༈དབྱངས་གསལ་སོ་བཞིའི་མཛེས་སྡུག གཟིམ་པ་མེད་པའི་མཆོད་མེ།
ཁྱེད་ཀྱི་གནས་ཡུལ། >>དྲ་རྩོམ། >> ཟླ་བདུན་པ།
ཟླ་བདུན་པ།
གཅན་མེ་སྟག


ཟླ་བདུན་པ

བར་སྣང་ནས་ལྷུང་འོངས་པའི      གཏུབ་གྲི་ཞིག་དང་འདྲ་བར

དོན་སྙིང་མེད་པའི་ཉིན་གུང་གི་དུས་ཚོད་ལྷག་མ་དག

དུམ་བུ་གཉིས་སུ་གཏུབ

དུམ་བུར་བཅད་པའི་སིལ་ཏོག་ཚ་ལུ་མ་ཞིག་གི་ཁུ་བ

ཉིན་གུང་གི་སྒྲོག་ཙེའི་ངོས་སུ་འཐོར་བ་བཞིན

སེར་མདོག་གི་ཉི་འོད་དྭངས་མོ་ངའི་སྒོ་ཁྱམས་སུ་སིལ་བུར་འཐོར་ཞིང

ངང་གིས་འཁྱིལ་བྱུང

 

དེའི་དབང་གིས      ཁང་མིག་ཆུང་ངུ་འདི་ནི་སྒོ་ངའི་སྦུབས་སུ་སྦྲུམ་པའི

ཚེ་སྲོག་གི་ནང་སྙིང་སེར་བོ་དེ་དང་འདྲ་བར

འགུལ་ཙམ་འགུལ་ཙམ་གྱི་དུས་ཚོད་ཀྱི་མིག་འབྲས་ཟུང་གཅིག་གིས

ད་དུང་ཡང་ཟུམ་པ་མེད་པར་སུ་ཞིག་གི་ཤ་དྲོད་ལ་སྒུགས་འདུག

 

ཟླ་བདུན་པ་ནི

གསེར་རྩི་བསྒོས་པའི་མཛུབ་དཀྲིས་ཆུང་ངུ་ཞིག་ནས་མགོ་བརྩམས་ཏེ

གཟིམ་ཁྲིའི་སྒང་གི་འཁུན་སྒྲ་དང་རྔུལ་ཆུས་འཚོས་པའི་སྔས་འགྲམ་ནས

རྟོག་འཆར་བཞིན་བཀྲམས་ཆོག་པའི་ཉིན་གུང་གི་སྐར་ཚོགས་ཀློང་དུ་མཆེད

བུ་མོ་དེ            སྔར་ནས་སྨིན་ཟིན་པའི་ཁམ་བུ་དམར་པོ་དེ

ངའི་ཡུལ་གྱར་བ་རྨི་ལམ་གྱི་བྱེ་ཐང་སྒྲོལ་བའི་བཏུང་ཆུ་མངར་མོ་དེ

 

ཨོ            ཁྱེད་ཀྱི་སྐྲ་སྣེ་ནས་ཤུད་ཅིང་འོ་འཛིན་གྱི་བར་ན་གཉིད་པའི

ཟླ་བདུན་པ

དེ་རིང་གི་མིག་ཆུའི་ཀློང་ན་འདར་བའི་རི་དྭགས་རྨས་མ

ཁེར་རྐྱང་གི་ནགས་ཚལ་ལས་བུད་དེ་རྫ་སྒང་གི་རྐང་ལམ་འགྲིམས་མཁན

སྒེའུ་ཁུང་གི་གླེགས་བུའི་བར་ན་འཁྱམས་པའི་འབུ་སྦྲང་ཕོ་མོ

ཉིན་གུང་གི་མཁའ་མཐར་དཔྱངས་པའི་ཟླ་བ་ཕྱེད་པ

 

ཁྱེད་ཀྱི་སེམས་འགྱུའི་ཟེགས་མ་སྔར་ལྟར་འཕྱོ་སྲིད་དམ

ངར་ལྕགས་ལས་གྲུབ་པའི་གྲུ་གཟིངས་ཆེན་པོའི་ནང་རིམ་དུ

ཁྱེད་ཀྱི་མཆུ་སྒྲོས་དྲོན་མོ་སྔར་ལྟར་སྦྱོར་སྲིད་དམ

ཡུན་རིང་གི་སྐོམ་གདུང་འཁུར་བའི་བརྩེ་དུང་འདིའི་བྲང་ཁར

 

ཟླ་བདུན་པ              གཏམ་རྒྱུད་ཅིག་གི་འགྲམ་ངོགས་ནས་སླེབས་བྱུང

སོ་སྒྲ་དང་སིད་སྒྲ་ལྷན་དུ་སྒྲོགས་པའི་གཙང་ངོགས་སུ་སླེབས་བྱུང

ཝུ་བ་དང་ཐིགས་པ་མཉམ་དུ་འབྱིན་པའི་གཟིངས་གྲུ་ལས་བབས་བྱུང

མཆོད་ཁང་དཀར་པོ      ཆང་ཁང་དམར་པོ       ཟླུམ་ཞིང་མཁྲེགས་པའི་བརླ

སྐར་འོད་བཞིན་འཚེར་བའི་མིག་གི་མདའ་མོ

ཆ་མི་མཉམ་པའི་ཤ་མདོག་དང        ཆ་མི་མཉམ་པའི་མཛུབ་མོ

ཁྱེད་ཀྱི་དྲན་ཤེས་ཀློང་དུ་སིམ་པའི་རྩི་རྐང་ཅིག་གི་རྩ་བ

 

ཟླ་བདུན་པ་ནི་སྙན་ངག་ཅིག་ཡིན

ལྗང་མདོག་གི་ལོ་མ་ཞིག་ནས་མགོ་བརྩམས་ཏེ

ཡལ་ག་དང་རྩ་རྐང་བརྒྱུད་ནས         དལ་བ་དལ་བུར་འབུས་ཀྱིན་ཡོད

བཙས་མ་ཐག་པའི་བྱིས་པ་ཞིག་གི་ངུ་སྐད་ཇི་བཞིན

ཁྱེད་ཁོ་ནས་ད་གཟོད་དེ་དག་གི་དོན་སྙིང་རྟོགས་ནུས

ད་དུང       ཡོད་ཚད་རྔམ་ཟ་བྱེད་མཁན་གྱི་མཆེ་བ་དང

འཁྲིག་སྤྱོད

དམར་པོ       སེར་བོ        ལྗང་གུ﹍﹍

[ཡོང་ཁུངས། ངེད་དྲ་བ།] [ཟླ་ཚེས། 09-07-02] [ཀློག་གྲངས། ]
དཔྱད་བརྗོད།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2008 Tibetcm.coM All rights reserved. Powered by: Tibetitw.coM
E-mail:tibetcm@126.com    QQ:492779202 QQ:32460212