གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལ་གཞས་མཐུན་པ་དྲུག་སྐོར་ལས། སྐུ་མགྱོགས་ཞུ་བའི་སྐོར།

2008-12-04 13:49:00 བོད་མི་དམངས། ཀློག་གྲངས། མཆན ཡོད།

དགུང་ཨ་སྔོན་མར་བརྡུངས་ཕྱི་མའི་མཁར།།

འབྲུག་ཕོ་ཆུང་མར་ཁུ་ནང་མའི་དཔོན།།

སྐུ་མགྱོགས་པོ་ཆུང་འབྲུག་ལ་ཞུང་།།

 

ས་བྱང་ལམ་ར་བརྡུངས་ཕྱི་མའི་མཁར།།

རྟ་འདོ་བ་མར་ཁུ་ནང་མའི་དཔོན།།

སྐུ་མགྱོགས་ཁ་དཀར་རྐྱང་ལ་ཞུ།།

 

བོད་ཚོ་ཆེན་མར་བརྡུངས་ཕྱི་མའི་མཁར།།

རོགས་ན་ཟླ་མར་ཁུ་ནང་མའི་དཔོན།།

སྐུ་མགྱོགས་ཆུང་འདྲིས་རོགས་ལ་ཞུ།།

 

  དགུང་ཨ་སྔོན་དང་མའི་གཞི་འཛིན་རེད།།

འབྲུག་ཕོ་ཆུང་ད་སླེབས་མགྲོན་པོ་རེད།།

སྐུ་མགྱོགས་ཕོ་ཆུང་འབྲུག་ལ་ཞུ།།

 

ས་བྱང་ལམ་དང་མའི་གཞི་འཛིན་རེད།།

རྟ་འདོ་བ་ད་སླེབས་མགྲོན་པོ་རེད།།

སྐུ་མགྱོགས་ཁ་དཀར་རྐྱང་ལ་ཞུ།།

 

བོད་ཚོ་ཆེན་དང་མའི་གཞི་འཛིན་རེད།།

རོགས་ན་ཟླ་ད་སླེབས་མགྲོན་པོ་རེད།།

སྐུ་མགྱོགས་ན་ཟླའི་རོགས་ལ་ཞུ།།

 

དགུང་ཨ་སྔོན་ལྕགས་ཟྭ་གྲུ་བཞི་རེད།།

སྤྲིན་ནག་པོ་གསལ་རྐང་རང་གྲུ་རེད།།

འབྲུག་ཕོ་ཆུང་བློ་མཐུན་ལྡེ་མིག་རེད།།

སྐུ་མགྱོགས་ཕོ་ཆུང་འབྲུག་ལ་ཞུ།།

 

རྫ་ཁྲ་ཡག་ལྕགས་ཟྭ་གྲུ་བཞི་རེད།།

ནགས་ཙན་དན་གསལ་རྐང་རང་གྲུབ་རེད།།

བྱ་ཁུ་བྱུག་བློ་མཐུན་ལྡེ་མིག་རེད།།

སྐུ་མགྱོགས་ཁུ་བྱུག་སྔོན་མོར་ཞུ།།

 

བོད་ཚོ་ཆེན་ལྕགས་ཟྭ་གྲུ་བཞི་རེད།།

ངག་པི་ཝང་གསལ་རྐང་རང་གྲུབ་རེད།།

རོགས་མ་ལོ་བློ་མཐུན་ལྡེ་མིག་རེད།།

སྐུ་མགྱོགས་ཆུང་འདྲིས་རོགས་ལ་ཞུ།།

 

དགུང་ཕྱི་རིམ་སྤྲིན་ལ་ཐེམ་པ་སྟོང་།།

དགུང་ནང་རིམ་ཆར་ལ་མཛོད་སྒོ་སྟོང་།།

ཆར་མཛོད་སྒོ་འབྱེད་པའི་ལྡེ་མིག་ཚོས།།

སྐུ་མགྱོགས་ཕོ་ཆུང་འབྲུག་ལ་ཞུ།།

བྱང་ཕྱི་རིམ་ལམ་ལ་ཐེམ་པ་སྟོང་།།

བྱང་ནང་རིམ་འགྲོས་ལ་མཛོད་སྒོ་སྟོང་།།

འགྲོས་མཛོད་སྒོ་འབྱེད་པའི་ལྡེ་མིག་ཚོས།།

སྐུ་མགྱོགས་ཁ་དཀར་རྐྱང་ལ་ཞུ།།

 

ཚོ་ཕྱི་རིམ་ངག་ལ་ཐེམ་པ་སྟོང་།།

ཚོ་ནང་རིམ་ཚིག་ལ་མཛོད་སྒོ་སྟོང་།།

ཚིག་མཛོད་སྒོ་འབྱེད་པའི་ལྡེ་མིག་ཚོས།།

སྐུ་མགྱོགས་ཆུང་འདྲིས་རོགས་ལ་ཞུ།།

 

སྟོད་ཛོམས་པའི་དགའ་ལྡན་ཆོས་གླིང་ནས།།
གསུང་འཛོམས་པའི་དུང་དཀར་ཆ་གཉིས་མགྱོགས།།

 

བར་འཛོམས་པའི་བ་ཡན་ཐང་ཆེན་ནས།།

འགྲོས་འཛོམས་པའི་འདོ་བ་ཆ་གཉིས་མགྱོགས།།

 

སྨད་འཛོམས་པའི་ཚོ་དྲུག་སྒར་བ་ནས།།

ཚིག་འཛོམས་པའི་རོགས་ལོ་ཆ་གཉིས་མགྱོགས།།

 

རི་མགོ་ཡག་གི་རྫ་མགོ་ནས།།

བྱ་གཤོག་ཆེན་ཡག་གི་ཐང་དཀར་མགྱོགས།།

 

རི་སྐེད་ཡག་གི་རྫ་སྐེད་ནས།།

ཤིང་སྐྱེས་ཚུལ་ཡག་གི་སྦ་དཀར་མགྱོགས།།

 

རི་ཞོལ་ཡག་གི་རྫ་ཞོལ་ནས།།

ཚིག་བཤད་ཚུལ་ཡག་གི་རོགས་ལོ་མགྱོགས།།

 

གསེར་ཁྲི་ཁིས་ལ་ཡར་བུད་དང་།།

གསེར་ལུང་ཐང་ལ་ཡར་ལྟོས་དང་།།

དགུང་འཛམ་གླིང་ཉི་མ་ཁྲི་ལ་བཞུགས།།

སྐུ་མགྱོགས་འཛམ་གླིང་ཉི་མ་ཞུ།།

 

དུང་ཁྲི་ཁིས་ལ་ཕར་བུད་དང་།།

དུང་ལུང་ཐང་ལ་ཕར་ལྟོས་དང་།།

དུང་ཟླ་དཀར་བོ་ཁྲི་ལ་བཞུགས།།

སྐུ་མགྱོགས་དུང་ཟླ་དཀར་བོར་ཞུ།།

 

གཡུ་ཁྲི་ཁིས་ལ་མར་བུད་དང་།།

གཡུ་ལུང་ཐང་ལ་མར་ལྟོས་དང་།།

རོགས་ཆུང་ལོ་ཆ་གཉིས་ཁྲི་ལ་བཞུགས།།

སྐུ་མགྱོགས་ཆུང་འདྲིས་རོགས་ལ་ཞུ།།

 

གནམ་འཁོར་ལོ་རྩིབས་བརྒྱད་མར་ཞབས་ནས།།

ས་པདྨ་འདབ་བརྒྱད་ཡང་སྟེང་ནས།།

དགུང་ཉི་ཟླ་ཆ་གཅིག་ཁྲི་ལ་བཀོད།།

སྐུ་མགྱོགས་ཉི་ཟླ་ཆ་ལ་ཞུ།།

 

ས་བྱང་ལམ་བདེ་མོའི་མན་ཆད་ནས།།

ཡར་ལམ་ཆུང་ཕྲ་མོའི་ཡན་ཆད་ནས།།

རྟ་འདོ་བ་ཆ་གཅིག་ཁྲི་ལ་བཀོད།།

སྐུ་མགྱོགས་འདོ་བ་ཆ་ལ་ཞུ།།

 

ཡར་དྲིན་ཆེན་ཕ་མའི་མན་ཆད་ནས།།

མར་ལས་མཐུན་བཟའ་ཟླའི་ཡན་ཆད་ནས།།

རོགས་ཆུང་ལོ་ཆ་གཅིག་ཁྲི་ལ་བཀོད།།

སྐུ་མགྱོགས་རོགས་ལོ་ཆ་ལ་ཞུ།།

 

སྟོད་དབུས་གཙང་དམ་པའི་ཁྲི་ཁ་ནས།།

ཆོས་ཀུན་རིག་འདོན་པའི་བན་ཆུང་མགྱོགས།།

 

སྨད་རྒྱ་ནག་ཕྱུག་པོའི་ཁྱིམ་ཁ་ནས།།

ཚོང་གང་བཟང་ཁྱེར་བའི་ཁེ་བ་མགྱོགས།།

 

བོད་ཚོ་ཆེན་གླུ་ཡི་སྒོ་ཁ་ནས།།

ཚིག་གང་སྙན་བཤད་པའི་རོགས་ལོ་མགྱོགས།།

 

༡༠བྱ་སྣ་ཚོགས་རི་རྒྱལ་རྩེ་ལ་འདུས།།

སྒྲོ་སྣ་ཚོགས་བྱ་རྒྱལ་ཁྱུང་ལ་འཛོམས།།

སྐུ་མགྱོགས་བྱ་རྒྱལ་ཁྱུང་ལ་ཞུ།།

 

རྟ་སྣ་ཚོགས་བྱང་ལམ་ཐད་ལ་འདུས།།

འགྲོས་སྣ་ཚོགས་ཁ་དཀར་རྐྱང་ལ་འཛོམས།།

སྐུ་མགྱོགས་ཁ་དཀར་རྐྱང་ལ་ཞུ།།

 

རོགས་སྣ་ཚོགས་ཚོ་ཆེན་སྒར་ལ་འདུས།།

ཚིག་སྣ་ཚོགས་ན་ཟླའི་རོགས་ལ་འཛོམས།།

སྐུ་མགྱོགས་ན་ཟླའི་རོགས་ལ་ཞུ།།

 

༡༡རི་རྒྱལ་རྩེ་ལ་ཡོང་ནི་ཚོ།།

བྱ་རྒྱལ་ཁྱུང་ལ་འབྲེལ་ནི་ཚོ།།

ལྡེམ་ཤད་ལེའི་ཁྱུང་ལ་མགྱོགས་འདི་ཞུ།།

 

ཙན་དན་ནགས་ལ་ཡོང་ནི་ཚོ།།

ཐོང་དཀར་སྟག་ལ་འབྲེལ་ནི་ཚོ།།

འཛུམ་དྲུག་སྟག་ལ་མགྱོགས་འདྲི་ཞུ།།

 

ཕ་མའི་རྩིབ་ནས་ཡོང་ནི་ཚོ།།

དགའ་ལོ་རོགས་ལ་འབྲེལ་ནི་ཚོ།།

ཞེ་མཐུན་རོགས་ལ་མགྱོགས་འདྲི་ཞུ།།

 

༡༢ ཡར་ཕོ་ཆུང་འབྲུག་དང་ངེད་གཉིས་ཀ།

དགུང་ཨ་སྔོན་བརྒྱུད་ནས་གྲགས་ནི་རེད།།

སྐུ་མགྱོགས་ལན་གསུམ་ཚང་ནི་རེད།།

ཆར་བསིལ་མས་རང་སེམས་དལ་ལ་ཕབ།།
དལ་ལ་ཕབ་ན་དོན་དུ་འགྲོ།།

 

འདོ་བ་རྟ་དང་ངེད་གཉིས་ཀ།

ས་བྱང་ལམ་བརྒྱུད་ན་བརྒྱུགས་ནི་རེད།།

སྐུ་མགྱོགས་ལན་གསུམ་ཚང་ནི་རེད།།

མགྱོགས་གོམ་པས་རང་སེམས་དལ་ལ་ཕབ།།

དལ་ལ་ཕབ་ན་དོན་དུ་འགྲོ།།

 

དགའ་ལོ་རོགས་དང་ངེད་གཉིས་ཀ།

བོད་ཚོ་ཆེན་བརྒྱུད་ན་རྩེ་ནི་རེད།།

ཚིག་མགྱོགས་ལན་གསུམ་ཚང་ནི་རེད།།

ཚིག་དོན་པས་རང་སེམས་དལ་ལ་ཕབ།།

དལ་ལ་ཕབ་ན་དོན་དུ་འགྲོ།།

 

༡༢ དགུང་ཨ་སྔོན་གསེར་གྱི་ཡང་ཐོག་ཅན།།

གསེར་སེར་བོའི་ཡང་ཐོག་གོང་མ་ན།།

གསེར་སེར་བོའི་འཁོར་ལོ་རང་གྲུབ་སྣང་།།

དྲོད་ལམ་མེར་ཤར་བའི་ཉི་མ་མགྱོགས།།

 

སྟོད་སྤང་དཀར་དུང་གི་ཡང་ཐོག་ཅན།།

དུང་དཀར་བོའི་ཡང་ཐོག་བར་མ་ན།།

དུང་དཀར་བོའི་ཐིག་ལེ་རང་བབས་སྣང་།།

རྒྱུག་གོམ་ལག་ཅན་གྱི་འདོ་པ་མགྱོགས།།

 

ས་སྡེ་ཆེན་གཡུ་ཡི་ཡང་ཐོག་ཅན།།

གཡུ་སྔོན་མོའི་ཡང་ཐོག་ཞོལ་མ་ན།།

གཡུ་སྔོན་མོའི་རྒྱན་ཆ་རང་འགྲིག་སྣང་།།

ཞེ་སྣང་བ་མཐུན་པའི་མ་ལོ་མགྱོགས།།

 

༡༣ དགུང་ཨ་སྔོན་འཁོར་ལོ་རྩིབས་བརྒྱད་རེད།།

གཡུ་ཁ་དོག་འཁོར་ལོའི་དཔུང་རྒྱན་རེད།།

རི་གླིང་བཞི་བསྐོར་བའི་ཉི་མ་མགྱོགས།།

 

ས་བྱང་ལམ་དཀྱིལ་འཁོར་ཐིག་གདན་རེད།།

ལམ་བདེ་མོ་དར་དཀར་མདུད་པ་རེད།།

དར་དང་ལེན་བྱེད་པའི་འདོ་བ་མགྱོགས།།

 

ས་སྡེ་ཆེན་ལས་མཐུན་ལྡེ་མིག་རེད།།

རོགས་དགའ་ལོ་སྡེ་བའི་གསེར་ཟྭ་རེད།།

ཟྭ་སྒྲོག་ལམ་འབྱེད་པའི་མ་ལོ་མགྱོགས།།

 

རྩོམ་ཁུངས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།