———རང་གི་བུ་བསྟན་འཛིན་རང་གྲོལ་ལ་ཕུལ་བ།
དམར་འབྱར་བྱིས་པའི་རོ་ཀོག་ཆུང་ཆུང༌།།
ཨ་ཕའི་ལག་ལ་ཐོག་མར་བཞག་དུས།།
གདོང་དང་ལུས་པོའི་གཉེར་མའི་གསེང་ན།།
བ་སྤུའི་མགོ་བོ་གཟེངས་སེ་འདུག་པ།།
དམར་འབྱར་བྱིས་པའི་ལུས་པོ་འདི་ཉིད།།
ལོ་ལོན་ཞིག་ལ་གཡར་བ་མིན་ནམ།།
བརྩེ་བའི་རྩ་བ་སྙིང་ལ་མ་ཟུག།
རེ་བའི་འདུན་པ་ཁོག་ལ་མ་སྐྱེ།།
ཟླ་གཅིག་ཟླ་གཉིས་རིམ་གྱིས་སོན་ཐལ།།
གཅིན་དང་སྐྱག་པ་རུམ་ལ་བཏང་ཐལ།།
ཚུར་ལ་སྡུག་གི་ཆད་པ་བཅད་ཀྱང༌།།
ཕར་ལ་དུངས་པའི་ས་བོན་འཐོར་སོང༌།།
སྐབས་འགར་འཛུམ་ཙམ་འཛུམ་ཙམ་བྱེད་དུས།།
ལྷག་ཏུ་དུངས་པ་ཆེ་རུ་སྐྱེད་ཡོང༌།།
ཉིན་དང་ཟླ་བ་རེ་རེ་འདས་དུས།།
འཛུམ་དང་དགོད་སྒྲ་སྙིང་དུ་སྡུག་པ།།
སེའུ་བཅུ་ཡི་མགོ་བོ་འབུས་བྱུང༌།།
ཤ་དང་ཤེད་ཀྱི་རྩ་བ་རྒྱས་བྱུང༌།།
མི་ཡི་གཟུགས་ཀྱི་གཞོན་ཤ་དར་བས།།
ཨ་ཕའི་མིག་ལ་ལྷག་ཏུ་མཛེས་སོང༌།།
ལྡབ་ལྡིབ་ངག་འདི་རྣ་ལ་སྙན་པ།།
གཅིན་སྐྱག་པང་དྲི་སྣ་ལ་ཞིམ་པ།།
ཅི་འདོད་ལུས་ཀྱི་འགུལ་སྟངས་འདི་ཡང༌།།
ཨ་ཕའི་མིག་ལ་ལྷག་ཏུ་མཛེས་པ།།
ཨ་ཕའི་ལོ་ལོའི་སེམས་ཁམས་འདི་ལ།།
ད་དུང་སླད་མེད་རང་གཤིས་གྲུབ་ཡོད།།
ཨ་ཕའི་རེ་བ་དེ་ལ་བཅོལ་ཡོད།།
ཨ་ཕའི་ཕུགས་བསམ་དེ་ལ་གཏད་ཡོད།།
ཨ་ཕའི་རང་གཤིས་ཁྱོད་ལ་ལྡན་ན།།
ཨ་ཕའི་རེ་བ་དེ་ཀས་འགྲུབ་པ།།
རྒྱ་མིན་བོད་མིན་རང་གཤིས་ཚ་བོ།།
ཨ་ཕའི་བུ་ཡིས་རྒྱན་དུ་མ་འཛིན།།
ལོ་གསུམ་ལོ་བཞི་ལོན་པའི་རྗེས་ལ།།
རྒྱ་སྐད་བོད་སྐད་འདྲེས་མ་བཤད་ནས།།
སྟོད་ཐུང་ཆ་རིག་མ་རིག་གྱོན་ནས།།
ཨ་ཕའི་སེམས་ཁ་དཀྲུགས་པ་མ་གནང༌།།
བོད་ཡིག་ཟེར་དུས་མགོ་བོ་ན་བའི།།
ས་འདིའི་བོད་པའི་བུ་གུ་རྣམས་ལྟར།།
ཕ་རྒྱུད་དམ་པའི་རང་གཤིས་བོར་ན།།
ཨ་ཕ་དེ་ལས་སྐྱོ་བ་མི་འདུག།
བོད་ཡིག་ཁྱ་མ་ཁྱོག་ཅིག་བྲིས་ནས།།
བོད་སྐད་འདའ་མ་འདར་ཞིག་བཤད་ནས།།
ད་དུང་བོད་པའི་རིག་གཞུང་གླེང་དུས།།
ཨ་ཕ་ཁོ་ནག་གཏིང་ནས་ཆད་འགྲོ།།
ཨ་མའི་བུ་ལ་ཡོན་ཏན་ཡོད་ན།།
དགའ་ལྡན་གསེར་ཁྲི་སྟོང་བ་ཡིན་པའི།།
བསླབ་བྱ་མ་བརྗེད་ཡིད་ལ་ཟུངས་ཞེས།།
ཨ་ཕས་ཡང་ཡང་ཁྱོད་ལ་སྐྱོན་ནོ།།
༢༠༠༦ ལོར་བྲིས་ཤིང་ཟླ་ཚེས་མི་གསལ།