གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁོ་ཞོ་འབྲས་སླེབས་བྱུང་།

2015-12-20 20:38:55 བོད་ཀྱི་ཡུལ་མི། ཀློག་གྲངས། མཆན ཡོད།

 
  དུས་སྔ་མོ་སྐུ་དྲག་ཅིག་གི་སྲས་མོ་ཞོ་འབྲས་ཟ་རྒྱུར་ཤིན་ཏུ་དགའ་བ་ཞིག་ཡོད། ཉིན་ཞིག་མི་ཞིག་གིས་སྐུ་དྲག་དེའི་གཡོག་པོར་ཉར་རོགས་གནང་ཞུས་ཤིང་དེས་སྐུ་ངོའི་སར་བདག་གི་མིང་ལ་སྐྲ་ལོ་འབོད་ཅེས་ཟེར། ལྕམ་གྱི་སར་བདག་གི་མིང་ལ་ནུ་མ་འབོད་ཟེར། སྲས་མོ་ལ་བདག་གི་མིང་ལ་ཞོ་འབྲས་འབོད་ཟེར། ཉིན་ཞིག་དགོང་ཚིགས་སྐབས་སུ་སྲས་མོ་དེ་ཞོ་འབྲས་མི་ཉུང་བ་ཟོས། ཡབ་ཡབ་གཉིས་ན་རེ་བུ་མོ་ད་ཚོད་བྱེད་དགོས། དོ་ནུབ་ཞོ་འབྲས་ཀྱིས་སྡོད་བཟོད་མི་བདེ་བ་བཟོས་ཡོང་ཞེས་ཟེར། དེའི་མཚན་མོ་ཉལ་སྐབས་གཡོག་པོ་དེས་རྟ་འདོགས་སར་གླང་རྒན་བཏགས། ཁྱི་འདོགས་སར་བེའུ་བཏགས། མེ་མདའ་འགེལ་སར་དབྱུག་པ་དཔྱང་། སྒྲོན་མེའི་ཁར་བཤང་ལྕི་བྱུགས། སྐས་མགོར་སྲན་མ་གཏོར་ནས་སྲས་མོའི་གཟིམ་ཆུང་དུ་བསྐྱོད། སྲས་མོ་དེ་སྐྲག་ཐག་ཆོད་ནས་པཱ་ལགས། ཨ་མ་ལགས་ཁོ་ཞོ་འབྲས་སླེབས་བྱུང་ཞེས་ཟེར། ཡབ་ཡུམ་གཉིས་ཀྱིས་ད་གིན་ཁྱོད་ལ་ཞོ་འབྲས་ཟ་རྒྱུ་ཚོད་བྱེད་དགོས་ཟེར་མ་བྱུང་ངམ། ད་གྲོད་པ་ན་རུང་སྡུག་གྱོང་རེད་ཅེས་བརྗོད། སྲས་མོས་མིན་ད་ཁོ་གཡོག་པོ་ཞོ་འབྲས་ཁོ་སླེབས་བྱུང་ཞེས་བརྗོད། ཡབ་ཡུབ་གཉིས་ཀྱིས་ཡ་མཚན་སྐྱེས་ནས་བལྟ་བར་འགྲོ་སྐབས་གསར་དུ་སླེབས་པའི་གཡོག་པོ་དེས་སྲས་མོའི་སྐུ་ལུས་བཙོག་པ་བཟོས་ཟིན་ཏེ་བྲོས་པ་མཐོང་། ཡབ་ཀྱིས་དེ་མུར་གཡོག་པོ་ཚོར་ཁྱེད་ཚོས་སྐྲ་ལོ་ཟུངས་དགོས་ཞེས་ཟེར། གཡོག་པོ་རྣམས་ཀྱིས་རང་གི་སྐྲ་ལོ་བཟུང་ནས་བསྡད། ལྕམ་གྱིས་གཡོག་མོ་ཚོ་ལ་ཁྱོད་ཚོས་ནུ་མ་ཟུངས་དགོས་ཞེས་ཟེར། གཡོག་མོ་རྣམས་ཀྱིས་རང་གི་ནུ་མ་བཟུང་ནས་བསྡད། ཡབ་ཡུམ་གཉིས་ཀྱིས་གཡོག་གླེན་པ་ཚོ། ཁྱོད་ཚོས་གསར་དུ་སླེབས་པའི་གཡོག་པོ་ཁོ་ཟུངས་ཤིག་ཅེས་བརྗོད། ཡུམ་གྱིས་སྒྲོན་མེ་སྤར་དུ་འགྲོ་སྐབས་ལག་ཏུ་བཤང་ལྕི་འགོས། བཤང་ལྕིའི་དྲི་ངན་མ་བཟོད་པར་ལག་པ་དཀྲུགས་པས་ན་གྱང་ལ་བརྡབས། ལག་པར་ན་ཟུག་བཏང་སྟབས་བཤང་ལྕི་འགོས་པའི་ལག་པ་དེ་ཁ་ནང་དུ་བཅུག ཡབ་ཀྱིས་རྗེས་འདེད་གཏོང་བར་འགྲོ་དུས་སྐར་ཁར་སྲན་མ་གཏོར་ཡོད་སྟབས་ཡབ་རྐང་དྲེད་ཤོར། གཡོག་པོ་རྣམས་ཀྱིས་མེ་མདའ་བླངས་ནས་རྟ་རེ་བཞོན་རེ་རྗེས་འདེད་བྱེད་སྐབས་གླང་རྒན་རེའི་སྟེང་དུ་གཡོག་པོ་རྣམས་དབྱུག་པ་རེ་ཐོགས་ནས་ལྕག་གིས་སྐུལ་བཞིན་འདུག གཡོག་མོས་ཁྱི་གློད་ནས་ཨ་སོག་ཕྱོ་ཕྱོ་ཟེར་དུས་དེ་ནི་བེའུ་འོ།། ཞོ་འབྲས་ནི་བདེ་བླག་ངང་བྲོས་སོ།།

སྒྲུང་མཁན། ཡེ་ཤེས་བསྟན་འཛིན།
སྡུད་མཁན། ཀུན་བཟང་རྒྱལ་མཚན།
སྡུད་དུས། ༡༩༣༨ལོ།


 

རྩོམ་ཁུངས། 《ལྷ་སའི་དམངས་ཁྲོད་སྒྲུང་གཏམ》

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།