུལ་རེད།།

ཁ་ལ་གཞས་བསྟན་པ་དར་ས་རེད།།

རོགས་རྩེ་རྒྱུ་ཟེར་ན་ཀན་ན་འགྲོ།།

 

༩༤ས་སྒོ་མེར་འགྲོ་ན་སྒོ་མེར་འགྲོ།།

ས་སྒོ་མེ་དགོན་ལུང་གོང་མར་འགྲོ།།

བན་སེར་མོ་གཉིས་ཀྱིས་སྒོམ་ཞིག་བརྒྱབ།།

ལོ་དོ་ཚིགས་དུས་ཀྱི་བན་ཆུང་ཁྱོད།།

སྒོམ་རྒྱག་རྒྱུ་ཟེར་ན་ཀན་ན་འགྲོ།།

 

ས་སྒོ་མེར་འགྲོ་ན་སྒོ་མེར་འགྲོ།།

ས་སྒོ་མེ་སྡེ་ལུང་ཞོལ་མར་འགྲོ།།

ས་སྡེ་ཆེན་རྩེ་བ་འཚོགས་ས་རེད།།

དུས་དེ་རིང་རྩེ་རོགས་དགའ་ལོ་ཁྱོད།།

རོགས་རྩེ་རྒྱུ་ཟེར་ན་ཀན་ན་འགྲོ།།

 

༩༥རྟ་རྒྱུག་གི་འགྲོ་ན་རྒྱུག་གི་འགྲོ།།

རྟ་རྒྱུག་གི་བལ་བོ་ཡུལ་ལ་འགྲོ།།

ས་བལ་བོ་ལ་ཐུར་ངན་ས་རེད།།

ས་དེ་ནས་རྒྱུག་ན་རྒྱུག་ནི་རེད།།

 

རོགས་རྩེ་གི་འགྲོ་ན་རྩེ་གི་འགྲོ།།

རོགས་རྩེ་གི་སྡེ་ཆེན་གྲོང་ལ་འགྲོ།།

སྡེ་ཆེན་པོ་མི་ཁ་ངན་ས་རེད།།

རོགས་དེ་ནས་མཐུན་ན་མཐུན་ནི་རེད།།

 

༩༦ས་བ་ཡན་ཐང་ན་རྟ་ཡན་ཞིག།

ང་འཁྱམ་པའི་ལག་ན་ཐག་ནག་ཅིག།

ཞོན་བཏང་ནི་མ་རེད་ཅི་རེད།།

 

ས་ཕྱི་སྡེ་གྲོང་ན་མོ་ཡན་ཞིག།

ང་་འཆམ་ཁ་ན་ཚིག་ཡན་ཞིག།

རྩེ་བཏང་ནི་མ་རེད་ཅི་རེད།།

 

༩༧རྟ་ཉོ་ན་ཨ་རིག་བློ་རྟ་ཉོས།།

ཤ་ལ་ཤེད་མོ་གྲུག་ན་ཡོད།།

རྒྱུག་ལ་གོམ་པ་ཞོར་ན་ཡོད།།

རྟ་ཞོན་ན་འདི་འདྲའི་རྟ་ལ་ཞོན།།

 

རོགས་རྩེ་ན་ཕ་བཟང་བྱི་ལིར་རྩེ།།

ཁ་ཡག་ཚིག་བཟང་ཁ་ན་ཡོད།།

ཤེས་རྒྱ་དྲན་གསུམ་ཁོག་ན་ཡོད།།

རོགས་རྩེ་ན་འདི་འདྲའི་རོགས་ལ་རྩེ།།

 

༩༨རྫ་ཁ་རི་བརྒྱུད་ལ་ད་ཐེངས་རེད།།

འབྲོང་བྲེ་སེར་ཐུག་པ་དེ་རིང་རེད།།

ཁྱོའི་ཕྲག་གི་ཁྲ་རིང་བོའུ་ལོ།།

གཅིག་འཕེན་པའི་སྟབས་ཀ་འགྲིག་ན།།

འབྲོང་གསོད་པའི་སྟབས་ཀ་འགྲིག་ཡོད།།

 

སྡེ་ཁ་རི་བརྒྱུད་ལ་ད་ཐེངས་རེད།།

རོགས་ཆུང་ལོ་ཐུག་པ་དེ་རིང་རེད།།

ཁྱོའི་ཁོག་གི་སྙན་མོ་ཚིག་གསུམ།།

ཚིག་བཤད་པའི་སྟབས་ཀ་འགྲིག་ན།།

རོགས་རྩེ་བའི་སྟབས་ཀ་འགྲིག་ཡོད།།

 

༩༩རྫ་ཁ་ཡག་ཆུ་འགོ་འགོ་མེད་རེད།།

འགོ་བཙལ་ནས་བསྡད་ན་འགོར་རྒྱུ་རེད།།

ལྷམ་འཕུད་ལ་འདི་ནས་བརྒལ་རྒྱུ་བྱེད།།

ཟླ་དྲུག་པའི་ཆུ་དམར་མི་ཐོན་མོ།།

གཅིག་ཐོན་རུང་འཁུར་ནི་མི་འགྲོ་མོ།།

འཁུར་སོང་ན་མི་ཚེ་ལས་མེད་རེད།།

བུད་དང་ན་བླ་མའི་བྱིན་རླབས་རེད།།

 

ས་སྡེ་ཆེན་སྡེ་བ་འགོ་མེད་རེད།།

འགོ་བཙལ་ནས་བསྡད་ན་འགོར་རྒྱུ་རེད།།

ཚིག་བཤད་ལ་འདི་ནས་རྩེ་རྒྱུ་བྱེད།།

གླིང་ཚོ་དྲུག་མི་ཁ་མི་འཁོར་མོ།།

གཅིག་འཁོར་རུང་འགལ་ནི་མི་འགྲོ་མོ།།

འགལ་སོང་རུང་རང་གི་སྔོན་ལས་རེད།།

མཐུན་སོང་ན་རང་གི་ཞེ་འདང་རེད།།

 

རྩོམ་ཁུངས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།