༈དབྱངས་གསལ་སོ་བཞིའི་མཛེས་སྡུག གཟིམ་པ་མེད་པའི་མཆོད་མེ།
ཁྱེད་ཀྱི་གནས་ཡུལ། >>རིག་གཞུང་། >> མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ལྟ་བའི་སྐོར།༡༨
མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ལྟ་བའི་སྐོར།༡༨
ཕུན་ཚོགས་དབང་རྒྱལ(ཕུན་དབང)།

༡༦ མི་རིགས་སམ་རྒྱལ་ཁབ་རིང་ལུགས་དང་རྒྱལ་སྤྱི་རིང་ལུགས་ཀྱི་སྐོར། རིང་ལུགས་འདི་གཉིས་ཀྱི་བར་ལ་འབྲེལ་བ་ངེས་ཅན་འདུག་མོད་དོན་སོ་སོ་བ་ཡིན། འོན་ཀྱང་རྒྱལ་སྤྱི་རིང་ལུགས་པ་ཞིག་ལ་མཚོན་ན། སྔོན་འགྲོའི་ཆ་རྐྱེན་གལ་ཆེན་ཞིག་ཡོད་པ་ནི། མི་རིགས་ཤིག་གིས་མི་རིགས་གཞན་ཞིག་ལ་དབང་བསྒྱུར་དང་གཉའ་གནོན་བྱེད་པའམ། ཡང་ན་གཉའ་གནོན་མྱོང་བའི་མི་རིགས་དེར་བཙན་དབང་གིས་རང་གི་གནས་བབ་བརྗེད་དུ་འཇུག་པ་དང་ཚིག་སྙན་མོ་སྣ་ཚོགས་ཀྱིས་དབང་བསྒྱུར་མི་རིགས་ཀྱི་དབང་བསྒྱུར་བདེན་པར་སྨྲ་བ་དང་བསྟོད་གླུ་ལེན་པ་སོགས་ནི་གཏན་ནས་ཁས་མི་ལེན་ནོ།། ཨིན་ཀི་སིས་བཤད་རྒྱུར། དབང་བསྒྱུར་མི་རིགས་ཀྱི་རྒྱལ་སྤྱིའི་ཚོགས་མི་དུ་གཏོགས་པ་དེས་གཉའ་གནོན་མྱོང་བཞིན་པའི་མི་རིགས་ལ་རང་གི་མི་རིགས་རང་བཞིན་དང་གནས་བབ་བརྗེད་པར་སྐུལ་སློང་དང༌། མི་རིགས་ལྟ་བའི་ཁྱད་པར་སྤྱུགས་པར་སྐུལ་བ་སོགས་ནི་རྒྱལ་སྤྱི་རིང་ལུགས་མ་་ཡིན་ཏེ། གཉའ་གནོན་ལ་མགོ་སྒུར་བར་དྲིལ་སྒྲོག་བྱེད་པ་དང༌། རྒྱལ་སྤྱིའི་རིང་ལུགས་ཀྱི་མིང་གཡར་ནས་དབང་་བསྒྱུར་པའི་བཙན་གནོན་ལ་བདེན་ཁ་སྟེར་བ་དང༌། དབང་བསྒྱུར་དེ་ཡུན་རིང་གནས་ཆེད་དུ་ཡིན་པ་ཁོ་ན་ལས་་མ་འདས། ཞེས་གསུངས། འདི་ལས་ཤེས་པ་ནི། རྒྱལ་སྤྱི་རིང་ལུགས་པ་ཞིག་ཡིན་པའི་ཆ་ནས་མི་རིགས་སམ་རིགས་རྒྱུད་གཉའ་གནོན་གང་ཡིན་ཡང་གཏན་ནས་ཁས་ལེན་མི་སྲིད།
མར་ཁེ་སི་རིང་ལུགས་པ་དང་སྤྱི་ཚོགས་རིང་ལུགས་པས་མིང་སྣ་ཚོགས་གཡར་ནས་མི་རིགས་དང་མི་རིགས་བར་དང༌། རིགས་རྒྱུད་དང་རིགས་རྒྱུད་བར། རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་བཙན་འཛུལ་དང་ཐོན་ཁུངས་མངོན་འཕྲོག་བྱེད་པ། སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་གྲལ་རིམ་དང་རིམ་པ་ཚོགས་པ་བཅས་ཀྱིས་མི་ལ་དཔལ་འབྱོར་ལས་འདས་པའི་འོས་མིན་གྱི་བཤུ་གཞོག་དང་བཙན་བཟུང་བྱེད་པ་བཅས་ལ་རྦད་ཆོད་ཀྱིས་ངོ་རྒོལ་བྱེད་པ་ཡིན་་མོད། ཁོ་ཚོ་ནམ་ཡང་རིགས་སྣ་ཚོགས་ཀྱི་མི་རིགས་རིང་ལུགས་པ་དང་རིགས་རྒྱུད་རིང་ལུགས་པ། རྒྱལ་ཁབ་རིང་་ལུགས་པ་ཞིག་གཏན་ནས་མིན་པར། སྤྱི་ཚོགས་ཀྱི་འཕེལ་འགྲོས་ཆོས་ཉིད་བརྩི་བ་དང༌། དུས་བབ་དང་བསྟུན་ཏེ་་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ཐམས་ཅད་མཉམ་དར་ཡོང་བར་འབད་པ། དྲང་བདེན་ལུགས་མཐུན་དང༌། དཔལ་ཡོན་བདེ་ཐང༌། རྒྱལ་མཚམས་མེད་ཅིང༌། མི་རིགས་ལ་ཆེ་ཆུང་བཙན་གཉོམ་མི་ཕྱེས་པ་དང༌། རིགས་རྒྱུད་ལ་དཀར་ནག་སེར་སྨུག་མི་བགར་བ།གནམ་འོག་གི་སྐྱིད་སྡུག་བསམ་ཞིང་འཇིག་རྟེན་ཀུན་མཐུན་གྱི་རྒྱལ་གཅེས་རིང་ལུགས་པ་ཞིག་ཡིན། ཚིག་གཅིག་གིས་བསྡུས་ན། མར་ཁེ་སིས། ང་ནི་འཛམ་གླིང་གི་སྤྱི་འབངས་ཡིན།
ཞེས་པ་དེའོ།། དེའི་ཕྱིར། ཁོ་ཚོས་འཚོལ་སྙེ་ག་བྱེད་པའི་ཕུགས་བསམ་ནི། དེང་རབས་མ་རྩ་རིང་ལུགས་ཀྱིས་བསྐྲུན་པའི་དངོས་པའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་དང༌། ཆབ་སྲིད་དཔལ་ཡོན་དང་ཁྲིམས་ལུགས་དཔལ་་་ཡོན་འདུས་པའི་ཚད་ཆེས་མཐོ་བའི་སྤྱི་ཚོགས་གྲུབ་འབྲས་ཀྱི་རྨང་གཞིའི་སྟེང༌། དེ་ལས་ཕུན་སུམ་ཚོགས་པ་དང་ལུགས་དང་མཐུན་པ།དཔལ་ཡོན་དང་ལྡན་པའི་མི་རིགས་དང་རིགས་རྒྱུད། གྲུབ་མཐའ་དང་རྒྱལ་ཁབ། སྤྱི་ཚོགས་ཚོགས་པ་དང་གྲལ་རིམ་རིམ་པ་བཅས་སོ་སོའི་ཕན་ཚུན་བར་ལ་གཡོ་སྒྱུ་མེད་ཅིང་གཉའ་གནོན་དང་བཤུ་གཞོག་་མེད་པར་མཛའ་ཞིང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གསར་བ་ཞིག་འཛུགས་པར་འབད་བརྩོན་་་་་ལྷོད་མེད་བྱེད་པའི་རྒྱལ་སྤྱི་རིང་ལུགས་པ་ཞིག་སྟེ། ཁོ་ཚོས་མི་རིགས་དང་རྒྱལ་ཁབ་ཀྱི་གནད་དོན་ཐད་མི་རིགས་་གཉའ་གནོན་དང་རྒྱལ་ཁབ་བཙན་འཛུལ་ལ་རྦད་ཆོད་ཀྱིས་ངོ་རྒོལ་བྱེད་མོད། ངོ་བོའི་སྟེང་ཁོ་ཚོ་ནི་མི་རིགས་རིང་ལུགས་པ་ཞིག་མིན་ཞིང༌། རྒྱལ་ཁབ་རིང་ལུགས་པ་ཞིག་ཀྱང་མིན་ལ། ཡིན་པ་ནི་རྒྱལ་མཚམས་མེད་པའི་རྒྱལ་སྤྱི་རིང་ལུགས་པ་ཞིག་གོ།།
ཉེ་རབས་ཀྱི་མིང་དུ་གྲགས་པའི་མཚན་ཉིད་རིག་པ་སྨྲ་བ་དང་རྩོད་སྒྲུབ་མཁན་ཆེན་ཧེ་ཀེལ་ནས་འདི་ལྟར།
བྱ་དངོས་ཡོད་ཚད་རང་ཁ་གང་ནས་ཡོད་པ་ཞིག་མིན་ཏེ། རང་སྟེང་ན་ནམ་ཡང་གཞན་གྱི་ཆ་དང་ལྡན། དེ་མ་ཟད་འགལ་འདུས་ཀྱི་ཕུང་བོ་ཞིག་ཡིན་པས།རང་གིས་རང་ལ་མིན་པར་སྒྲུབ་པའི་ཁྲོད་མདུན་དུ་བསྐྱོད་པ་ཞིག་ཡིན།
ཞེས་གསུངས་པ་འདི་ནི་གསར་རྙིང་བརྗེ་བའི་ཆོས་ཉིད་ཅིག་སྟེ།ང་ཚོས་གོང་དུ་བཤད་པའི་ཕུགས་བསམ་དང་སྤྱི་་ཚོགས་ལམ་ལུགས་ཀྱི་སྣང་ཚུལ་ལའང་འཇུག དེང་སྐབས་ཀྱི་མི་རིགས་གནད་དོན་ཀྱི་ཕྱོགས་ནས་བལྟས་ནའང་འདི་ལྟར་ཡིན། འཇིག་རྟེན་འགྱུར་བའི་རང་བཞིན་དུ་གནས་པས། བལྟོས་བཅས་ཀྱིས་འགྱུར་བ་མེད་པའི་ཁྲོད་བལྟོས་མེད་ཀྱི་འགྱུར་བ་འབྱུང་མུས་སུ་མཆིས་ཤིང༌། བྱུང་བ་ཐམས་ཅད་མཐའ་མར་འཇིག་པ་སྟེ། གསར་རྙིང་བརྗེ་བ་དང་སྐྱེ་འཆིའི་འཁོར་རྒྱུགས་ཤིག་གི་ཁྲོད་དུ་གནས། བྱ་དངོས་ཐམས་ཅད་ལ་བལྟོས་བཅས་ཀྱི་ངང་ནས་དགག་སྒྲུབ་བྱེད་པ་ཡིན། དེའི་ཕྱིར། དུས་རབས་སོ་སོ་ཚད་བཀག་ཡོད་པ་ཞིག་ཡིན་ཞིང༌། དུས་རབས་སོ་སོར་མི་རིགས་་སམ་རིགས་རྒྱུད་གྲུབ་མཐའ་སོགས་ཀྱི་གནད་དོན་དེར་བསྟུན་གྱིས་གནས་པ་ཡིན། དོན་དངོས་ཐོག ཨིན་ཀི་སིས་བཤད་པ་ནང་བཞིན། མཛེས་པ་མཐར་ཐུག་གི་སྤྱི་ཚོགས་ཤིག་ནམ་ཡང་མེད། དེ་དང་རིགས་འདྲ་བར། མི་རིགས་སོགས་སྤྱི་ཚོགས་གནད་དོན་གནད་དོན་ཐག་གཅོད་པ་ལའང་དུས་རབས་ཀྱི་ཚད་བཀག་ཐེབས་པའི་ཁྱད་ཆོས་་་་་ལྡན། མི་རིགས་དང་རིགས་རྒྱུད་སོགས་སྤྱི་ཚོགས་གནད་དོན་ཐག་བཅད་པ་མཛེས་པ་མཐར་ཐུག་ཅིག་དང་གཅིག་གོ་སྟོང་ཆོད་ཅིག་ནམ་ཡང་ཡོད་མི་སྲིད། དེར་བརྟེན། མི་རིགས་གནད་དོན་འདུས་པའི་ཁྱད་པར་མེད་ཅིང་འགལ་བ་མེད་པའི་སྤྱི་ཚོགས་ཤིག་མེད། སྤྱི་ཙོགས་ནི་མི་རབས་དང་མི་རབས་བརྒྱུད་དེ་ཡར་ཐོན་འབྱུང་འབྱུང་བཞིན་་་་ཡོད་ཅིང༌། མི་རིགས་དང་རིགས་རྒྱུད་སོགས་ཀྱི་འབྲེལ་བའི་སྟེང་གནས་པའི་རྗེས་ལུས་དང་ལོག་སྤྱོད། རྒྱུན་ལྡན་་་མིན་པའི་སྣང་ཚུལ་ཡང་ཇེ་ཉུང་དུ་འགྲོ་བཞིན་ཡོད། སྤྱི་ཚོགས་འཚོ་བའི་ཁྱབ་ཁོངས་སོ་སོ་འགྱུར་བ་མྱུར་ཞིང་ཇེ་་བཟང་ཇེ་ལེགས་སུ་འགྲོ་བཞིན་ཡོད།
མཇུག་མཐར། མདོར་བསྡུས་སུ་བཤད་ན། དེང་སྐབས་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ཐད་ཀྱི་གཞི་རྩའི་ལྟ་བ་ནི། མ་རྩ་རིང་ལུགས་པའི་དམངས་གཙོ་རིང་ལུགས་ཀྱི་མི་རིགས་འདྲ་མཉམ་ལྟ་བ་སྟེ། མི་རིགས་སོ་སོར་རང་གཙོ་རང་བདག་གི་དབང་ཆ་ལྡན་པའི་མི་རིགས་འདྲ་མཉམ་ལྟ་བའི་རྨང་གཞིའི་སྟེང༌། ཚད་དེ་ལས་མཐོ་བའི་ལུགས་མཐུན་དཔལ་ཡོན་བདེ་ཐང་དང་བླ་ན་མེད་པའི་མི་རིགས་འདྲ་མཉམ་ལྟ་བའོ།། དེའི་ནང་དོན་གཙོ་བོ་ནི།
སྟོབས་ལྡན་མི་རིགས་དང་རྒྱལ་ཁབ་ཀྱིས་མི་རིགས་ཉམ་ཆུང་ལ་བརྙས་བཅོས་དང་གཉའ་གནོན་དབང་བསྒྱུར་མི་བྱེད་པར་མ་ཟད། སྟོབས་དང་ལྡན་པས་ཉམ་ཆུང་སྐྱོར་བ་དང༌། མང་པོས་ཉུང་ངུ་དང་ཆེ་བས་ཆུང་བར་བྱམས་སྐྱོང་བྱེད་པའི་དགོངས་དོན་ལྟར། སྟོབས་ལྡན་མི་རིགས་དང་རྒྱལ་ཁབ་ཀྱིས་རང་གིས་གྱོང་འཁུར་ནས་མི་རིགས་་ཉམ་ཆུང་ལ་བུ་ལོན་ནམ་རྒྱལ་སྟེར་བའི་འདྲ་མཉམ་བསམ་བློ་དང་རྣམ་འགྱུར་འཛིན་པ་དེའོ།། འདི་ནི་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་འདྲ་མཉམ་ལྟ་བའི་ངོ་བོ་དང་ནང་དོན་ཡིན་ལ་དེའི་ཁྱད་ཆོས་ཀྱང་ཡིན་ནོ།།

གོང་དུ་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་གནད་དོན་སྐོར་གྱི་གཞུང་ལུགས་དང་ལྟ་བར་ཕྱོགས་བསྡོམས་་་་མདོར་བསྡུས་ཤིག་བྱས་པ་ཡིན། རྩ་དོན་དང་བརྗོད་གཞི་འདི་དག་གསལ་བར་བྱེད་རྒྱུ་ནི་མི་རིགས་གནད་དོན་་་་དང་རིགས་རྒྱུད་ཀྱི་གནད་དོན། རྒྱལ་ཁབ་བར་གྱི་གནད་དོན་བཅས་ཀྱི་སྟེང༌། དམངས་གཙོ་རིང་ལུགས་དངོས་རྫུན་དང༌། མར་ཁེ་སི་རིང་ལུགས་དངོས་མ་དང་རྫུན་མ། ནང་སྒོས་སུ་གུང་ཁྲང་ཏང་མི་དངོས་མ་དང་རྫུན་མའི་་་དབྱེ་བ་འབྱེད་པའི་ཚད་གཞི་ཡིན་ཞིང༌། མི་རིགས་སོགས་ཀྱི་གནད་དོན་སྟེང་གདོད་ནས་མི་འདྲ་བའི་མཛུབ་སྟོན་བསམ་བློ་དང་ལངས་ཕྱོགས། ལྟ་བ་དང་ཐབས་ལམ་བཅས་ཕྱེས་པའི་གནད་འགག་ཡིན་པར་མ་ཟད། མི་རིགས་་་་འབྲེལ་བ་དང་མི་རིགས་ལས་དོནསོགས་སྤྱི་ཚོགས་གནད་དོན་ཐག་གཅོད་པའི་སྟེང་ཡོ་གཟུར་དར་རྒུད་ཀྱི་མཇུག་འབྲས་གང་ཞིག་འབྱུང་བའི་གནད་འགག་དང་འབྱུང་རྩའང་ཡིན།
མི་རིགས་གནད་དོན་ནི་ཆབ་སྲིད་གནད་དོན་ཞིག་ཡིན་པ་སྨོས་མ་དགོས། ལེ་ཉིན་གྱིས་འདི་ལྟར་གསུངས་་་མྱོང་སྟེ། ཆབ་སྲིད་ནི་དཔལ་འབྱོར་གྱི་གནད་འདུས་མཚོན་སྟངས་ཤིག་ཡིན། དེའི་ཕྱིར། ཆབ་སྲིད་ཀྱི་གནད་དོན་་དང་ནང་སྒོས་སུ་མི་རིགས་གནད་དོན་སྟེང་གི་ལྟ་བ་དང་དགོངས་འཆར་དེ། མི་རིགས་མི་འདྲ་བ་དང་གྲལ་རིམ་་མི་འདྲ་བར་འབྲེལ་བ་ཡོད་ཅིང༌། ལྷག་པར་དུ་དབང་བསྒྱུར་མི་རིགས་སམ་མི་རིགས་ཆེན་མོའི་དངོས་པོའི་ཐོན་་་ཁུངས་དང་དཔལ་འབྱོར་ཁེ་ཕན་དང་འབྲེལ་ཡོད། ཨིན་ཀི་སིས་ཀྱང༌། ཚིག་རྒྱན་གྱིས་སྤུད་པའི་ཆབ་སྲིད་ཀྱི་སྐད་་ཆ་སྙན་མོར་ཉན་རིན་མེད་དེ། གཙོ་ཆེ་བ་སྐད་ཆ་དེ་དག་གི་ཕག་ཏུ་ཟབ་མོར་ཡིབ་པའི་དངོས་པོའི་རྒྱུ་རྐྱེན་དང་དཔལ་འབྱོར་ཁེ་ཕན་ལ་བལྟ་དགོས་པ་ཡིན། ཞེས་གསུངས་ཤིང༌། མར་ཁེ་སིས། དབྱིན་ཇིའི་རྒྱལ་ཁབ་ཀྱི་རྒྱལ་ཆོས་ཚོགས་པའི་བཅའ་ཡིག་དོན་ཚན་སོ་དགུ་ཡོད་པ་ལས། དོན་ཚན་སོ་བརྒྱད་ལ་འགལ་ཡང་མི་སྐྱོན། འོན་ཏེ་སུ་ཞིག་དཔལ་འབྱོར་ཡོང་སྒོའི་དོན་ཚན་དང་འགལ་ཚེ། དེ་ལ་གཏན་ནས་གུ་ཡངས་བྱེད་མི་སྲིད། ཅེས་གསུངས། དེའི་ཕྱིར། གལ་ཏེ་སུ་ཞིག་གིས་རང་ཁེ་རང་ཕན་གཉེར་བའི་མི་རིགས་ཆེན་མོའི་ས་སྟེང་འདི་ན་ས་བདག་ང་ལྟ་བུའི་སྲོལ་རྒྱུན་གྱི་རྒྱ་བསྐྱེད་དང་བཙན་དབང་རིང་ལུགས་ཀྱི་ལྟ་བ་འཛིན་ཚེ། དེས་དཔྱད་རྩོམ་འདིར་བཅངས་པའི་རྣམ་འགྱུར་ཡང་མཁྱེན་ཐུབ་ཅིང༌། རྣམ་འགྱུར་དེའི་རྒྱུ་མཚན་ཡང་མི་གོ་བ་མེད་དོ།།
ཞེས་པ་འདི་ནི་བྱ་གཞུང་རྡོ་ལྷས་བོད་ཡིག་ཏུ་བསྒྱུར།

 

 

[ཡོང་ཁུངས། ཕྱིར་དྲན་དང་གསར་རྟོག] [ཟླ་ཚེས། 10-01-25] [ཀློག་གྲངས། ]
དཔྱད་བརྗོད།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2008 Tibetcm.coM All rights reserved. Powered by: Tibetitw.coM
E-mail:tibetcm@126.com    QQ:492779202 QQ:32460212