༈དབྱངས་གསལ་སོ་བཞིའི་མཛེས་སྡུག གཟིམ་པ་མེད་པའི་མཆོད་མེ།
ཁྱེད་ཀྱི་གནས་ཡུལ། >>གྲོལ་རྩོམ། >> འགྲུལ་བཞུད།
འགྲུལ་བཞུད།
ཀླུ་ཚང་སྨྱུག་རྩེན།

གྲུ་གཟིངས་ཆེན་པོ་འདིས

ང་རང་བིས་ཏའོ་ལིས་ཡ་མཚོ་ཁུགས་སུ་ཁྲིད་ནས

མཚན་མོའི་གློག་ཞུན་ཁྲོད་ཀྱི

ཁོ་མོའི་མཛེས་སྡུག་ལ་ཉམས་སད་བྱེད་དུ་བཅུག

 

གྲུ་གཟིངས་ཆེན་པོ་འདིས

ང་རང་ཁང་བརྩེགས་མང་པོའི་འཚང་ཁའི་ཁྲོད་ཁྲིད་ནས

དེ་གའི་ཚ་གདུག་དང་ངལ་དུབ་བཏུང་བའི

ཁོ་མོའི་གསང་བའི་སྒོ་མོ་ཕྱེ་རུ་བཅུག

 

གྲུ་གཟིངས་ཆེན་པོ་འདིས

ང་རང་ཚོང་ར་མང་པོར་ཁྲིད་ནས

གསེར་དཀར་གྱི་མགུལ་རྒྱན་ཉོས་ཟེར

དངུལ་དཀར་གྱི་རྣ་ལོང་ཉོས་ཟེར

མུ་ཏིག་གི་ལག་གདུབ་ཉོས་ཟེར

 

གྲུ་གཟིངས་ཆེན་པོ་འདིས

ཕར་འགྲོ་ཚུར་འོང་གི་རླངས་འཁོར་མང་པོར

རང་རང་གི་མགྱོགས་ཚད་འགྲན་དུ་བཅུག་སྟེ

ངའི་སྔུན་ནས་སུ་ཞིག་གི་ར་མདའ་སྦྲན་སོང

 

གྲུ་གཟིངས་ཆེན་པོ་འདིས

ལམ་བར་དུ་གླུ་གཞས་མང་པོ་བླངས་ཤིང

ཕྱུག་པོ་རྣམས་ཀྱི་མ་རྩ་དང

སྒེག་མོ་རྣམས་ཀྱི་ལང་ཚོ་གླེང་ནས

ང་ལ་བརྙས་བཅོས་ཚད་མེད་བཏང་སོང

 

བིས་ཏའོ་ལིས་ཡ་མཚོ་ཁུགས་དང་བྲལ་རྗེས

ངས་རང་ཉིད་ཁེར་རྐྱང་གི་འབྱོར་མེད་པ་ཞིག་ཡིན་པ་རྟོགས་ལ

དེ་གའི་མཛེས་སྡུག་གི་རྨི་ལམ་དག་ཀྱང

འཆར་ཡན་གྱི་སྙན་ངག་ཅིག་ཏུ་གཞི་ནས་ཚོར་བྱུང

 

[ཡོང་ཁུངས། ༢༠༠༧ལོའི་གངས་རྒྱན་མེ་ཏོག] [ཟླ་ཚེས། 10-03-08] [ཀློག་གྲངས། ]
དཔྱད་བརྗོད།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2008 Tibetcm.coM All rights reserved. Powered by: Tibetitw.coM
E-mail:tibetcm@126.com    QQ:492779202 QQ:32460212