༈དབྱངས་གསལ་སོ་བཞིའི་མཛེས་སྡུག གཟིམ་པ་མེད་པའི་མཆོད་མེ།
ཁྱེད་ཀྱི་གནས་ཡུལ། >>གྲོལ་རྩོམ། >> འཇིག་རྟེན་འདིའི་མགྲོན་པོ་ཚོ།
འཇིག་རྟེན་འདིའི་མགྲོན་པོ་ཚོ།
དཔལ་མོ།

བྲེལ་བྲེལ་ངང་བཞུད་པའི་མགྲོན་པོ་ཚོ

བསམ་བློ་དང་དྲན་ཤེས་ཡོད་ཚད

འཕྲུལ་འཁོར་འདིའི་རྩེ་ཁ་ནས་གཏུབས་ཏེ

ཡང་བསྐྱར་ཆ་མཚུངས་པའི་ལྷུ་ལག་མང་པོར་སྙོམ

 

ཤ་བོ་རྭ་བརྒྱད་ལྟ་བུའི་མགྲོན་པོ་ཚོ

གཟུགས་མེད་ཀྱི་ལྕགས་རའི་ནང་དུ

བྲེལ་བྲེལ་ངང་ཞག་སྡོད་ཐེངས་གཅིག་གནང་དུས

ཆོམ་རྐུན་གྱི་ལག་པ་མུན་ནག་ལ་ཡིབ་འདུག

 

མཚན་མོ་རེ་རེ་ཡིས་མགྲོན་པོ་ཚོའི་རུས་རྐང་བལྡད་ཅིང

འཕྲུལ་འཁོར་ཆེན་པོས་མགྲོན་པོ་ཚོའི་རང་དབང་འཇིབ་ཞོར

མགྲོན་པོ་ཚོས་སེམས་པ་དུར་ཁྲོད་ཀྱི་ཕྱོགས་སུ་བསྣུར

 

ཆོམ་རྐུན་གྱི་ལག་མཐིལ་དང་འཕྲུལ་འཁོར་གྱི་རྩེ་ཁ་རུ

ཚད་ཐིག་མི་ལོངས་པའི་བསམ་བློ་མང་པོ་དཔར་ནས

སུ་ཞིག་ལ་ངོ་སོ་བྱེད་ཆེད་ཨོག་མར་བརྫངས

 

མགྲོན་པོ་ཚོ་དྲང་ལྡོག་བྲལ་བའི་འཐབ་ར་འདི་ན

འཕྲུལ་འཁོར་དང་མུན་ནག་གི་རླངས་པས་བཙས་ཏེ

མཁའ་དབུགས་ཀྱང་སྦྲིད་ལ་ཉེ་དུས

མགྲོན་པོ་ཚོའི་ནང་སྙིང་དང་རུས་རྐང་ལྷུ་ལག་ཏུ་གྱུར

 

[ཡོང་ཁུངས། ༢༠༠༥ལོའི་གངས་རྒྱན་མེ་ཏོག] [ཟླ་ཚེས། 10-03-12] [ཀློག་གྲངས། ]
དཔྱད་བརྗོད།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2008 Tibetcm.coM All rights reserved. Powered by: Tibetitw.coM
E-mail:tibetcm@126.com    QQ:492779202 QQ:32460212