___ལོ་མགོའི་སྙན་ངག
ངས་གྲོང་ཁྱེར་འདིའི་འགྲེམས་སྟོན་ཁང་གི་ནང༌།
དྲན་པར་འོས་པའི་ཡིག་སྒྲོམ་ཞིག་འབུལ་ཡོད།
བསྐལ་བ་མ་སྟོང་བར་དེ་རུ་ཉར་བར་གན་རྒྱ་བཞག་ཡོད་པས།
ང་དང་ཁྱེད་ཀྱི་བརྩེ་དུང་གི་ཐམ་ཀ་ཡང་བརྒྱབས་ཚར།
རྒྱང་རིང་ནས་བདེ་བར་བཞུགས་དང༌། རྡོ་གཟུགས་ལས་གྲུབ་པའི་སྐྱེས་ཆེན་ཚོས།
ཐམ་ཀའི་ངོས་ཀྱི་ཡིག་འབྲུ་དེ་ཚོར་ལྟ་ཞོར།
ཡིད་ཚིམས་པའི་མགོ་བོ་གུག་གུག་བྱེད་ཀྱིན་གདའ།
ཤེལ་དང་གློག་གིས་སྲུང་བའི་ཁང་ཁྱིམ་དེའི་ནང༌།
ཐམ་ཀ་དེ་གཞན་གྱི་རྐུས་འགྲོ་བའི་སེམས་ངལ་དགོས་མི་འདུག
གན་རྒྱ་དེའི་སྙིང་དོན་འགྱུར་བའི་ཐེ་ཚོམ་ཡང་དགོས་ཀྱིན་མི་འདུག་པས།
རྒྱང་རིང་ནས། གང་ཡང་ལྷག་མེད་པའི་སེམས་པ་དེ་བཟུང་ནས་བཞུགས་རོགས་
ཡིག་སྒྲོམ་དེའི་ནང༌།
བརྩེ་འཕྲིན་༣༦༠ཡོད་ལ།
བརྩེ་འཕྲིན་རེ་རེ་ལ་ལེའུ་༢༤ རེ་ཡོད།
དགའ་མ་དང་སེམས་སོང་གི་ཡིག་འབྲུ་ལས་གང་ཡང་མེད་པའི་བརྩེ་འཕྲིན་༣༦༠དེ།
མདོར་བསྡུས་ན། སེམས་ཀྱི་ལོངས་སྤྱོད་དང་རྣམ་ཤེས་ཀྱི་འདོད་ཞེན་ཚང་མ་མཚོན་ཡོད་པས།
ད་ལྟ་རི་བོའི་ཕར་ཚུར་ནས་ཕན་ཚུན་ལ་འབུལ་འོས་པའི་བརྩེ་འཕྲིན་གང་ཡང་མེད་པར།
གླེགས་བམ་དང་བསྟན་བཅོས་ལྟ་བུའི་བརྩེ་འཕྲིན་དེ་དག་བསམ་ནས་བཞུགས་རོགས་གནང༌།
འཕགས་མས་ཁྲག་གིས་བྲིས་པའི་བརྩེ་འཕྲིན་དང༌།
སྟོན་པས་འགྲོ་བར་བརྩེ་བའི་ཞལ་གདམས་མཐའ་དག
ཡིག་འབྲུ་བཞི་ལས་མེད་པའི་བརྩེ་འཕྲིན་༣༦༠དེའི་ནང་དུ་འདུས་ཡོད་པས།
གནམ་སའི་བར་ན་བདག་པོ་མེད་པའི་ཡིག་འབྲུ་ལྷག་མེད།
དབང་ཕྱུག་ཆེན་མོར་སྐྱབས་མཇུག་གིས།
སྐྱེས་པ་འདིར་ཐམ་ཀ་དེའི་ཚོས་མདོག་མ་བརླག་པར།
ཐེངས་གཅིག་ཐེངས་གཉིས་མཇལ་བར་ཤོག
ཞེས་སྤྱི་ལོ་༢༠༡༠ལོའི་ཟླ་༡ ཚེས་ ༢༠ ཉིན་དགུན་གཞུང་ལ་ཆར་བ་འབབ་ཀྱིན་པའི་གྲོང་ཁྱེར་ཞིག་ནས།
