༈དབྱངས་གསལ་སོ་བཞིའི་མཛེས་སྡུག གཟིམ་པ་མེད་པའི་མཆོད་མེ།
ཁྱེད་ཀྱི་གནས་ཡུལ། >>ལྷུག་རྩོམ། >> མིང་མེད།
མིང་མེད།
བདེ་སྐྱིད་སྒྲོལ་མ།

སྨག་རིམ་གྱི་སྲིད་ཞེང་ཇི་འདྲ་མཐུག་ན་ཡང་།  སྔས་འབོག་ཏུ་བཅུག་པའི་རྨི་ལམ་ལ་དུས་རྒྱུན་འོད་མདངས་ལམ་ལམ་དུ་འཚེར་བར།ནམ་མཁའི་སྐར་མའི་མཐོང་སྣང་དུ་ང་ཡང་གཟི་མདངས་བཀྲ་བའི་འོད་གོར་ཞིག་ཡིན་པས།ཁོར་ཡུག་ལ་ནམ་ཡང་མ་རིག་པའི་མུན་པ་འཐིབ་མ་མྱོང་།

མདོ་དབུས་ཀྱི་མཐོ་སྒང་ཇི་འདྲ་འཁྱག་ན་ཡང་།  ལུག་ལྤགས་ཀྱི་ལྭ་བས་གཅུད་པའི་ཚེ་སྲོག་ལ་བློ་སྤོབས་ཀྱི་གསོན་ཤུགས་འབར་བཞིན་ཡོད་པར། དགུང་སྔོན་ཉི་མའི་བཞུད་ལམ་དུ་ང་ཡང་དྲོད་ཁོལ་འཁྱིལ་བའི་གཟུགས་རིས་ཤིག་ཡིན་ཕྱིན།ཟུངས་ཁྲག་ལ་ནམ་ཡང་སྲ་འཁྲེགས་ཀྱི་ཆབ་རོམ་ཆགས་མ་མྱོང་།

འཇིག་རྟེན་གྱི་འཚོ་བ་ཇི་འདྲ་མི་རྟག་ན་ཡང་། བུ་ཕྲུག་གི་འདུ་འགོད་གཡས་གཡོན་ན་མཆེད་པའི་འཁོར་བའི་ཁྱིམ་གཞིས་སུ་བརྩེ་དུངས་ཀྱི་ལོངས་སྤྱོད་གྱ་ནོམ་པར། བྱ་བཏང་རབ་བྱུང་པའི་གཟིགས་ལམ་དུ། ང་ལ་ཡང་དོན་སྙིང་ལྡན་པའི་མི་ཚེའི་གནས་ལུགས་ཤིག་ཡོད་པས། རང་སེམས་ལ་ནམ་ཡང་སྡུག་བསྔལ་གྱི་ངེས་འབྱུང་སྐྱེས་མ་མྱོང་།

ཕོ་མོ་ཡི་འདྲ་མཉམ་ཇི་འདྲ་དཀའ་ན་ཡང་།  ཟླ་དགུ་སྦྲུམ་མའི་ཁུར་ཤུགས་རླབས་ཆེན་གྱི་འགྲན་ཟླ་བྲལ་བར།  ཕུལ་བྱུང་སྟག་ཤར་ཚོའི་སེམས་ཁོང་དུ། ང་ཡང་བུ་དུངས་ཀྱིས་ཀུན་ནས་ཕྱུག་པའི་མ་ཡུམ་ཞིག་ཡིན་ཕྱིན།  ལས་དབང་ལ་ནམ་ཡང་ཁོ་ཐག་ཆད་མ་མྱོང་།

 

[ཡོང་ཁུངས། <<ཆར་ཟམ་ཟིམ། སྨུག་ལང་ལོང་།>>] [ཟླ་ཚེས། 09-12-01] [ཀློག་གྲངས། ]
དཔྱད་བརྗོད།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2008 Tibetcm.coM All rights reserved. Powered by: Tibetitw.coM
E-mail:tibetcm@126.com    QQ:492779202 QQ:32460212