གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཅན་ཚའི་ས་བསྟོད།

2015-01-13 14:55:30 རྩོམ་པ་པོ་མི་གསལ། ཀློག་གྲངས། མཆན ཡོད།


མཆོད་ༀ་ཨཱ་ཧཱུྃ། མཆོད་ༀ་ཨཱ་ཧཱུྃ། མཆོད་ༀ་ཨཱ་ཧཱུྃ།
བཀྲ་ཤིས་ཕུན་སུམ་ཚོགས་པའི་ཉིན་མོ་ལ། །
རྒྱུད་མངས་སྒྲ་ལས་དྲངས་འདྲའི་མཆོད་ཅིག་འཕེན། །
དང་པོ་བོད་ཡུལ་ཆོལ་ཁ་གསུམ་ནས་མཆོད། །
ལྷ་དང་ལྷ་མོའི་སྐུ་གསུང་ཐུགས་ལ་མཆོད། །
ཐུལ་དཀར་འབྲི་མོའི་འོ་མ་དཀར་པོས་མཆོད། །
གཅན་ཚའི་སྤང་གི་ཆབ་རྒྱུན་བསིལ་མས་མཆོད། །
གཉིས་པ་རྨ་རྒྱལ་སྦོམ་རའི་འདབས་ནས་མཆོད། །
གཙང་གསུམ་རྨ་འབྲི་རྫ་ཆུའི་ཆུ་མགོས་མཆོད། །
བགྲང་འདས་སྨན་མཆོག་མེ་ཏོག་ཕྲེང་གིས་མཆོད། །
དབྱངས་ཅན་མགྲིན་སྒྲ་རྫི་བོའི་གླུ་ཡིས་མཆོད། །
གསུམ་པ་མཐིང་སྦྲ་སྨུག་པོའི་དཀྱིལ་ནས་མཆོད། །
དཀར་གསུམ་མངར་གསུམ་ཟས་མཆོག་སྨན་གྱིས་མཆོད། །
ཤེས་བྱ་འབབ་ཆུའི་རྒྱུན་གྱི་ཆུ་ཐིགས་ཙམ། །
ཐོས་བརྩོན་མེ་ཏོག་ཀུ་ཤའི་རྩེ་མོས་མཆོད། །

ཡ་ད། མཆོད་མཆོད་མཆོད་ལ་སུམ་རྩེན་དགུང་སྔོན་མཆོད། །
ཆུ་མཐོང་ཀུན་གསལ་མཆོད་པའི་མཆོད་མཐའ་ནས། །
དང་པོར་ལྷ་ཆེན་ཚངས་པ་དཀར་པོ་མཆོད། །
གཉིས་པ་གཙུག་ན་ཡེ་ཤེས་མེ་ལོང་མཆོད། །
གསུམ་པ་ཚངས་སྲས་ཤེས་རབ་ལྷ་མོ་མཆོད། །
མཆོད་པས་རྣམ་གསུམ་མཆོད་པའི་མཆོད་མཐའ་ནས། །
སྒོ་གསུམ་གུས་པས་དཀོན་མཆོག་གསུམ་ལ་མཆོད། །

ཡ་ད། བ་ཚྭ་གོས་དཀར་ཐང་ལ་བསྟོད་པ་ཙམ། །
གཟི་ཡི་མུ་ཏིག་ཕྲེང་ལ་དྲངས་པ་ནི། །
ཕ་ས་གཅན་ཚའི་འབྲོག་ཐང་ཡངས་པོ་ནས། །
དཔྱོད་ཡངས་བླ་མས་ཆོས་ཀྱི་འཁོར་ལོ་བསྐོར། །
དབང་ཆེན་དཔོན་པོས་སྤྲིན་གྱི་ཁ་ལོ་བསྒྱུར། །
རྩལ་དྲུག་རྒྱས་པའི་དཔའ་བོས་འབྲུག་སྒྲ་ལྡིར། །
ས་སྟེང་འདི་ནས་ལྕེ་འབབ་མདུན་ཡང་བཀག །
ཆར་ལྡན་དུས་ལ་ཆུ་འཁྲེགས་དཔུང་བ་གཤགས། །
མཁྱེན་དཔྱོད་རྒྱ་མཚོའི་འཇིང་ལྟར་དཔག་དཀའ་བའི། །
དྲན་དབང་རྒྱལ་པས་ཉེ་གནས་མང་དུ་བསྐྱངས། །
མཚན་དང་སྙན་གྲགས་དལ་འཛིན་ཡུལ་ལ་ཁྱབ། །
ཡ་ད། སྐྱེ་ལྷ་ཨ་མྱེས་སྲས་ཆེན་ནོར་གྱི་སྲས། །
རྫ་རི་སྨུག་པོའི་དབུ་ཡི་ཏོག་ཏུ་བཞུགས། །
སྟོབས་དང་མངའ་ཐང་ནོར་རྩེན་མཐའ་དང་མཉམ། །
ནོར་ལྷ་གཏེར་བདག་སྐུ་ཡི་པང་ལ་ཁྲིད། །
འབུལ་རྒྱལ་ཕྱུག་བདག་དད་པའི་མདུན་སར་བཞུགས། །
དབང་པོའི་གཞུ་ཡི་ཕོ་བྲང་བརྟན་ཅིང་བརྗིད། །
ཕྱུག་བདག་འདི་བའི་སྐུ་དྲིན་མཐུ་སྟོབས་ཀྱིས། །
བ་ཚྭའི་གོས་དཀར་ཐང་གི་གདན་སྟེང་ནས། །
ཞལ་ཟས་མངར་མོའི་རི་རབ་བྲག་ལྟར་བརྩིགས། །
གཡོན་མ་བགྲོད་བྱེད་གཡུ་བྱུར་རྒྱན་གྱིས་མནན། །
སྐྱེ་རྒྱལ་བགྲོད་བྱེད་ནོར་གྱི་རྒྱལ་པོར་གྱུར། །
སྤྱིར་ན་ཁ་ལས་མེ་ལྕེ་འབར་འབར་བྱས། །

ཡ་ད། གོས་དཀར་ཕྱུག་མོའི་དགེ་ལྡན་དགོན་པ་ན། །
ཆོས་དཔེ་གསུང་རབ་ནོར་རྩེན་ལྟོས་དང་མཉམ། །
བླ་ཆེན་གཟིམ་ཤག་ཁ་ནས་ཁ་རུ་འཕགས། །
མཐོང་གྲོལ་མཆོད་རྟེན་སོགས་ཀྱིས་འཕགས་ཡུལ་བསྐྲུན། །
ལི་མ་གསེར་ཟངས་སྐུ་ཡི་གཟི་བྱིན་འཕྲོ། །
གཏེར་དང་ཆོས་ཀྱིས་སྲིད་པའི་མཐའ་ཡང་འགེམས། །
མཐོ་རིས་དྲུག་སྐོར་ཧུབ་ཀྱིས་འཐུང་ལ་ཉེ། །
བདེ་འགྲོའི་དོན་གཉེར་ཆོས་གྲོགས་ཕྱུར་དུ་གཏམ། །
ཆོས་གསུང་ཤམ་ཐབས་ངུར་སྨུག་སྐུ་ཡི་གྲོགས། །
ཞྭ་སེར་བསྟན་པའི་ཅོད་པན་གཙུག་ན་བརྗིད། །
མ་གྱུར་འགྲོ་ཕན་བྱིན་རླབས་མགོན་པོའི་དོད། །
འཁོར་བ་འདབ་རྒྱའི་ཚལ་དུ་བོང་བ་འགོད། །

ཡ་ད། མཛེས་སྡུག་ཡིད་འོང་ཆུ་ལུང་དཀར་མོ་ན། །
ཆུ་ཆབ་དྭངས་མོ་བདུད་རྩིད་འོད་ཟེར་འཕྲོ། །
རི་བོང་འཛིན་པ་རྒྱུ་སྐར་ཕྲེང་བ་ཅན། །
བཅུ་གཉིས་བདག་པོ་རྟ་བདག་དབང་གི་གཉེན། །
སྐར་ཚོགས་ཕྲེང་ལམ་རབ་མཛེས་མྱོས་པས་བཀུག །
རྐང་གཉིས་མི་ལ་དཔྱིད་ཀྱི་དཔལ་ཡོན་བསྐྲུན། །
དཀར་ནག་ཕྱུགས་ཟོག་གདུང་བའི་ཉམས་ང་ལྡོག །
མདོར་ན་སྐྱེ་འགྲོ་ངལ་བའི་དུག་རྩ་འཇོམས། །
ས་ཆེན་ལྷུན་པོ་སྲས་ཆེན་རྫ་འདབས་ན། །
གླིང་དཀར་སེང་ལྕམ་འབྲུག་མའི་ཕྱག་ཐབས་བྱོན། །
ས་བཅུད་གཏེར་ལ་དཀར་གསལ་གློག་ཞུན་བཀྲ། །
གཡོན་མ་ལས་ཀྱི་བྱིངས་ལ་ཉི་འོད་འཆར། །
གོད་འཇིགས་བགེགས་ཀྱི་དགྲ་ཁ་མཐའ་རུ་ལྡོག །
ཀླུ་བདུད་གཉན་གྱི་འཚེ་བ་མར་ངོར་འགྲིབ། །

ཡ་ད། ཁྲ་གཟི་རྟེན་འབྲེལ་སྟོབས་ཀྱིས་མ་རིག་སེལ། །
དགྲ་བོ་སེང་གེའི་ངར་རྩལ་གཉའ་ནས་མནོན། །
སྟག་ཤར་དཔའ་རྩལ་འཇིགས་མེད་རལ་གྲིས་འཛིན། །
ཕྱི་དགྲ་བཟློག་དུས་ཁྲབ་རྨོག་མནབས་པ་འཁྲུངས། །
ཅོང་ཞི་གཏེར་གྱི་ས་བཅུད་ཀུན་དགའི་དཔལ། །
ནད་བརྒྱ་གསོ་བའི་སྨན་མཆོག་ནོར་དུ་གཏམ། །
ནད་རིགས་ཞུ་བའི་ཕན་འབྲས་བླ་རུ་འཕགས། །
ནད་རིགས་བཞི་རྒྱ་རྩ་བཞིའི་གཉན་པོར་ལྡང་། །
ནད་མང་འཇོམས་པའི་ལོ་རྒྱུས་ཕྲེང་བར་སྤེལ། །
འཇམ་མགོན་དབང་པོའི་ཐུགས་ཀྱང་དགྱེས་པར་གྱུར། །
ཡ་ད། གསང་སྔགས་ཆོས་སྒར་ཕྱུག་པོ་ལུང་དུ་བཏབས། །
རིགས་དྲུག་འགྲོ་ལ་ཆོས་ཀྱི་འཁོར་ལོ་བསྐོར། །
བཀྲ་ཤིས་དཔྱིད་མགོའི་ཆོས་ཀྱི་དཔལ་ཡོན་དུ། །
གོས་དཀར་ཐང་ལ་ཆོས་ཀྱི་ཆར་བ་བབས། །
སྡེ་ལྔ་ཆོས་ཀྱི་དཔལ་ལ་རབ་འཇུག་པའི། །
འགྲོ་རྣམས་མ་ལུས་ཆོས་ལ་འགྲན་ཡར་མཉམ། །
དབང་ལུང་ཆོས་སྒྲས་གཅན་ཚ་བརྒྱན་པ་འདིས། །
མདོར་ན་བྱ་བྱེའུ་ཅོ་འདྲིར་སླེབས་ལ་ཉེ། །
དབང་ལུང་ཉེས་པས་སྡིགས་ལས་རྣམ་པར་གཤགས། །
མ་རིག་མུན་པའི་སྡིགས་ཉེས་ཕ་མཐར་སྤྲད། །
སྡེ་ཡག་མི་སེམས་ཉ་གང་ཟླ་ལ་འགྲན། །
ཆོས་གྲོགས་ཁུ་དབོན་བཅུ་ཕྲག་ཤེས་བྱར་བརྩོན། །
དགེ་བཅུའི་སྲོལ་བཟང་གྲོགས་ཀྱི་ཟླ་རུ་བཞད། །
འཆད་རྩོད་རྩོམ་པའི་ང་རོས་གངས་ཅན་བསྒུལ། །

ཡ་ད། བརྒྱ་བྱིན་གཞུ་ལས་གནང་འདྲའི་སློབ་གྲྭ་ན། །
ཤེས་རིག་གསེརག་གྱི་ནོར་བུའི་རྦ་རླབས་འཕྱུར། །
སློབ་གསོ་མུན་པ་སེལ་བའི་སྒྲོན་མེ་སྟེ། །
མཁྱེན་རྒྱ་ཅན་གྱི་སློབ་གཙོའི་ཐུགས་དགོང་ཡག །
དུང་སེམས་དཀར་པོའི་རྒན་གྱི་ཞབས་རྗེས་བརྗིད། །
བརྩོན་ལྡན་རི་དྭགས་མིག་ཅན་རིག་འཛིན་པའི། །
སློབ་འཇུག་བརྩོན་པ་ཆུ་རྒྱུན་ཟླ་ལ་འགྲན། །
གཅན་ཚ་མ་ཎི་ཐང་གི་དཀྱིལ་འཁོར་ན། །
རྣམ་མང་བཅུ་ཕྲག་རིག་པའི་དགའ་ཚལ་བརྗིད། །
གཡུ་གདན་སྤང་གིས་རིག་པ་འཛིན་ས་སྐྱོར། །
དགེ་སློབ་ཟུང་གི་མཛའ་བརྩེས་འོ་ཆུ་འདྲེས། །
རི་དྭགས་མིག་ཅན་སྐར་ཚོགས་ཆ་དང་མཐུན། །
ལྔ་རིག་གནས་ལ་བརྩོན་པའི་བདུད་རྩི་འཐུང་། །
དཔེ་ཆའི་སྐྱོར་ཀློག་རྒྱུད་མངས་སྒྲ་དང་མཉམ། །
མཐུན་སྒྲིལ་རྡོ་རྗེའི་མདུན་པ་དམ་དུ་སྦྲེལ། །
མི་རིགས་ཁྱད་ནོར་ཤེས་བྱའི་དུང་བ་ཟབ། །
གློག་ཞུན་ཕྲེང་བས་སྤུད་འདྲའི་སློབ་གྲྭ་འདི། །
དྲི་མེད་ཆུ་ཤེལ་ཁང་པའི་རྗེས་སུ་འགྲོ། །

ཡ་ད། བླ་ཆེན་རྣམ་པ་གཉིས་ཀྱི་ཐུགས་བཀོད་བཞིན། །
རྒན་པ་གྲྭ་བ་རྣམ་པའི་མཛུབ་སྟོན་འོག །
བསྐལ་བ་བཟང་གི་བཀྲ་ཤིས་ཉིན་མོ་ལ། །
མ་ཎིའི་དར་ལྕོག་གཞུང་གི་ཐང་དུ་འཐེན། །
བལྟས་ཡག་འཇའ་མཚོན་ཨ་སྔོན་དབྱིངས་ནས་འཆར། །
བསམ་པ་དག་ཚུལ་ལྷ་ཡིས་ལུང་དུ་བསྟན། །
སྡིགས་སྒྲུབ་ཉེས་པ་གཤགས་པའི་གྲི་ཆར་འཇོ། །
ལས་དང་བསྐལ་བ་ཡག་ཚུལ་དཔྱིད་དུ་བལྟམས། །
བདག་དང་གཞི་མགྲོན་གཉིས་ཀྱིས་མཐོང་ཚུལ་རེད། །
ཁ་ལས་རླུང་རྟ་དར་བའི་རྟེན་འབྲེལ་འགྲིག །
ཕྱུགས་ཀྱིས་བུང་བ་གཡོ་བའི་ཟློས་གར་གྱིས། །
ཕྱུགས་ཟོག་འཕེལ་ཁ་དར་བའི་རྟགས་མཚན་ཟིན། །
གཡང་མོ་ལུག་གིས་འབའ་སྒྲ་སྒྲོག་པ་ལས། །
བལ་ཁ་འཇམ་པའི་རྟེན་འབྲེལ་གནམ་ལོ་ཚེས། །
ཨ་རིག་མདོ་བ་རྟ་ཕོའི་འཕྲ་རྩེད་ཀྱིས། །
གོམ་ལག་མགྱོགས་པ་འོད་ཀྱི་སྔ་ལྟས་བསྟན། །
མཐོ་སྒང་གྲུ་གཟིངས་ནོར་གྱི་ར་རྩེད་ལས། །
ཐུལ་དཀར་འབྲི་མོའི་འོ་མ་རྒྱས་རྟགས་མངོན། །
ལུས་ཕྲ་སྨན་ཆུང་བུ་མོས་གླུ་གཞས་བླངས། །
གནས་འགྲོ་བུ་མོའི་གནས་ཚང་ཡག་ཚུལ་རེད། །
སྟག་ཤར་གཞོན་ནུའི་ལྷ་རྒྱལ་ཀི་བསྰོ་བཏབས། །
ཁྲོ་རྒྱལ་དཔའ་རྩལ་འཛོམས་པའི་འཛོམས་རྟགས་རེ། །
རྒན་པ་རྣམས་ཀྱིས་དད་པས་ཕྱག་མཆོད་ཕུལ། །
སྐུ་ཚེ་ཡུན་རིང་བརྟན་པའི་རྟེན་འབྲེལ་རེད། །
བ་ཚྭའི་གོས་ཐང་རབ་རྫོགས་དྲོད་ཀྱིས་བཟུང་། །
ས་བཅུད་འཛོམས་རྟགས་རྨད་བྱུང་ཉི་འོད་འཆར། །
སྣ་བརྒྱ་ཡིད་དགས་སྐྱེད་མོས་ཚལ་ཀྱང་བརྒྱན། །
ར་ཡིག་གཉིས་པའི་ཚོགས་ཀྱང་དགའ་བདེར་རོལ། །
རྩྭ་མཆོག་སྨན་གྱིས་སྐབས་གསུམ་གནས་ཀྱང་བསླུས། །
གོས་ཐང་དཔལ་གྱི་འདབ་མ་ཡོངས་སུ་བཞད། །

ཡ་ད། གདོང་དམར་བོད་ཀྱི་གཙུག་གི་ཉི་མ་སྟེ། །
པཎ་ཆེན་བཅུ་བ་ཆོས་ཀྱི་རྒྱལ་མཚན་མཆོག །
བ་ཚྭ་གོས་དཀར་ཐང་ལ་ཞབས་སོར་འཁོད། །
གྱི་ལིང་མདོ་རིག་རྟ་ཕོས་བཅིབས་བསུ་བྱས། །
དབང་ལུང་ཆོས་ཀྱི་འཁོར་ལོ་ཡུན་རིང་བསྐོར། །
འགྲོ་ཀུན་དད་སེམས་རྡོ་རྗེའི་མདུད་པ་འཆིང་། །
ནད་རིགས་བཞི་བརྒྱ་རྩ་བཞིའི་གོད་ཁ་བསྡམས། །
ནང་བ་བསྟན་པའི་ཆོས་ལ་དད་པས་འདུས། །
དད་ལྡན་མང་པོ་ཆོས་ཀྱི་ཞིང་ལ་འཁོར། །
ཆོས་ཀྱི་བྱིན་རླབས་འགྲོ་དང་འཛིན་མར་ཞུགས། །
ས་དགྲ་ཀླུ་དགྲའི་གནོད་ཀྱི་དགག་ལས་ཐར། །
བསིལ་བསེར་དབང་པོའི་འོད་ཀྱིས་དཔལ་ཡོན་བསྐྲུན། །

ཡ་ད། ཨུཏྤལ་དཀར་པོ་བཞད་འདྲའི་གོས་ཐང་གི། །
སྲིབ་ཀྱི་སེར་པོ་མར་ཁུའི་གཞོང་ནང་ན། །
གསེར་འདབ་རྒྱས་པའི་དཔྱིད་ཀྱི་ཕོ་ཉ་ཡིས། །
ངུར་བའི་སྒྲོ་གདུགས་ངོམས་ནས་བབས་དང་ལྷན། །
དབྱིག་གི་བློ་གྲོས་མཛེས་པའི་བརྒྱན་གྱིས་སྤུད། །
ཐུལ་དཀར་འབྲི་མོའི་བེའུ་ཁྲིད་ས་རེད། །
གནག་ཕྱུག་མཛོ་མའི་རྟོལ་ལུ་སྐྱིད་ས་རེད། །
འཇིག་རྟེན་སྒེག་མོའི་དཔལ་དུ་འགྲན་ཡར་ཆས། །
མཛད་མེད་བ་ཚྭས་གཡོག་པའི་བ་རྒན་ཡུལ། །
དཔལ་བུའི་རྒོད་མས་མདོ་རིག་རྟེའུ་ཆུང་ཁྲིད། །
གཡང་མོ་ལུག་གིས་ལུ་གུ་ཆུང་ཆུང་ཁྲིད། །
དཀར་ནག་ཕྱུགས་ཀྱི་འཛུམ་རྒྱ་ར་རྩེར་སྐྱོད། །
ཡ་ད། མདའ་རྫོང་གཅན་ཚའི་འབྲོག་གི་ཡུལ་ལྷ་དང་། །
བ་ཚྭ་གཡང་སྡེ་ཁྲ་ཁྲའི་བདག་པོ་སྟེ། །
སྐྱེས་ལྷ་གཟིགས་ཆེན་ཚང་ལ་ཕྱག་བྱས་ནས། །
བཀྲ་ཤིས་ཕུན་སུམ་ཚོགས་པའི་ཁ་གཡང་འབོད། །
ཡ་ད། ཆོལ་ཁ་གསུམ་གྱི་བོད་མི་བདེ་ཐང་དང་། །
ཕྱི་ནང་ཕུ་ནུ་འགྲིག་པོ་མཐུན་པོར་ཤོག །
སོ་དཀར་གཞོན་པ་འདབ་ལག་རྒྱས་པ་དང་། །
དབུ་དཀར་རྒན་པ་ནད་མེད་ཚེ་རིང་ཤོག །
ཡ་ད། སྒོ་གསུམ་གུས་པས་བླ་མར་བཀྲ་ཤིས་ཤོག །
ཆོལ་གསུམ་བོད་ཡུལ་བདེ་བའི་བཀྲ་ཤིས་ཤོག །
ཁ་བ་ཅན་ལ་བརྩེ་བས་བཀྲ་ཤིས་ཤོག །
བོད་ལ་བདེ་སྐྱིད་ལྡན་པའི་བཀྲ་ཤིས་ཤོག །
ལྷག་བསམ་དག་པོས་བོད་ཡུལ་བཀྲ་ཤིས་ཤོག །
བཀྲ་ཤིས་ཕུན་ཚོགས་ཡོངས་བའི་བཀྲ་ཤོས་ཤོག །
 
              ས་བསྟོད་འདི་རྒན་འབྲུག་བྷ་ལགས་ཀྱི་ངག་བཅོལ་ལྟར་སློབ་ཆེན་པ་གཡང་འབུམ་ཚེ་རིང་གིས་ཐེངས་གཉིས་པར་དག་བསྒྲིགས་བྱས་ནས་གུས་ཕུལ་བ་ཡིན།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།