༈དབྱངས་གསལ་སོ་བཞིའི་མཛེས་སྡུག གཟིམ་པ་མེད་པའི་མཆོད་མེ།
ཁྱེད་ཀྱི་གནས་ཡུལ། >>དྲ་རྩོམ། >> ལན་མེད་པའི་གླུ།
ལན་མེད་པའི་གླུ།
གཅན་མེ་སྟག


ཐང་གའི་རས་གཞི་རྩེག་མ་ཞིག་དང་འདྲ་བའི་ཁང་མིག་འདིའི་དབུས་སུ

ང་རང་དཀྱིལ་མོ་ཀྲུང་དུ་བསྡད་ནས 

མེ་ཏོག་དང་མངོན་བརྗོད་ཟོལ་གྱིས་བསྡད་ནས

དབེན་སིམ་པའི་མཚན་མོ་གྲངས་མེད་ཅིག      འདི་ལྟར་ཁེར་རྐྱང་གིས་སྐྱེལ་འདོད

 

རྔུབ་ཅིང་འོངས་པའི་ཉི་རྡུལ་ཕྲ་མོ་དག་གི་བར་ནས

དབྱུང་ཞིང་ཤོར་བའི་སེམས་དོན་སྐད་ཅིག་དག་གི་ཀློང་ནས

འཇིག་རྟེན་ནི་སྒལ་ཚིགས་ཡོ་ཞིང་འཁྱོག་པའི་བྱིས་པ་ཞིག་སྟེ

ངུ་ཞིང་ངུ་བཞིན་དུ      ལུས་ཀྱི་ཤ་ཁྲག་དག་ཕྱི་ཕྱིར་གཏོར་ཞིང་གཏོར་བཞིན་ངུ

 

སྐབས་དེ་དག་ལ      རླུང་རེ་གཉིས་ནམ་མཁའ་ཕ་རོལ་དུ་ལྡངས་ཀྱིན་ཡོད་དམ

སྨྲ་བ་མེད་པའི་ལུ་གུ་རེ་གཉིས་ཤིང་ཕྲན་གྱི་ཡལ་གར་འཁྱུད་ཀྱིན་ཡོད་དམ

རྒྱུས་མེད་པའི་ངོ་གདོང་ཁ་ཤས 

མཐའ་སྐྱོར་མེད་པའི་ལྕགས་ཟམ་དེ་ལས་བརྒལ་མཚམས

རྟོག་བཏགས་ཀྱི་ཞིང་ཁམས་འདི་ཡང་སྨུག་སྒྱུ་ཞིག་དང་འདྲའོ་ཟེར་ན 

དེ་ན       ང་ཡི་དྲན་དབུས་ནས་ཤར་གྱིས་ཡལ་ཞིང

སླར་ཡང་ག་ལེར་འཆར་འོངས་པའི་ངོ་གདོང་དེ་སུ་ཡིན་ནམ

 

 

ཐལ་མོ་སྦྱར་བའི་ལག་ཟུང་དེ་ཡུན་གྱིས་ཕྱེས་ཤིག་དང

མཚེའུ་ཞིག་གི་མཇིངས་སུ་ལྡེམ་པའི་མེ་ཏོག་དཀར་བོ་དེར་ནན་གྱིས་ལྟོས་ཤིག་དང

འདབ་མ་དམར་པོ་དེའི་གྲོལ་སྟངས་གང་འདྲ་ཡིན་ནམ་ཞེས་འདྲི་ན

སྦྲང་མ་སེར་བོ་དེའི་འབབ་ཡུལ་གང་ཞིག་ཡིན་ནམ་ཞེས་འདྲི་ན

 

 

ལན་གྱིས་དབུལ་བའི་མཆུ་སྒྲོས་དག་གི་གས་སྲུབས་དང 

བརྗེད་ངེས་ཀྱི་རས་ལྡེབས་ནར་མོའི་ངོས་རྣམས་སུ

སྟོང་གསུམ་གྱི་འཇིག་རྟེན་ཧྲིལ་བོ་འདིའང

ཁྱེད་ཀྱི་མིག་གིས་མ་གཟིགས་ཤིང      ང་ཡི་མིག་གིས་མ་མཐོང་བའི

སྙན་ངག་བཅོས་མ་ཞིག་གི་དཔེ་མཚོན་ཁོ་ནའོ་ཞེས

སྤོབས་པ་དང་བཅས་སྨྲ་བར་བྱ་སྟེ

 

དོ་དགོང     ཐ་སྙད་འདི་དག་ཀྱང་སྒོ་དང་སྒེའུ་ཁུང་ཅི་ཡང་མེད་པའི

སྨྱུག་བསླས་ཀྱི་གཟེབ་ཅིག་ཏུ་ཚུད་ཡོད་པ       གཏན་དུ་དྲན་པར་བྱའོ

                                                                       ༢༠༠༩ལོའི་ཟླ༦པར།

[ཡོང་ཁུངས། ངེད་དྲ་བ།] [ཟླ་ཚེས། 09-07-02] [ཀློག་གྲངས། ]
དཔྱད་བརྗོད།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2008 Tibetcm.coM All rights reserved. Powered by: Tibetitw.coM
E-mail:tibetcm@126.com    QQ:492779202 QQ:32460212