༈དབྱངས་གསལ་སོ་བཞིའི་མཛེས་སྡུག གཟིམ་པ་མེད་པའི་མཆོད་མེ།
ཁྱེད་ཀྱི་གནས་ཡུལ། >>བཅད་རྩོམ། >> ན་ཟུག་མེད་པའི་སྙན་ངག་ཅི་ལ་འབྲི།
ན་ཟུག་མེད་པའི་སྙན་ངག་ཅི་ལ་འབྲི།
ཚ་ནག་ཀུན་བཟང་།

བསྐྱུར་ན་འབྲི་འདུན་ཆེ་བའི་རོལ་རྩེད་འདི།།

བྲིས་ན་རྩོམ་པར་དཀའ་བའི་འཚོ་བ་ཞིག།

རུས་ཀོག་འབྱུང་གཞིའི་རྫས་ལ་འཐིམ་དགོས་ཀྱང་།།

ན་ཟུག་མེད་པའི་སྙན་ངག་ཅི་ལ་འབྲི།།

དོན་གྱི་གཟས་ས་དམངས་ཀྱི་ཆེད་དུ་སྟེ།།

ཚིག་གི་མདའ་འདི་མཐོ་བའི་ཁྲི་ལ་འཕེན།།

མཐོན་པོ་དག་གི་ངོ་སོ་མ་ལོན་ཀྱང་།།

ཁ་ཡག་ངོ་བསྟོད་གཏམ་གྱིས་ཅི་ཞིག་ནུས།།

མགྲིན་པའི་རྒྱུ་ལས་ཤག་ཤག་མ་བབས་ཀྱང་།།

བཤང་བའི་མདོ་རུ་ལྗན་ལྗིན་བབས་པ་ཡང་།།

སྲོག་གི་རླངས་པ་ཐོལ་ཐོལ་འཕྱུར་བདེན་ན།།

རང་གི་ཚོད་ཀྱི་སྟག་ཅིག་ཅི་ལ་མིན།།

ཕྱི་ན་ཤ་རྒོད་འཁྲིགས་པའི་ཚིག་ཀྱང་མེད།།

ནང་ན་དྲོད་བཞིན་འབར་བའི་དོན་ཡང་མེད།།

མིང་དང་ཁེ་གྲགས་དེ་ལས་གཞན་མེད་ན།།

ཤོག་བུའི་སྟག་ཅེས་སུ་ཞིག་སྨད་མི་འགྱུར།།

ཁྲོས་ན་འགལ་གྱིས་དོགས་པའི་སྐྲག་སྣང་མེད།།

དགྱེས་ན་ཁོང་འཛུམ་འཆོར་བའི་ངོ་དགའ་མེད།།

མཁས་པ་འགའ་ཡི་ཐུགས་དང་འགལ་ན་ཡང་།།

རང་ལ་རང་ཚིགས་ལྡན་ན་ཅིས་མི་ཆོག།

འགན་ཁུར་མེད་པའི་དོན་ཡང་འདི་ལ་མེད།།

གསར་རྙིང་རྩོད་པའི་ཕྱོགས་ཞེན་དེ་ཡང་བྲལ།།

བསམ་གཞིག་འོ་མ་བསྲུབ་ལས་ཐོན་པ་ཡིས།།

སྙན་ངག་དེ་ཚོ་འཚོ་བའི་མར་ལོ་ཡིན།།

རྗོད་བྱེད་ལོ་མའི་ཤམ་བུ་ཤིག་ཤིག་གཡོ།།

བརྗོད་བྱ་འབྲས་བཟང་དུད་པའི་རྩེ་དགའ་དགོད།།

གོ་དོན་གཉིས་འགྲིག་འོ་མའི་མངར་ཇ་དེ།།

སུ་ཡིས་བཏུང་ན་ལུས་སེམས་མགུ་མི་འགྱུར།།

མཁས་པ་མཁྲེགས་འཛིན་ཅན་གྱི་ལག་ཆ་མིན།།

དཔོན་པོ་ཐོབ་རྟགས་ཅན་གྱི་ཁྲིམས་ཤིང་མིན།།

རང་གི་སྐད་ཆ་རང་གིས་སྨྲས་ཆོག་པ།།

འདི་ལ་ཚེ་གཅིག་མདུན་ལམ་སུས་མི་གཏོད།།

བྲིས་པས་འཛད་མེད་འཚོ་བའི་གླུ་ཚིག་འདི།།

རྣོ་སྨྱུག་ལྡེམ་པ་ཕྲ་མོའི་རྟར་དྲངས་ཏེ།།

རིགས་གྱུར་རྣ་བའི་དཔྱིད་དུ་བརྡུངས་པ་ལ།།

དགའ་སྐྱོའི་མིག་ཟུང་མི་གཏོད་རང་དབང་ཅི།།

 

[ཡོང་ཁུངས། ༢༠༠༩ལོའི་གངས་རྒྱན་མེ་ཏོག] [ཟླ་ཚེས། 09-12-22] [ཀློག་གྲངས། ]
དཔྱད་བརྗོད།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2008 Tibetcm.coM All rights reserved. Powered by: Tibetitw.coM
E-mail:tibetcm@126.com    QQ:492779202 QQ:32460212