༈དབྱངས་གསལ་སོ་བཞིའི་མཛེས་སྡུག གཟིམ་པ་མེད་པའི་མཆོད་མེ།
ཁྱེད་ཀྱི་གནས་ཡུལ། >>ཆེད་སྒྲིག >> ན་གཞོན་རྩོམ་པ་པོ་རེ་རྐང་གླིང་གི་ཉེ་བའི་བརྩམས་ཆོས་བདམས་བཀོད།
ན་གཞོན་རྩོམ་པ་པོ་རེ་རྐང་གླིང་གི་ཉེ་བའི་བརྩམས་ཆོས་བདམས་བཀོད།
རེ་རྐང་གླིང་།

 

 སྙན་ངག་རིང་མོ།

       རོ་སྒམ་གྱི་གསང་ཨང༌། 

               

        ལེའུ་དང་པོ། གསེར་གྱི་ལྡེ་མིག
            
ཡབ་མེས་ཀྱི་དཔའ་མཛངས་ལས་བསྐྲུན་པའི་ཕོ་བྲང་དག་གི་རྡོ་སྐས་རྨང་ནས་ཉིལ་སོང

སེམས་ཀྱིས་འཐག་ཅིང་ཡིད་ཀྱིས་བཏགས་པའི་མཁའ་དབྱིངས་ཀྱི་ཟླ་བ་དེར་སེར་ཁ་ཤོར་ཉིན་ནས

རྟ་རྒྱབ་ཏུ་བཞད་པའི་མེ་ཏོག་གི་ཕྲེང་བ་རེ་རེ་བཞིན

ཉི་ཟླའི་མིག་ལྕིབས་ཀྱིས་སྐམ་རྙིད་དུ་བསྒྱུར་བའི་དུས་ཚིགས་འདི་ལ

ལོ་རྒྱུས་ཀྱི་གླེགས་བམ་ལས་བྲོས་པའི་བརྩེ་དུང་གི་རྒྱལ་སྲས་ཁེར་རྐྱང་དེ

བར་སྣང་དུ་དཔྱངས་པའི་དམུ་ཐག་ཅིག་གི་བསླུ་བྲིད་ལ་འཁྲེང་གིན

ཡུལ་ཕྱོགས་གཞན་ཞིག་ཏུ་ཆས་པའི་སྟ་གོན་བརྩམས་མ་ཐག

ཡུན་རིང་ལ་འགྱུ་མ་ཐུབ་པའི་གློག་ཞགས་ཀྱི་སྐེད་པ་དུམ་བུར་བཅད་པས་ན

མར་མེ་ཡི་འོད་ཀྱིས་འཚོ་བའི་རྗེས་རབས་པ་དག་གི་སྙིང་ཁར་འོད་ཐིགས་ལྷུང་བས

མེ་ཏོག་གི་ནུ་འབུར་སྟེང་ལ་བབས་པའི་ཆུ་བསིལ་གྱི་གོང་བུ་དག་ས་ལ་འཐོར་མགོ་བརྩམས་ཤིང

བག་ལ་ཉལ་བའི་གངས་རི་དག་གི་མགོ་བོའང་དལ་གྱིས་དགྱེ་མགོ་བརྩམས་བྱུང

           

སྨྱུག་མ་བཅད་པའི་ཉེས་ཅན་ཞིག་གི་མཛུབ་མོས་འགུལ་སྟངས་ལྟར

གླིང་བུའི་འགྱུར་ཁུག་ལ་སྒྱུ་འཕྲུལ་གྱི་སྐད་ངག་གང་ཡང་མ་ཐོན་པས

རྡོ་རིང་ངོས་ཀྱི་ཤོག་ལྷེ་དེ་ཡང་ཡུགས་ས་མ་ཞིག་གི་མཚན་མོའི་སྣང་བ་ཇི་བཞིན

སྐོམ་གདུང་དང་རེ་བ་ཁོ་ནས་སྐམ་རིད་དུ་གྱུར་བའི་རྣ་འབྱོག་ཡ་གཅིག་ཏུ་གྱུར་སོང

          

དེ་ནི་མཚོ་མོའི་ལྟོ་བ་འདར་བའི་བུ་རྒྱུད་ཀྱི་འཕེལ་འགྲོས་ཤིག་མ་ཡིན་ལ

རྡོ་ཡིས་བཟོས་པའི་ཉི་ཟླའི་རྣ་ཆ་ཞིག་གི་དྲན་གདུང་ལས་འཕོས་པའི་གཏམ་རྒྱུད་ཀྱི་ཐོབ་ཤོར་དེ་ཡང་མ་ཡིན་པར

འཇིག་རྟེན་གྱི་སྐྱེས་དངོས་ཀུན་ལ་རྟེན་འབྲེལ་གྱི་དབང་འབྱོར་བ་བཞིན

ཉི་འོད་ཀྱི་རྫིང་རིང་ནས་ཞབས་བྲོ་རྒྱག་པའི་ཕྱིས་དུས་ཀྱི་འཚོ་བ་སྟེ

ལྷ་ཚོགས་ཀྱིས་སྤྱན་ཆབ་འདོན་གྱིན་མི་ཡུལ་ལ་གདུང་བ་ཤོད་ཆོག་པའི་རང་དབང་གི་སེམས་བསྐྱེད་དེ་དང

གཤིན་རྗེ་ལས་མཁན་དག་ལ་གཟའ་ཉི་མའི་གནང་བ་ཐོབ་སྟེ

དམྱལ་བའི་མཁར་སྒོ་སོགས་ལ་ཁུ་ཚུར་ལྟ་བུའི་ལྕགས་ཟྭ་ཞིག་རྒྱག་པའི་ཉི་མ་དང་པོ་དེ་ཡང་ཡིན

          

མཁའ་འགྲོའི་ཚོགས་ཀྱིས་བར་སྣང་ནས་ལྡིང་སྐོར་བྱས་ཏེ

རྒན་པོ་དག་ལ་ཁ་ཆུ་དབྱུང་བ་དེ་ཡང

དོན་དུ་གཉུག་སེམས་ཀྱི་གཞི་རུ་ལུས་པའི་འདོད་པའི་མིག་ཆུ་དེ

ཤོག་བུ་སེར་བོ་ཞིག་གི་ཚུལ་གྱིས་མི་རབས་ནས་མི་རབས་བར

སེམས་ཀྱི་བྲག་ངོས་ལ་བསྐུངས་ནས

མངོན་ཤེས་ཀྱི་ཀློང་བརྡོལ་བའི་སྐྱེས་ཆེན་ཞིག་གི

ཚ་རེག་གི་ལག་པ་དེས་མ་ཐུག་པར་ལུས་སོང་བའི་རེད་འདུག

          
ཚུར་ལ་སྐྱེས་ནས་འོངས་ཤིང   ཕར་ལ་འཕུར་དེ་འགྲོ་བའི་གཏམ་རྒྱུད་དེ་དང་ཡང་འདྲ་བར

སེམས་ཁ་ནས་བྲོས་པའི་ལན་ཆགས་ཀྱི་སེམས་འགྱུ་མང་པོ་ཞིག་གིས

དཔྲལ་ངོས་ན་འབར་བའི་མེ་འོབས་ཀྱི་དོང་རིང་དེའི་ནང་ལ

གཞོབ་དྲི་འཐུལ་བའི་ལག་པ་ཞིག་ཐེ་ཚོམ་ཅི་ཡང་མེད་པར་ཤུགས་ཀྱིས་བསྲིངས་པ་ནི

གཞན་ཞིག་གི་རྐང་རྗེས་ལ་ངོ་ལོག་གིས་ལག་སྙོབ་བྱས་པ་ཞིག་མ་ཡིན་པར

འཐོབ་ཏུ་རེ་བའི་གསེར་གྱི་ལྡེ་མིག་ཅིག་གི་ཕུགས་བསམ་གྱི་མདུན་ལྗོངས་ཡངས་པོ་སྟེ

འོད་ཟེར་གྱི་སྦུ་གུ་ལས་ས་སྟེང་ལ་བཞག་པའི་ཡ་མཚན་པའི་རྐང་རྗེས་ཐོག་མ་དེ་ཡིན

 

        ལེའུ་གཉིས་པ།  སྐྱོ་གར་གྱི་འབྱུང་རྩ།

                                      

          

འོད་ཟེར་གྱི་སྦུ་གུ་ལས་ལྷུང་བའི་རྐང་རྗེས་དེ་དག་ལས

འགྱུར་བ་སྣ་ཚོགས་ཀྱི་ངོ་བོ་མཚོན་པའི་ཡི་གེ་མང་པོ་ཞིག

ས་ཆེན་གྱི་གདོང་ལ་ཐམ་ཀ་ཞིག་གི་ཚུལ་དུ་བབས་པས

ཞི་བདེ་ཡི་ཆེད་དུ་མཁར་གྱང་བརྩིགས་པའི་རྒྱལ་བོ་དག་གི་དབུ་སྐྲའང

མི་སེར་རེ་རེའི་བྲང་ཁར་འདོགས་པའི་ཆུ་ཚོད་འཁོར་ལོ་དེ་དང་འདྲ་བར

སོས་དལ་བའི་གོ་སྐབས་དང་ཡོངས་སུ་བྲལ་བཞིན

འགུལ་སྐྱོད་ཀྱི་རྗེས་ལ་འགུལ་སྐྱོད་རེ་བྱེད་ཅིང

སླར་ཡང་འགུལ་སྐྱོད་ཀྱི་རྗེས་ལ་འགུལ་སྐྱོད་རེ་བྱེད་པར་བྲེལ

         

ས་བཀྲའི་ངོས་ལས་བཏོན་པའི་གཞུང་ལུགས་ཀྱི་དགོས་མཁོ་ཁོ་ནས

རལ་གྲི་རྡུང་མཁན་གྱི་མགར་བ་དག་གི་ཁྲག་རྩ་ཤ་འོད་བཞིན་རྒྱུག་ནའང

བླ་མཁར་གྱི་རྩིག་ངོས་ལ་འབྱར་བའི་རྡོ་བ་ལྗང་ཁུ་དག་ལས

དུས་མ་ཡིན་གྱི་ཆུ་མིག་མང་པོ་ཞིག་ལྷོག་ལྷོག་ཏུ་བརྡོལ་ཡོང་བས་ན

བླ་གོས་ཕྲག་པར་གཟེད་པའི་ཆགས་ལྡན་གྱི་སྐྱེས་བུ་གང་ཞིག་གི་ངག་ལས

བུད་མེད་ཀྱི་མཛེས་པ་སྔོག་པའི་རྫུ་འཕྲུལ་གྱི་སྔགས་ཡིག་མང་པོ་ཞིག་བཏོན་ཞིང

ཁྲུང་ཁྲུང་ཞིག་གིས་གཤོག་རྩ་ཁྲག་གིས་ཟིན་རག་བར་བསྐྱལ་ཡོང་བའི་བརྩེ་འཕྲིན་དེ་ཡིས

ངར་ལྕགས་ལྟ་བུའི་སེམས་ཀྱི་བཙན་རྫོང་ལ་མེ་ཏོག་གི་རྨ་ཁ་བཅའ་རུ་བཅུག་པས

ངལ་རྩོལ་བ་ཁྲི་ཕྲག་གིས་དཔུང་བའི་བཏེགས་པའི་མཁར་སྒོ་ཆེན་མོ་དེ་ཡང

སྒོམ་ཆེན་པ་སུ་ཞིག་གི་གནས་ཚང་ལ་རུང་བའི་བྲག་ཕུག་གི་སྒོ་མོར་གྱུར་ཅིང

ཤོག་བུ་དཀར་བོའི་ངོས་ལ་ཕབ་པའི་ལོ་རྒྱུས་ཀྱི་བྱུང་བ་རེ་རེ་ཡང

སྨྱོས་ཟིན་པའི་སྨྱུ་གུ་གང་ཞིག་གི་ཁྱ་ཁྱོར་གྱི་རྐང་རྗེས་ཁོ་ནར་བསྒྱུར

          

དེ་ནི་ལོབས་ཕྱོགས་ཤིག་མ་ཡིན་པར

མཚོ་ཁར་བཏབ་པའི་རྐང་རྗེས་ཀྱི་རི་མོ་དག་རླབས་གཉེར་གྱིས་བསུབ་དུས

ནུབ་ཕྱོགས་ལ་སེམས་ཁ་ཕྱོགས་པའི་སེམས་ཅན་གང་མང་གི་དཔྲལ་བའི་མེ་ལོང་གི་ངོས་སུ

ལྷ་ཆེན་གྱིས་གདུང་ཞིང་སངས་རྒྱས་ཀྱིས་བྱིན་གྱིས་རླབས་པའི་ཨ་ཡིག་དཀར་བོ་ཞིག

ཉེས་ཅན་གྱི་གདོང་ལ་ཕབ་པའི་ཚོན་གྱི་རྨ་ཁ་ཇི་བཞིན་མངོན་ཡོང་བས་ན

མི་ཚེ་གཅིག་ལ་ཤ་འཁོན་གྱི་ཆེད་དུ་མནའ་ཚིག་གི་གསང་མེ་སྦར་བའི་མེས་པོ་དག་ལ

སྙིང་རྗེ་ཡི་མིག་ཆུ་ཐོག་མར་བཞུར་མགོ་བརྩམས་ཤིང

ལོ་ན་ལས་ཐུབ་པའི་རྡེའུ་སྤུངས་ཀྱི་བར་སྲིབ་དག་ལས་རྩྭ་ཕྲན་གྱི་ལག་པ་བསྐྱངས་ཡོང་སྟེ

རྡོ་ངོས་ལ་བརྐོས་པའི་མ་ཎི་ཡིག་དྲུག་གི་མཛེས་པ་མཐའ་དག

ལྷ་མོ་ཞིག་གི་ལུས་ཀྱི་གསང་བའི་འཇུག་སྒོ་རེ་རེར་བསྒྱུར་དུས

ང་ཚོས་སྙིམ་པ་བྲང་ཁར་སྦྱར་ནས  

རང་བྱུང་གི་གསལ་བཤད་ཐ་དག་ལ་རྣ་བ་བླག་པའི་སེམས་ཁུར་དེ

སུ་ཞིག་ལ་གསང་ཨང     སྙིང་ཉེ་བའི་མི

 

   ལེའུ་གསུམ་པ།  ཡོལ་བའི་རྒྱབ་ཀྱི་གཏམ་རྒྱུད།

           

མདའ་གཞུ་འཁུར་བའི་གངས་རི་དག་གི་དཔུང་བར་ཡོ་གཟུར་ཤོར

ཕྱི་རོལ་གྱི་གནམ་གཤིས་རྩུབ་པོ་དེས

གཙང་བོ་དག་ལ་གྲང་འདར་རྒྱག་ཏུ་བཅུག་སྟེ

རྐང་ལག་བཀུམ་ནས་ངལ་གསོ་བའི་སྟ་གོན་ཐོག་མར་བརྩམས་དུས

རྨིག་པར་དུད་དྲེག་ཆགས་པའི་རྟ་རྒྱབ་ཀྱི་ཇག་པ་དག

ཐེ་ཚོམ་ཅི་ཡང་མེད་པར  

གཙང་བོའི་གཞུང་ལ་བང་ཁ་བསྒྱུར་བའི་ང་རྒྱལ་དེ་བསྩལ་བས་ན

ཆུ་གཞུང་དུ་བག་ཡངས་སུ་རྒྱུ་བའི་མེ་ཏོག་གི་འདབ་མ་དག་ལ་སེར་ཐིག་ལྷུང་མགོ་བརྩམས་ཤིང

ལུང་ཞབས་ཀྱི་ཆུ་ལེན་བུ་མོ་དེའི་དངུལ་གྱི་མཛུབ་དཀྲིས་དཀར་བོ་དེ་ཡང

སྐྱེས་པ་སུ་ཞིག་གི་མིག་འབྲས་ལས་གྱེས་པའི་སྡུག་བསྔལ་གྱི་རལ་བ་ནག་པོ་ཞིག་ཏུ་གྱུར་ཅིང

དུག་སྦྲུལ་གྱི་རང་བཞིན་གསལ་བའི་མཛུབ་གུ་ལྔའི་མགོ་ཁུངས་ནས

དངུལ་སྒོར་ལ་ལྕེ་ལྡག་བྱེད་པའི་ཡི་དྭགས་ཀྱི་ཕྲུ་གུ་ལྔ་འཁྲུངས་སུ་བཅུག

དེ་དག་གི་མེ་ལྟར་འབར་བའི་ལྟོགས་སྐོམ་གྱི་ཚ་སྲེག་ཁོ་ནས

སྐྱེས་པ་དག་གི་བྲང་ཁོག་གི་སྙིང་ཡང་བརྐུས་ཏེ་ཟས་ཚར་བས་ན

གཙང་བོའི་ཕར་རོལ་གྱི་དཔྱིད་ཀ་ཚེས་པའི་གོ་རིམ་དེ

ནང་སྙིང་མེད་པའི་སོ་ནམ་པ་ཁོག་སྟོང་དག་གི་བྲང་ཁ་ལ

མཛུབ་དཀྲིས་ནག་པོ་གྱོན་པའི་བུད་མེད་ཅིག་གིས

ཁྲག་གི་མེ་ཏོག་ནག་པོ་རེ་འཛུགས་པའི་གོ་རིམ་ཅན་ཞིག་ཏུ་འཕོས་སོང

         

ཇག་པའི་རུམ་ཁ་ནས་ལྷུང་བའི་རལ་གྲི་སོ་ཁ་མ་དེས

སྡུག་བསྔལ་གྱི་ཁྲ་ཚོམ་བཀོད་པའི་དགུ་ཚིགས་ཀྱི་རྒྱུན་ཐག་བཅད་པས་ན

དོང་ནང་དུ་ལྷུང་བའི་སྐར་མ་དག་ལ་མིག་ཆུ་ལྷུང་མགོ་བརྩམས་ཤིང

ལྷ་ཡི་མིང་གིས་བར་སྣང་ལ་སྦྱར་བའི་སྐར་མ་གཞན་དག་མང་པོ་ཞིག་ཀྱང

ཡལ་གའི་སྒང་ནས་སིལ་ཤ་འཐོར་བ་བཞིན་ས་ལ་ལྷུང་ཞིང

གསེར་གོང་གི་འོད་ཀྱི་རྦ་རླབས་ལ་འཁྲུ་བའི་ལྷ་ཡི་འཛུམ་ཞལ་དེ་ཡང

སྐད་ཅིག་དེ་ཉིད་ལ་མོག་པོར་གྱུར་བ་ནས

ཁྲག་ཐིག་གོས་པའི་ཡོལ་བ་དེའི་མདུན་ཕྱོགས་ནས་རྒྱབ་ཕྱོགས་སུ་བྲོས་སོང

 

        ལེའུ་བཞི་བ།  སྐྱེས་རབས་ཕྱི་མ།

           

ཐ་གུའི་སྒེག་པའི་གླེགས་བམ་གྱི་པུར་སྒྲོམ་ལས

སྣ་ལ་གཟན་པའི་ཚར་བསིལ་གྱི་དྲི་མ་འཐིབ་པོ་ཞིག་འཐུལ་འོང་སྟེ

ཁམས་ཀྱི་དྭངསས་མ་ས་ལ་འཐིམ་པའི་སྒེར་གཅོད་ཀྱི་རྣམ་ཤེས་མང་པོ་ཞིག

སྐད་ཅིག་དེ་ཉིད་ལ་སྤྲིན་གྱི་བང་རིམ་བཏོད་པའི་ནམ་མཁའི་མཐའ་ལ་སྤུར་བས

བཙལ་ན་རྙེད་དཀའ་ཞིང   བསླབ་ན་རྟོག་དཀའ་བའི

མི་ལུས་ཀྱི་གྲུབ་ཚུལ་ལ་བསམ་བློ་ཐོག་མར་འཁོར
           

ཕུག་རོན་གྱི་ཚོགས་ནམ་མཁའ་ལ་འཐིམ་ཞིང
ལོ་རྒྱུས་ཀྱི་སྒམ་ཁར་ལྕགས་འཛེར་བརྒྱབ་པའི་དེ་རིང
དགེ་སྡུག་གི་རང་བཞིན་གསལ་བའི་འོད་ཟེར་གྱི་ལན་བུའི་ཚོགས

རྣོ་ཞིང་དབལ་བའི་ཚེར་མའི་ལག་པ་དག་དང་འདྲ་བར

མདུན་ཕྱོགས་སུ་གཟས་དེ་ཐོན་པ་འདིས

སྐྱེས་པོ་སུ་ཞིག་གི་བརྩོན་འགྲུས་ལས་བཏོན་པའི་ཐོབ་འབྲས་མཐའ་དག

ཐལ་བའི་རྡུལ་དུ་བརླག་པས་ན

ང་ཚོའི་མདུན་ཕྱོགས་སུ་ལྷགས་པའི་ལམ་བུ་མཐའ་དག་ནི

གཡོ་སྒྱུ་དང་སེར་སྣས་ཁེངས་པའི་ཚུལ་འཆོས་ཀྱི་ལམ་བུ་ཁོ་ནར་གྱུར་ཡོད་པས

ཞྭ་མོ་ཕུད་དེ་གུས་ཕྱག་ལན་གསུམ་འཚལ་རྒྱུའི་ངལ་བ་དེ་སུ་ཞིག་གིས་སྐྱོང་ནུས

        

ལུས་ཀྱི་རེག་བྱར་ཐོབ་ཏུ་རེ་བའི་ཕྲག་དོག་དང

ཕྱི་ཡི་ལོངས་སྤྱོད་འཛད་དུ་སྙེགས་པའི་ཧམ་སེམས་དག

རིག་པ་དྭངས་མོ་ཞིག་བཞིན་ང་ཚོའི་ཀླད་རུས་སུ་འཕྲོས་པའི་དུས་སུ

ཙི་གུ་དག་ལའང་སྡོད་ཐབས་མེད་པའི་ལྕགས་ཚན་གྱི་བྲོ་བ་མྱངས་སུ་བཅུག་སྟེ

གསུང་རབ་དག་གི་ཉིང་ཁུ་ཟ་བའི་ངལ་རྩོལ་གྱི་བསམ་སྦྱོར་ཁོ་ནས

ལྷ་ཡི་གནས་མལ་དུ་གཤེགས་སོང

        

མི་ཚེ་གཅིག་ལ་སྐ་རགས་ཀྱི་གློ་ཐག་གྲོལ་མ་མྱོང་བའི་དཔེ་ཆ་བ་ཞིག་གི

ཁུ་སིམ་ལྟ་བུའི་སྟོང་བསམ་གྱི་རྒྱུད་ལ

མག་མོག་གི་དར་ལྕོག་ཁྲ་ཁྲ་ཞིག་འཛུགས་དུས་སུ
ང་ཚོས་ཀྱང་གསུང་རབ་ལས་ཤོག་ངོས་གང་ཞིག་གཤག་སྟེ
སྒྲོག་ཙེ་སྟེང་ལ་བུད་ནས་སྐད་ཅོར་རྒྱག་འོས
ང་ཡི་དེད་དཔོན་ཆེན་མོ་ཡ(1)
    

གདོད་མའི་རྩིང་སྤྱོད་ཀྱི་འདོད་པ་དེ་དང
ཟོ་འཆུན་འཁོར་ལོའི་འགྲོས་ཉམས་ཀྱི་འདེགས་འཇོག་དེ་ལས
སེམས་ཁམས་ཀྱི་དངོས་པོ་གང་ཞིག
ཁེར་རྐྱང་གི་རང་ཉིད་ལ་སྦྱར་དུས
དེད་དཔོན་ཁྱོད་ལ
ཚེ་སྲོག་གི་ངར་ཤུགས་ཁོ་ནས་སྐྱེད་པའི
འཚོ་གནས་ཀྱི་བདམས་ཀ་གང་ཞིག་དྲན་དུ་བཅུག་སོང

ཨོ  དེད་དཔོན  ང་ཡི་དེད་དཔོན! (2)
                                                            ༢༠༠༨
ལོའི་ཟླ་༡༠བར།

 

(1)དེད་དཔོནཨ་རིའི་གློག་བརྙན་<<གཤིན་པོའི་སྙན་ངག་ཚོགས་པ>>ཞེས་པའི་ནང་གི་སློབ་བུ་དག་གིས་དགེ་རྒན་གྱི་མིང་ནས་འབོལ་ཚུལ་གྱི་བསྟན་དོན་ལྟར་སྦྱར་བ།
(2)ཧྭའེ་ཐི་མན་གྱི་སྙན་ངག་"ཨོ  དེད་དཔོན ང་ཡི་དེད་དཔོན"ཞེས་པར་ཁུངས་སྦྲེལ་བ་ཞིག་ཡིན།

 

 

 

 

 

 
སྙན་ངག       
            ལུད་པ།

 
ཟ་རྒྱུ་ཞིག་ལོས་ཡིན་སེམས་ནས 
ཇི་ལྟར་ཧམ་པས་ཟས་ཀྱང

ལྟོ་བ་རྒྱགས་པའི་སྣང་བ་མ་བྱིན

འཐུང་རྒྱུ་ཞིག་ལོས་ཡོད་སེམས་བཞིན 

ཇི་ལྟར་རྔམ་པས་འཐུང་ཡང

སྐོམ་པ་སེལ་བའི་ཚོར་བ་མི་འདུག

 

དོན་ངོ་མར་ཁྱོད་ཀྱིས་ཅི་ཞིག་ལ་ངོ་ལོག་བྱེད་རྩིས་ཡོད

ལུད་པ 

            

ལོ་རྒྱུས་ཀྱི་རྩད་པ་བསློགས་ནས

བདེན་ལུགས་ཀྱི་སྐར་ཁུང་ཕྱེས་དུས

མི་རྣམས་འགྲོ་བཞིན་རུལ་བའི་མཁར་སྒོ་དེ

རྒྱལ་བོ་གང་ཞིག་གི་སྨྲ་སྒོ་དང་ཡང་འདྲ་ལ

དེས་ཕྱིར་ལུད་བཞིན་པ་ལུད་པ་རེད

 

ལུད་པ་ནི་ཡེ་ཤུ་མ་ཤི་ཀ་ཡིན་ལ

ལུད་པ་ནི་ཁུང་ཙི་ཡང་ཡིན

 

ཁུང་ཙིས་གསུང་རབ་རྩོམ་ཤེས་པ་བཞིན

ལུད་པས་ཀྱང་གཞུང་ལུགས་ཤིག་བཏེགས་ནས་ཡོད 

 

ཁུང་ཙི་ཤི་རྗེས

འཇིག་རྟེན་དུ་ལུད་པ་འཕེན་ཤེས་མཁན་ཞིག

ཇེ་ཉུང་དུ་སོང་ལ

རྒྱལ་བོ་གང་ཞིག་གི་སྨྲ་སྒོའང་ལྐུག་པར་བཟོས 

 

ལུད་པ་ཡོད་པ་ནས 

ད་གཟོད་མི་རེ་རེས་རང་ཉིད་གསོན་ཡོད་པར་རྟོགས་ཤིང

འཚོ་གནས་ཀྱི་ཆེད་དུ་བཟའ་བཏུང་གཉེར་བཞིན་པའང་ཤུགས་ནས་གོ་སོང 

 

ཁོག་ལ་བསྡུ་མ་འདོད་པའི་སྐྱུག་རྫོབ་དེར

མི་ཚོགས་ཀྱི་ཁྲོད་ནས་ལུད་པ་འཕེན་པ་ནི

རང་ཉིད་དཔའ་བོ་ཡིན་པའི་རྟགས་ཡིན

 

གཙང་སྦྲ་ཟེར་བའི་ལྕགས་རི་ཞིག་གིས

འཇིག་རྟེན་མཐའ་ནས་སྐོར་ནའང

ལུད་པ་ནི་སྔོ་ལྟེམ་ལྟེམ་གྱི་གཙང་བོ་ཞིག་དང་འདྲ་བར

སུས་ཀྱང་སྐམ་མ་ཐུབ

 

ལུད་པའི་དགོས་མཁོར་དམིགས་ནས

སྲོང་བཙན་ཟེར་བའི་བཙན་པོ་ཞིག་གིས

ལྷ་ཆོས་དང་མི་ཆོས་ཡི་ཁྲིམས་བཅོས་ཤིང 

གླང་དར་ཟེར་བའི་ལྷ་སྲས་ཤིག་གིས 

བསྟན་པ་ལ་སྔ་ཕྱི་གཉིས་སུ་ཕྱེས་མྱོང

               

སྐལ་བ་ཡ་ཐོག་ནས་བཟུང་སྟེ

མི་རྣམས་ལ་དངོམ་དུ་རུང་བའི་ལག་ཆ་ཞིག་ཡོད་པ་ནི 

ལུད་པ་སྟེ 

ཀྲུའུ་ནུབ་མའི་རྒྱལ་བོ་ཅིས་ཧྥ་ཡིས་ཀྱང

ལུད་པ་འཕངས་སྟེ་རྒྱལ་ཁ་བླངས་ལ

བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་ཀྱང་ལུད་པ་འཕངས་ཏེ་རྒྱལ་ཁ་བླངས 

ད་དུང་ནུབ་གླིང་གི་དམག་དཔོན་ཆེན་མོ་ན་ཕོ་ལུན་སོགས་ཀྱིས་ཀྱང

ལུད་པ་འཕངས་ཏེ་རྒྱལ་ཁ་བླངས་མྱོང 

 

ལུད་པས་ཁྱོད་ཀྱི་ངང་ཐུང་གི་ཁོང་ཁྲོ་དེ་ཞུ་བར་བྱེད་དེ 

མི་སུ་ཞིག་གི་གདོང་ངོས་ལ

ནར་ནར་གྱི་ལུད་པ་ཞིག་འཕངས་རྗེས

ཁྱོད་རང་ཡིད་ཚིམ་པར་ངེས 

 

ལུད་པ་ནི་བརྩེ་སེམས་ཀྱིས་སྒུལ་བའི་སྟོབས་ཤུགས་ཤིག་སྟེ 

འཁྲིག་པ་སྤྱད་རྗེས་ཀྱི་སྐྱེས་ཕོ་མོ་དག་ལ

ད་གཟོད་སྒེར་ལ་དབང་བའི་རང་ཉིད་ཀྱི་ལུད་པ་འཕེན་ཚུལ་རེ་ཡོད 

 

ལུད་པ་ལུ་བ་ནི

ཚོར་བ་རྐྱེན་པའི་རྣམ་དཔྱོད་པ་དག་གི་གསང་བའི་ལྐོག་བརྡ་སྟེ

སྟབས་ཉེ་ན

ལུད་པ་ལུད་ཐེངས་གཅིག་གིས་ཀྱང

རྒྱལ་ཁབ་ཅིག་རྩ་མེད་དུ་གཏོང་ངེས

 

ལུད་པ་ནི་འབུ་སྦྲང་གི་ཁྱིམ་གཞིས་གསོ་བའི་ཞིང་ས་སྟེ

ལུད་རྫས་དང་ས་ཆུའི་དབྱེ་བ་མེད་པར 

ཐམས་ཅད་ལོ་ལེགས་ཀྱི་འབྲས་བུས་གཏོས་པའི

གཤིན་ས་བཟང་བོ་ཞིག་ཀྱང་ཡིན

 

ལུད་པ་འཕེན་པ་ནི་སོས་དལ་བའི་དོན་དང

ཁྱོད་ཀྱིས་མི་བདེ་བའི་ཚོར་བ་ཞིག་ལ་གཙང་གཤེར་བྱས་པའི་དོན་ཏེ 

རང་ཉིད་ལ་སྐད་ཅིག་གི་བདེ་བ་རེ་ཡོད་པའི་དན་རྟགས་ཤིག་ཀྱང་ཡིན


             
ཁེར་རྐྱང་གི་སྡུག་བསྔལ་མ་བཟོད་པའི་ཡུལ་གྱར་བ་ཞིག 

ཐང་ཆེན་དེ་ནས་ཡུན་རིང་ལ་དགྱེ་དགྱེ་མཐར

གོམ་ཁ་ཕ་ཡུལ་གྱི་ཕྱོགས་ལ་གཟས་ཏེ་སོང་མོད

ཁོས་ཤུལ་དུ་བཞག་ཡོད་པ་ནི་ཁོའི་ལུད་པ་རེད

 

ནད་བདག་གི་བཙན་གཤེར་མ་ཁོག་པའི་ནད་པ་ཞིག

མལ་ཁྲིའི་སྒང་ནས་ཡུན་རིང་ལ་འཕག་འཕག་མཐར 

རྣམ་ཤེས་གཤིན་རྗེ་ཕོ་ཉས་བཟུང་སྟེ་ཁྱེར་མོད

ཁོས་ཤུལ་དུ་བཞག་ཡོད་པ་ནི་ཁོའི་ལུད་པ་རེད

 

རྒྱུ་འབྱོར་གྱི་ལོངས་སྤྱོད་མ་རྫོགས་པའི་ལུས་རྩལ་པ་ཞིག

རྩེད་ར་དེ་ནས་ཡུན་རིང་ལ་རྒྱུག་རྒྱུག་མཐར 

གནམ་གྲུ་རང་གི་རྒྱལ་ཁོངས་ཀྱི་མཁའ་དབྱིངས་ལ་འཕུར་སོང་མོད

ཁོས་ཤུལ་དུ་ལུས་ཡོད་པ་ནི་ཁོའི་ལུད་པ་རེད 

 

ལུད་པ་བསྐྱུར་བ་ནས

མི་མང་པོ་ཞིག་ལ་གཉེན་ཉེ་བྱུང་ཞིང

མི་མང་པོ་ཞིག་གི་མིག་ཆུ་ཕྱུང

 

གཉེན་ཉེ་དེའི་དབང་གིས

རང་གིས་ཀྱང་ལུད་པ་ཚད་མེད་དུ་འཕངས་མྱོང་ལ 

མིག་ཆུ་དེའི་ཕྱིར་ན 

ཁྱོད་ཀྱིས་ཀྱང་ལུད་པ་དབང་མེད་དུ་ལུས་མྱོང 

 

ལུད་པ་ནི་མི་སེམས་ཀྱི་གས་ཀ་སྦྱོར་བའི་ལྷན་པ་ཡིན་ལ 

ལུད་པ་ནི་རང་སེམས་ཀྱི་གདུང་བ་སེལ་བྱའི་བདུད་རྩི་ཡིན

               

མེ་ཀྲི་ལང་གིས་ལུད་པ་འཕེན་བཞིན་ཐོག་དང་པོར་སའི་གོ་ལར་སྐོར་བ་བརྒྱབ་ཅིང

ཇུན་གུར་རྒྱལ་བོས་ཀྱང་ལུད་པ་འཕེན་གྱིན་མཐའ་བཞིའི་དམག་དཔུང་ཆམ་ལ་ཕབ 

 

རྒས་ནས་དུར་ཁུང་དུ་འགྲོ་བ་བོ་དང

སྐྱེ་ནས་གོམ་ཁ་སློབ་བོ་གཉིས་ལ

སྤྱི་མཐུན་གྱི་ཤེས་རབ་ཅིག་ཡོད་པ་ནི

ལུད་པ་འཕེན་ཤེས་པ་དེ་རེད་ལ 

དགོན་པ་ན་བཞུགས་པའི་བླ་སྤྲུལ་དེ་དང

ཁྲི་སྟེགས་ན་འགྱིང་བའི་དཔོན་པོ་དེ་གཉིས་ལའང 

གཅིག་མཐུན་གྱི་བསོད་ནམས་ཤིག་ཡོད་པ་ནི

ལུད་པ་ལུ་རྒྱུ་ཡོད་པ་དེ་རེད

               

མིའི་རིགས་ཀྱི་ལོ་རྒྱུས་ཇི་ལྟར་འཕེལ་བས་ཀྱང

ལུད་པའི་ནད་ཡམས་ཀྱི་ས་བོན་རྒྱས་སུ་བཅུག་པས

མི་རྣམས་ལ་སྨན་གཞུང་ཞེས་པའི་ཤེས་བྱ་ཞིག་གསར་བཏོད་བྱས་སུ་བཅུག

 

ལུད་པས་བྱིས་པ་དག་ལའང་ཁ་ངོ་མི་སྟེར་བས

ད་ལྟ་མི་ཡུལ་དུ

གཙང་སྦྲའི་སྐོར་གྱི་གཞུང་ལུགས་ཤིག་ཀྱང་ཆགས་ཀྱིན་ཡོད་ལ 

ལུད་པ་དང་འབྲེལ་ཡོད་ཀྱི་འཆར་གཞི་ཞིག་ཀྱང་འཐེན་གྱིན་འདུག  

 

ལུད་པས་མི་སེམས་ལ་སྐྱུག་རྫོབ་ཀྱི་སྣང་བ་རྒྱས་སུ་བཅུག་པས

མི་རྣམས་ལུད་པ་གླེང་རྒྱུར་མི་དགའ་ལ

ལུད་པར་བལྟ་རྒྱུར་དེ་བས་ཀྱང་མི་དགའ 

 

ཡིན་ནའང་ལུད་པ་ནི་མི་རེ་རེའི་ཁ་ན་ཡོང་གིན་འདུག་ལ

སྐབས་འགར་ཝུ་བ་སོབ་སོབ་དང 

སྐབས་འགར་སྣབ་ཆུ་དང་ཁྲག་ཤ་འདྲེས་མའི་ངང་ཕྱིར་ཡོང་གིན་འདུག

 

 

 

                                                          
  
      ལྷུག་རྩོམ།                                                                              
 

                                                                                           ཆང་གིས་བཟི་བའི་བརྩེ་འཕྲིན།

        
       
"གྲོགས་མོ་ལགས།  ཁྱོད་ཀྱིས་རང་སྲོག་མ་གཅོད།  ངའི་རྣམ་ཤེས་ཀྱི་རྟོག་པར་དུས་གསུམ་བར་མེད་དུ་འཆར་བའི་གཟུགས་བརྙན་ཞིག་ནི་ནམ་ཡང་འཇིག་པ་མེད་པའི་གངས་རི་ཆེན་པོ་ཞིག་དང་དེའི་འདབ་འབྲེལ་གྱི་གཙང་བོར་རེ་བའི་ས་ཞིང་དང༌།ངོ་གདོང་གཡང་གཟར་ལས་གྲུབ་པའི་ཕ་མ་རེ་གཉིས།ད་དུང་བུ་མོ་ཆུང་ཆུང་ཞིག་གི་འབར་གྱིན་པའི་མིག་ཟུང་དག་ཡིན། འདི་དག་གི་ཆེད་དུ་ངས་ཁྱོད་ལ་བརྩེ་འཕྲིན་འབྲི་འདོད་ཅིང་འབྲེལ་བའང་གཅོད་འདོད།"
             
ངས་ཁོ་མོ་ཅག་ལ་འདི་ལྟར་བྲིས་ཤིང་ཁ་གྱེས་ཁའི་མཚན་མོ་དེ་དག་ཏུ་འདི་ལྟར་ལབ་པ་ཡིན། ཡིན་ནའང་ཁོ་མོ་ཚོའི་ཁྲོད་དུ་ཚིག་འདི་ཉིད་བདེན་པར་རློམ་མཁན་གཅིག་ཀྱང་མེད་ལ་ལྷག་པར་དུ་བརྗོད་བྱ་མི་གཅིག་པའི་དྲི་ལན་སྣ་ཚོགས་ཤིག་ངའི་མགོ་སྟེང་དུ་བྱོ་ཡོང༌། 
     
བུ་མོ་ཞིག་གིས“བརྩེ་བའི་རྒྱས་སྲས་ལགས།  ཁྱོད་ཀྱི་ནམ་མཁའ་འབར་སོང༌། དེ་དང་མཐུད་ནས་སྙིང་ཉེ་བའི་སྐར་ཕྲན་མང་པོ་ཞིག་ཀྱང་བཞུས་སོང༌།  འོན་ཀྱང་ཉེ་ལམ་བབས་པའི་ཆར་བ་དེ་སྐར་མ་གཞུ་བའི་སྡུག་བསྔལ་གྱི་རྩོལ་བ་ཙམ་ལས་ཁྱོད་སྐྱོབ་འདོད་པའི་མིག་ཆུ་མ་རེད།  ཁོར་ཡུག་འདིར་གྲང་རླུང་ཅི་ཙམ་ལྡང་ཡང་ཆར་བའི་ངོ་བོ་ཁ་བར་བགྱུར་བའི་དན་རྟགས་ཙམ་དུ་ང་ཚོ་ལ་གནོད་རུང་བའི་གཞས་ཚིག་ཅིག་མིན་པ་ངས་ཁག་ཐེག་བྱེད་ཐུབ།”ཟེར། 
ཡང་བུ་མོ་གཞན་ཞིག་གིས་ཀྱང༌།“ཉེ་ལམ་བབས་པའི་ཁ་བ་དེའི་དབང་གིས་ང་ཚོའི་གདོང་འདེགས་ཐུབ་པ་བྱུང་ཞིང་གངས་རི་དང་འབྲེལ་བའི་ཡུལ་ལྗོངས་རྣམས་ཀྱིས་ཀྱང་རང་ཉིད་ཀྱི་ཚེ་སྲོག་ལ་ཁ་བ་དཀར་པོ་ཞིག་གི་རྒྱབ་རྟེན་ཡོད་པ་ཤེས་ཡོད།  དེ་ནས་བཟུང་ཆལ་ཆིལ་དུ་འབབ་པའི་རྦབ་ཆུ་དང་ལང་ལོང་གཡོ་བའི་སྤྲིན་པ་རྣམས་ཀྱང་ཁ་བ་ཁོ་ན་ལས་རྙེད་པའི་མཛེས་སྡུག་ཅིག་ཡིན་པ་རྟོགས་ཡོད”ཟེར།  
     
མཚམས་འདི་ལ་ངའི་མིག་ལམ་དུ་ཀུན་གྱི་སྣང་དོགས་མཚོན་པའི་ཡིག་འབྲུ་རེ་ཤར་ཡོང་ཞིང་རང་དང་འབྲེལ་ཡོད་ཀྱི་འཇིག་རྟེན་ཚང་མའང་འདར་བཞིན་པའི་སྣང་བ་ཞིག་རྒྱས་ལ།  ཆང་རག་ཡིད་འཚིམ་པ་ཞིག་འཐུང་རྗེས་ཁ་རོག་གེར་རྒྱང་རིང་གི་ཁོ་མོ་དྲན་པ་ཡིན།

                                       དང་པོ།
                    ཁོ་མོ་ནི་བདག་གི་རྨི་ལམ་ལ་བརྟེན་ཏེ་བཞེངས་བསྐྲུན་བྱས་པའི་བུ་མོ་ཞིག་ཡིན་ཞིང་གུས་ཉམས་ཀྱིས་ཁོ་མོའི་མཛེས་སྡུག་ལ་ཡིད་འཇོག་བྱེད་པ་ནི་ཁོ་མོ་མེད་པར་བརླག་པའི་གྲུབ་འབྲས་ཉག་ཅིག་ཏུ་བདོག་ཡོད་ན་ངས་དུས་དང་རྣམ་པ་ཀུན་ཏུ་ཁོ་མོའི་གདོང་ལ་བལྟ་བར་མ་སྤོབས།  
                     ཁོ་མོ་བདག་དང་འཕྲད་པ་སྟེས་དབང་ཞིག་དང་ཐ་ན་བདག་དང་བྲལ་བ་ཡང་སྟེས་དབང་ཞིག་ཡིན་པས་ཁོ་མོ་ནི་ངའི་རྨི་ལམ་གྱི་ལྗོངས་ཆེན་ལ་ཁ་དོག་སྐྲུན་མཁན་ནམ་ཡང་ན་སྡུག་བསྔལ་བཟོ་མཁན་ཡིན་ཞེས་བསྙད་ཆོག
ཆང་འཐུང་བའི་མཚན་མོ་རེ་རེར་ཁོ་མོ་བདག་གི་ཉེ་གམ་དུ་ལོག་ཅིང་སྐེ་ལ་འཐམས་ཏེ་མཆུ་སྦྱོར་བྱེད་དུས་ཤིག་ལ་བདག་གི་སེམས་སུ་འདི་ནི་རྨི་ལམ་མ་ཡིན་པའི་དངོས་ཡོད་ཅིག་རེད་བསམ་པའང་ཐེངས་གཅིག་མིན། ཁོ་མོར་འཕྲད་པ་ནས་ངས་རང་ལ་གོམས་གཤིས་སུ་ཆགས་པའི་གླུ་སྐད་དེ་ཉམས་སུ་མྱོང་ཐུབ་ཅིང་རང་དང་འབྲེལ་བའི་འཇིག་རྟེན་ཞིག་གི་རང་ངོས་སུ་རང་དང་མཐུན་པའི་འཇིག་རྟེན་ངོ་མ་ཞིག་ཡོད་པའང་རྟོགས་སོང༌།སྐབས་ལ་ལར་ཁོ་མོའི་སྒྲ་དབྱངས་ལས་སྙན་པའི་ངག་སྒོ་ཕྱེ་དུས་སུ་ངས་ད་གཟོད་ཁོ་མོའི་མཛེས་པ་ཉམས་སུ་མྱོང་ཐུབ་ཀྱང༌།དེ་ཡང་རང་གི་སེམས་ངོར་འཕྲོད་པའི་འདོད་བློ་ཙམ་མ་གཏོགས་དབང་ལྔའི་འགུལ་སྐྱོད་ལ་ཅི་ནས་བལྟ་ཐབས་མི་འདུག ཡིན་ན་ཡང་ཤེས་རབ་ཀྱིས་སྡུག་བསྔལ་གསོ་བའི་དབུལ་བོ་སྐྲ་རིང་དག་ལ་མཚོན་ན་ཤེལ་ལེབ་ཏུ་བལྟ་བར་སྤོབས་པའི་བློ་སྟོབས་དེ་ཅི་ནས་མཐུན་རྐྱེན་དམན་ཞིང་རང་གི་གཟུགས་གཞི་ཆ་རྒྱུས་མེད་པར་བརླགས་པའི་གནས་བབ་ནི་ཆེས་མཐོའི་སྒྲུབ་ཐབས་ཤིག་ཡིན་པས་ན་ད་གཟོད་ཁོ་མོ་ལའང་འོས་འཚམ་གྱི་གོ་གནས་ཤིག་ཡོད་འདུགརྨི་ལམ་བཙོ་སྦྱངས་བྱེད་པའི་གོ་རིམ་དག་ཏུ་ངས་ཁོ་མོར་བསྒྱུར་བཅོས་གང་ལེགས་ཤིག་བྱས་མྱོང་ཞིང་ཐ་ན་བརྩེ་འཕྲིན་ཡང་ཐེངས་འགར་བྲིས་མྱོང༌།
                 "
བདག་སེམས་ཀྱི་ལྷ་མོ།ཁྱོད་ཀྱིས་ངའི་འཇིག་རྟེན་ལ་གྲངལྷགས་ཀྱིས་ཟད་བཞིན་པའི་ཉི་གཞོན་ཞིག་བརྐྱངས་དོན་ཅི་ཡིན།  མེས་པོ་ཚོའི་འོད་སྟོང་གི་ཞབས་རྗེས་རེ་ལ་གྲང་ངར་གྱི་བཙན་རྫོང་སྐོར་དུས་སུ་གྱང་ཆག་དང་འདྲ་བའི་བདག་གི་ལུས་པོར་ཤེས་རབ་ཀྱིས་བསྣད་པའི་རྨ་ཁ་སྐྱེ་ངེས་ཤིང་དེ་ཡི་རྒྱུད་ལས་ཁྲག་གི་མེ་ཏོག་ནག་པོ་ཞིག་ཀྱང་བཞད་ངེས།འོན་ཀྱང་ངའི་དོན་དུ་སྡུག་བསྔལ་བྱེད་ཐུབ་མཁན་སུ་ཡིན་ནམ"
                  "
སྙིང་གི་རྒྱལ་སྲས་དམ་པ།དྲོད་འཇམ་གྱི་གནས་མལ་ལས་ངེད་གཉིས་འདོད་ཡོན་ལ་བཞུར་བ་ཆོས་ཉིད་དུ་ངེས་ཀྱང་ངས་རང་གི་སྐབས་བབ་ཀྱི་སྐད་ཅིག་མ་དེ་ཙམ་ལས་ཡོད་ཚད་ཁྱོད་ལ་བྱིན་ཞིང༌།འདི་ཕྱིའི་སྣང་ཚུལ་བགྲང་ལས་འདས་པ་ཞིག་ཆོ་འཕྲུལ་གྱི་རྫས་སུ་རིག་བཞིན་ཕྲག་དོག་བྱེད་ཡས་མིན།དེ་ན་ཁྱོད་ལ་དབང་བའི་ཡིད་འོང་གི་སེམས་པ་དེ་དང་ཉི་ནུབ་ཀྱི་དུས་སུ་འཆར་བའི་དྲོད་སྣང་དེའི་དོན་དུ་སུ་ཞིག་གིས་ཡིད་སྨོན་བྱས་སོང་ངམ།"

                                        གཉིས་པ།
     
དངུལ་མདོག་གི་ཟླ་བ་མཁའ་དབྱིངས་ནས་ཆས་ཏེ་འོད་ཀྱི་ཐིགས་པ་ས་གཞིར་གཏོར་བའི་མཚན་མོ་ཞིག་ལ་ངས་ཨ་རག་གློར་འཐུང་གིས་ཅི་ཞིག་འཚོལ་ལ་བྲེལ་བའི་མིག་ཟུང་ནམ་མཁར་འཁོར་དུས་སུ་གློ་བུར་དུ་ཕ་ལམ་གྱི་རང་གཤིས་དངོམ་པའི་སྐར་ཚོམ་དེ་ལས་སྐར་མ་ཞིག་སྡུག་རྩུབ་ཚ་བའི་ངང་རི་བོ་དེའི་རྒྱབ་ཕྱོགས་སུ་འཕུར་སོང༌།སྐབས་འདིར་ཁོ་མོའང་དུས་རྒྱུན་ལྟར་ངའི་འགྲམ་དུ་ཐོན་ཡོད་ཅིང་སྔོན་དང་མི་མཚུངས་པ་ནི་ཁོ་མོའི་བརྩེ་འདང་གིས་མྱོས་པའི་སྐད་གདངས་ལ་སྐྱོ་ཉམས་འདྲེས་པའི་སྡུག་སྐད་ཐོན་ཡོད་ཅིང༌།འབྲལ་བར་མི་བཟོད་པའི་ལུས་པོ་བདག་ལ་འཁྱུད་བཞིན“ང་ཚོས་བརྩོན་ལེན་བྱེད་བཞིན་པའི་རང་དབང་དེ་ཡང་ཆེས་ལྷོད་བག་ཅན་ཞིག་མ་ཡིན་པར་གདུག་རྩུབ་དང་ཆགས་སྡང་གིས་ཁེངས་པའི་སེམས་ཅན་ཞིག་རེད།  འདིས་ཀྱང་ངེད་གཉིས་ལ་མི་མངོན་པའི་བར་ཆད་བཟོས་སོང༌།  འདི་ཅི་ཡིན་ནམ། ---ཅི་ཡིན་ནམ།” 
                   “
ཡིད་ཀྱི་ལྷ་མོ།  སྒེག་ཉམས་ཀྱིས་ཕྱུག་པའི་ལང་ཚོ་འདི་ཉིད་རྒས་ཤིང་འཁོགས་པའི་བར་དུ་ངས་ཁྱེད་ཉིད་དྲན་སྲིད་མོད།  འོན་ཀྱང་ངས་ཁྱོད་ཀྱི་བརྩེ་འདང་ཁྲོད་ལྷམ་མེར་གནས་པའི་སྣང་བརྙན་དང་ལུས་ངག་ཡིད་གསུམ་གྱི་སྐྱེ་མཆེད་དག་ལ་ཕྱིར་དྲན་ཇི་ལྟར་བྱ།” 
                   “
ང་ནི་ཁྱོད་ཀྱི་བརྩེ་བ་ལས་བཞེངས་གྲུབ་ཐུབ་པའི་སྒྱུ་འཕྲུལ་གྱི་ལྷ་མོ་སྟེ།ཁྱོད་ཀྱི་ལུས་དང་ངོ་བོ་དབྱེར་མེད་དུ་གནས་པའི་རྒྱང་རིང་གི་དྲན་ཤིང་མ་དེ་ཡིན།”
ཁོ་མོའི་ཞི་དུལ་གྱིས་འཛུམ་པའི་ཞལ་རས་དེ་བདག་གི་མིག་ཟུང་ལ་ལན་གཅིག་བཞད་ཅིང་གངས་རིའི་འོད་དང་མཉམ་པའི་བདག་གི་མིག་ཟུང་དེ་འཇུ་བཞིན་པའི་ཁ་བའི་མེ་ཏོག་ལྟར་མཆི་མ་ལྡོག་པོ་གཉིས་སུ་གྱུར་ཏེ་སར་ཟེགས་པས།ཕ་ལམ་གྱི་རང་གཤིས་དང་ལྡན་པའི་སྐར་མའི་ཚོགས་ཀྱང་ལྷབ་ལྷུབ་ངང་དལ་གྱིས་སར་བབས་བྱུང༌།
                      “བ
དེ་མོ་བྱོས། སྙིང་གི་རྒྱལ་སྲས་དམ་པ། ”
                     “
བདེ་མོ་བྱོས།  སྒྱུ་འཕྲུལ་གྱི་ལྷ་མོ །”
             བྱུང་རིམ་སྐྱོ་བོ་འདིའི་མཇུག་འབྲས་ནི་ཁོ་མོ་རྒྱུ་རྐྱེན་ཅི་ཡང་མེད་པར་ངའི་འཇིག་རྟེན་ལས་ཕྱི་རུ་འཁྱམ་སོང་བ་དེ་རེད།

                                     གསུམ་པ།
                མཚམས་འདིར་བདག་གིས་སླར་ཡང་ཨ་རག་བག་མེད་དུ་འཐུང་གིན་གནམ་ས་འདྲེས་པའི་མཚམས་ཀྱི་རི་བོ་དེའི་ཕ་རོལ་ལ་རྒྱང་བལྟ་བྱེད་བཞིན་ཆང་གིས་བཟི་བའི་བརྩེ་འཕྲིན་འདི་བྲིས་པ་ཡིན། 
     
སྒྱུ་འཕྲུལ་གྱི་ལྷ་མོ། 
                ཁྱེད་ཉིད་འཆི་བར་འགྱུར་བས་ཀྱང་འཆི་བར་མ་འགྲོ།ཁ་སང་གི་སྣང་བ་ཡོད་ཚད་རྦ་རླབས་བཞིན་གངས་རིའི་རྩེ་མོ་ནས་འཕྱོ་དུས་ཤིག་ལ།མི་ཡུལ་གྱི་གྲུ་ཁ་གང་ཞིག་ནོངས་པ་ཆེན་པོའི་བློ་འགྱོད་ཀྱིས་བརྟོས་ཡོད།གངས་ཁྲོད་ན་བཞད་པའི་མེ་ཏོག་དང་མཁའ་དབྱིངས་ན་རྒྱུ་བའི་སྤྲིན་དཀར་ཡོད་ཚད་སེམས་ཀྱི་ཡང་རྩེར་སྙེག་དུས་ངས་ད་གཟོད་ཁྱོད་ཉིད་དྲན་བཞིན་མི་ཆོས་དང་མཐུན་པའི་བུད་མེད་ཅིག་བག་མར་བསུ་ངེས།དེ་དུས་རང་ཅག་གི་བར་དུ་འཇུ་བཞིན་པའི་མིག་ཆུ་ཅན་གྱི་གངས་རི་ཞིག་སྐུང་ཡོད་ལ། བཞུར་གྱིན་པའི་བྱ་དངོས་ཅན་གྱི་གཙང་བོ་ཞིག་གིས་ཀྱང་བཀག་ནས་ཡོད།
 
གཏམ་རྒྱུད་འདི་གཙང་ཁ་ན་འཁྱག་ལ་འབྱར་བའི་རླུང་རྟ་ཞིག་ཡིན་ན་ངའི་ཤ་ཁྲག་གདོས་བཅོས་ཀྱི་ཕུང་བོ་འདིའི་དྲོད་ཚད་ཁོ་ནས་འཕུར་ཐུབ་པར་བཟོས་ཆོག་ཀྱང་ཁམས་ཆེན་པོ་འདིའི་རང་བྱུང་གི་བཀོད་པའམ་ཡང་ན་ལྷ་ཆེན་པོ་དེའི་རང་དབང་གི་བསྒྱུར་བཀོད་ལ་སུས་ཀྱང་གཡོལ་ཐབས་མེད་པས་ངེད་གཉིས་ལ་ཐུན་མོང་དུ་བབ་པའི་མཚན་མོ་དེ་དག་ངས་བསྐལ་བ་འཇིག་དུས་ཀྱི་མཐའ་ལ་བསྲིངས་པའི་དུས་ཡུན་ཞིག་ཏུ་ངོས་འཛིན་ཆེན་པོས་ཁྱེད་ཉིད་དྲན་གྱིན་ཡོད།  འཇམ་ཞིང་མཐོང་དཀའ་བའི་ཁྱོད་དང་ཁྱོད་ཀྱི་ཞལ་རས་ལ་ལན་གཅིག་མཇལ་ཐུབ་ན་ངས་གནམ་ས་དཔང་དུ་བྱས་ནས་ད་དུང་ཡང་འབྲི་འདོད་པའི་ཁ་ཆེམས་འདི་འབྲི་ངེས། 
        གྲོགས་མོ་ལགས།ཁྱོད་ཀྱིས་རང་སྲོག་མ་གཅོད། 
          ངའི་རྣམ་ཤེས་ཀྱི་རྟོག་པར་དུས་གསུམ་བར་མེད་དུ་འཆར་བའི་གཟུགས་བརྙན་ཞིག་ནི་ནམ་ཡང་འཇིག་པ་མེད་པའི་གངས་རི་ཆེན་པོ་ཞིག་དང་དེའི་འདབ་འབྲེལ་གྱི་གཙང་བོར་རེ་བའི་ས་ཞིང་དང༌།ངོ་གདོང་གཡང་གཟར་ལས་གྲུབ་པའི་ཕ་མ་རེ་གཉིས།ད་དུང་བུ་མོ་ཆུང་ཆུང་ཞིག་གི་འབར་གྱིན་པའི་མིག་ཟུང་དག་ཡིན། འདི་དག་གི་ཆེད་དུ་ངས་ཁྱོད་ལ་བརྩེ་འཕྲིན་འབྲི་འདོད་ཅིང་འབྲེལ་བའང་གཅོད་འདོད།།

            བརྩམས་སྒྲུང་།


 

                                                                              དཔེ་མཛོད་ཁང་མེ་ལ་གཤེགས་ཚུལ།
 
      རང་བྱུང་གི་མཛེས་པ་མཐའ་དག་རྨི་ལམ་གྱི་དཀར་ཡོལ་དུ་བབས་པའི་ཆང་གར་བོ་དེ་འཐུང་བ་ནས་བཟུང༌། ཁྱོད་ཀྱིས་དཔེ་མཛོད་ཁང་གི་ཟུར་ཁ་གང་ཞིག་ན་རྐང་རྗེས་ཁུར་བའི་མི་ཚོགས་ཤིག་ངལ་དུབ་དང་སྐྱོ་ངལ་གྱིས་འདུར་བཞིན་དུས་ཚོད་ཀྱི་སྒལ་སྟེང་ན་འགྱེལ་བ་ལན་མང་མཐོང་ཡོང་ཞིང༌། དཔེ་སྒྲོམ་གྱི་ཕྱོགས་སོ་སོ་ནས་གྲགས་ཡོང་བའི་སྒྲ་དབྱངས་སྣ་ཚོགས་དེ་གཅན་གཟན་གཏུམ་དྲག་ཅན་དག་གི་ངར་སྐད་ཅིག་དང་མཚུངས་པར་ཁྱོད་ཀྱི་བློ་སྙིང་གཞོམ་པའི་ལན་ཆག་ཏུ་འཁོར་ཡོང་བས་ན། ཁྱོད་ཀྱིས་སླར་ཡང་ཁྲག་ཐིགས་འགོས་པའི་ལག་པ་དེ་གཙང་མར་བཀྲུས་རྗེས་རང་གི་བློ་དང་མཐུན་པའི་དཔེ་དེབ་ཅིག་ལ་ལྟ་མགོ་བརྩམས།
        “
ཨོ།གངས་ཀྱི་བུ་མོ།བཅོས་མའི་འཇའ་གུར་གྱི་འོག་རོལ་ན་ཉམ་ཐག་གི་ལུས་པོ་ལྐོག་གཤོམ་གྱི་ཁྲུས་ལ་རོལ་དུས་སུ། འཕྲུལ་ཆས་ཀྱི་ལྗོན་ཤིང་ཁོ་ནའི་གྲིབ་བསིལ་གྱིས་ཁྱོད་ལ་བག་ཆགས་ཟབ་པའི་འདོད་སྲེད་ཅིག་བྱིན་མྱོང་ངམ།དུམ་བུ་གཉིས་སུ་ཐོར་བའི་ཁྱོད་ཀྱི་འཇིམ་བརྙན་དེར་ཐེངས་ཁ་ཤས་ལ་བདག་གི་ལུས་འབྲེལ་བཙུགས་མྱོང་བ་ནས་ཚེར་མའི་སྟེང་དུ་མིག་ཆུ་འདོན་མཁན་ཚོར་ཡུམ་ཆེན་མ་གཞན་ཞིག་གི་མངལ་དུ་འབྲོ་བའི་གོ་སྐབས་ཤིག་གང་ན་ཡོད།”

       ཁྱོད་ཀྱིས་རང་གིས་རང་ལ་འདི་ལྟར་ལབ་པའི་དུས་སུ་ལུས་སྟེང་ལ་མཛད་མཐའ་མེད་པའི་ན་ཟུག་ཆེན་པོ་ཞིག་བྱུང་བ་དང་མཉམ་དུ་ཁྱོད་ཀྱི་ལུས་ནས་དེང་རབས་ཀྱི་གྱོན་ཆས་ཆ་ཚང་བསྒོས་པའི་རང་ཉིད་གཞན་ཞིག་རྫུ་འཕྲུལ་སྟོན་པ་ཇི་བཞིན་ཕྱིར་ཐོན་བྱུང༌། 

མི་དེའི་སྨྱོ་ཧམ་གྱིས་ཁེངས་པའི་མིག་ཟུང་ལ་གཡོ་སྒྱུ་དང་ཆགས་སྲེད། འཆལ་སྤྱོད་དག་གི་མཚོན་དོན་ཡིན་པའི་དུ་སྨུག་ཅིག་འཐིབ་བཞིན“གངས་ཀྱི་བུ་མོའི་འདྲ་པར་དེ་ཕྱོགས་ངོས་གང་ལ་བཀལ་ཡོད”ཟེར། 

      ཁྱོད་ཀྱིས“གྲོགས་པོ།མེ་ཏོག་གི་གང་བུ་རྣམ་པར་གྲོལ་བའི་བྱུང་རིམ་དེ་དཔྱིད་ཀ་ཁོ་ནའི་དྲོད་ཁོལ་ལ་རག་ལས་པ་ལས་གསེར་སྦྲང་ཞིག་གི་སེམས་དོན་ལ་རག་ལས་མི་འདུག ཡང་གཅིག་བཤད་ན་ས་ཆ་འདི་ང་ཁོ་ནར་དབང་བའི་མི་ཡུལ་གྱི་དཔེ་མཛོད་ཁང་ཆུང་ཆུང་ཞིག་ཡིན་པས།འདིའི་བར་གཞི་གང་ཞིག་ལ་བུ་མོ་ཞིག་གི་འདྲ་པར་བཀལ་བ་ནི་འོས་མེད་པའི་ལས་སུ་བསྙོན་ཡོད་པ་ཁྱོད་ཀྱིས་མི་ཤེས་སམ།”ཞེས་བརྗོད་པར།

མི་དེའི་སྒྱིད་ལུག་དང་བག་འཁུམ་གྱིས་བཅུམས་པའི་ཀླད་པ་དེ་ཡུན་རིང་ཞིག་ལ་བསམ་བློར་འཁོར་རྗེས་བསམ་གཟས་ཏེ་བདག་གི་གྱང་ལྡེབས་སུ་དཔྱངས་པའི་སྒྱུ་འཕྲུལ་གྱི་སྒེའུ་ཁུང་དེར་བསྙེགས་ཀྱིན། 
  
འོ་ན། རབ་རིབ་ཏུ་གྱུར་བའི་མེ་ལོང་ཆེན་པོ་འདི་ཡང་ཁྱོད་དང་རིགས་ཐ་དད་དུ་སྣང་བ་མ་ཡིན་ནམ།”ཟེར། 

      ཁྱོད་ཀྱིས་སླར་ཡང་ཨུ་ཚུགས་ཀྱིས“འགྲོ་བ་མིའི་རིགས་ཀྱི་བརྩེ་ཞེན་དང་ཆགས་སྡང་གི་ངོ་བོ་མཐོང་འདོད་ན་མི་སེམས་ཀྱི་རང་གཤིས་མཚོན་པའི་མེ་ལོང་ཞིག་ཅི་ལ་ཡོད་མི་འོས།འོན་ཀྱང་མེ་ལོང་འདིའི་ནང་དུ་འཆར་བ་ནི་ཁྱོད་ཀྱི་སྐྱོ་ཤས་དོད་པའི་ངོ་གདོང་དེ་ཁོ་ན་མ་ཡིན་པར་ཤ་ཁྲག་གི་བཙན་རྫོང་ལ་གློག་ཞགས་ཀྱི་འཇིག་པ་འཕོས་པའི་རྨི་ལམ་སྐྱུར་པོ་ཞིག་དང་རྣམ་ཤེས་ཀྱི་སྦྲང་བུ་འཛིན་པའི་རང་དབང་གི་མེ་ཏོག་ཅིག་བཞད་ཡོད།”ཅེས་པར།

མི་དེ་ཤིན་ཏུ་ཡིད་མ་ཆེས་པར་ཁོའི་རང་མདངས་ཤོར་བའི་ངོ་གདོང་སྐྱ་བོ་དེ་ལན་བཅུ་གྲངས་ཤིག་ལ་མེ་ལོང་དུ་འཆར་བའི་རེ་ལྟོས་བྱས་ནའང་ཁོང་གི་བཞིན་རས་ཀྱི་གྲིབ་མ་ཙམ་ཡང་མེ་ལོང་དུ་མ་ཤར་བས་ན་ཁོ་ལའང་གནོད་མེད་ཀྱི་ཐེ་ཚོམ་གློ་བུར་བ་ཞིག་སྐྱེས་བཞིན་མགུལ་དུ་དཔྱངས་པའི་རྒྱང་ཤེལ་དེ་བླངས་ནས་མེ་ལོང་ནང་གི་ཡུལ་ལྗོངས་ལ་བལྟས།

  མེ་ལོང་ནང་དུ་ཤར་བ་ནི་རྩ་བ་དུག་གིས་བརླན་པའི་གངས་རི་དཀར་པོ་ཞིག་གྲོང་ངེར་འགྱིང་ཡོད་ཅིང་དེའི་འདབས་རོལ་དུ་རླུང་ཁ་ན་ཟད་ཀྱིན་པའི་སྦྲ་ནག་མང་པོ་ཞིག་ཁོག་སྟོང་དུ་ལུས་འདུག 

འཇིག་རྟེན་གཞན་གྱི་ལྟ་བུའི་མི་རེ་གཉིས་ཤིག་གིས་འགྱིག་དམ་སྟོང་བ་འགའ་ཁྱེར་ཡོང་སྟེ་དུག་དེའི་ཁྱབ་ཁོངས་ལ་ཉིང་རྡུལ་གྱི་རྒྱུ་ཆ་བརྒྱ་ཆའི་ཅི་ཙམ་ཟིན་པའི་ཚོད་ལྟ་བྱེད་ཅིང༌།

གངས་རིའི་རྩེ་མོ་ན་ལུས་ཡོངས་སྤུ་ཡིས་ཁེབས་པའི་སྤྲ་མི་ཞིག་མགོ་བོ་ལག་པའི་སྐྱོར་བཞིན་བསམ་གཞིགས་ལ་གཡེང་ཡོད་ཅིང་ཁོའི་ཆུང་མ་ལྟ་བུའི་བུ་མོ་མཛེས་ཤིང་ལྟ་ན་སྡུག་པ་ཞིག་གིས་སེར་སྣ་དང་ཐེ་ཚོམ་ཅི་ཡང་མེད་པར་ཤོག་སྒོར་མང་པོ་རླུང་རྟ་བཞིན་བར་སྣང་ལ་སྤུར་ཅིང་མཚམས་ལན་རེར་བརྩེ་མདངས་མེད་པའི་མིག་ཟུང་གིས་མགོ་ཐོག་གི་ཟླ་བ་ལ་ཐེངས་རེ་བཞིན་ལྟ་བར་བྱེད། 

གློ་བུར་དུ་མེ་རི་གས་པ་ལྟ་བུའི་སྒྲ་འཇིགས་སུ་རུང་བ་ཞིག་གྲགས་པ་དང་མཉམ་དུ་བུ་མོ་དེའི་མངལ་གྱི་ལྟོ་བ་ནས་ཕྱི་དབྱིབས་མཛེས་པའི་སྒོ་ང་ཆེན་པོ་ཞིག་སར་ལྷུང་བ་དང་སྔར་གྱི་སྤྲ་མི་དེ་ཡང་བསམ་གཞིགས་ལས་ཕྱིར་སད་དེ་བྲེལ་འཚུབ་ཀྱིས་སྒོ་ང་དེའི་མདུན་དུ་ལྷགས་ཤིང་རླངས་པ་ཐུལ་ཐུལ་གྱི་སྒོ་ང་ལ་ཡུན་རིང་ཅེར་རྗེས། ཐེ་ཚོམ་སྤུ་ཙམ་ཡང་མེད་པར་སྒོ་ང་དེའི་ཕྱི་ཤུན་དང་བཅས་པའི་ཡོད་ཚད་ཁོག་ཏུ་མིད།

བུ་མོ་དེས་བྱིས་པའི་གླེན་རྟགས་སྟོན་པའི་ཚུལ་གྱིས་སྤྲ་མི་དེས་སྒོ་ང་ཟ་བའི་རྣམ་པ་ལ་ཡུན་རིང་བགད་ཐར་སྔར་བཞིན་བརྩེ་མདངས་མེད་པའི་མིག་ཟུང་གིས་མགོ་ཐོག་གི་གས་སྲུབ་ཤོར་བའི་ཟླ་བ་ལ་ལན་གཅིག་བལྟས། 

གས་སྲུབ་ཤོར་བའི་ཟླ་བ་དེ་མཛའ་བོ་གྲོངས་པའི་ཡུགས་མོ་ཞིག་གི་ངང་ཚུལ་གྱིས་གངས་རི་དེའི་རྒྱབ་ལ་ནུབ་པས། སྔར་གནས་ཀྱི་ཡུལ་ལྗོངས་ཐ་དག་དམར་བོ་དམར་རྐྱང་དུ་གྲུབ་ཅིང༌། གངས་རིའི་སྟེང་གི་སེམས་ཅན་དེ་གཉིས་ཀྱང་འབུ་སྲིན་འགུལ་བའི་རང་བཞིན་ལས་ཡོངས་སུ་མི་སྣང་བར་གྱུར་སོང༌། 

མི་དེས་དུས་ཡུན་རིང་པོ་ཞིག་ལ་ཇི་ལྟར་མེ་ལོང་དུ་བལྟས་ནའང་མེ་ལོང་དུ་ཤར་བ་ནི་ཁ་ཆེས་ཆེར་གདངས་པའི་འཕྲུལ་འཁོར་ཆེན་པོ་གཉིས་ཀྱི་མིག་ཟུང་ལས་མྱོང་བ་གཞན་གང་ཡང་མ་ཐོབ་པས་ཁོ་ཁོང་ཁྲོ་དང་བཅས་ཁ་ཕྱིར་འཁོར་བཞིན།“མེ་ལོང་འདིའི་ནང་དུ་མི་རྣམས་ཀྱི་སོང་ཚར་བའི་དམུ་རྒོད་ཀྱི་འཚོ་བ་ཞིག་ལས་ཤོང་དཀའ་བ་ཡིན་ན་དངོས་ནས་དོན་སྙིང་གིས་སྟོང་འདུག”ཟེར། 

 ཁྱོད་ཀྱིས་ཁོ་ལ“ཁྱོད་ཀྱིས་ཆགས་ཞེན་དང་སེར་སྣའི་ཁེངས་པའི་མིག་ཟུང་ལས་ངའི་མ་འོངས་པའི་འཇིག་རྟེན་གྱི་ལོངས་སྤྱོད་དེ་ཁྱོད་ཀྱིས་ད་ལྟ་ཉིད་དུ་མཐོང་ཐུབ་པ་འདི་སུ་ཞིག་གིས་ཁྱོད་ལ་གནང་བའི་རང་དབང་གི་གཡོ་འཕྲུལ་ཡིན་ཞེས་མི་འདྲི་དོན་ཅི་ཡིན”ཞེས་པར།

      ཁོས“འོ་ན་མེ་ལོང་ནང་གི་སེམས་ཅན་དེ་གཉིས་སུ་རེད”ཟེར།
     “
སྤྲ་དེ་བཟའ་བཏུང་གི་ལོངས་སྤྱོད་ཁོ་ནར་བསྙེས་མཁན་དུད་འགྲོ་ལྟ་བུ་ཁྱོད་ཀྱི་གཟུགས་རིས་དང་མཛེས་སྡུག་ལྡན་ལ་བསམ་བློ་མེད་པའི་བུ་མོ་དེ་ཁྱོད་ཀྱི་ཁོར་ཡུག་གིས་ཡོངས་སུ་ཕམ་པར་བཟོས་པའི་བདག་གི་ཉེས་པའི་ཚབ་མཚོན་གངས་ཀྱི་བུ་མོ་ཡིན།”

  སྐབས་འདིར་དཔེ་སྒྲོམ་སྟེང་གི་ཆུ་ཚོད་འཁོར་ལོ་དེ་སང་སང་གི་སྒྲ་དང་བཅས་དུས་ཚོད་བཅུ་གཉིས་ལ་ཐོན་པའི་བརྡ་བཏང་བྱུང་བས་སྔར་ཡོད་ཀྱི་རང་ཉིད་གཞན་དེ་ཡང་ལུས་ཟུངས་ཤོར་བའི་བགྲེས་པོ་ཉམ་ཐག་ཅིག་ཏུ་གྱུར་བ་ནས་འཚུབ་མ་ཞིག་གི་རང་སྣང་ལས་ཉི་ཟླའི་འཆར་ནུབ་དང་དགེ་སྡུག་གི་འགྱུར་བ་ཉམས་སུ་མྱོང་བཞིན་ཤུགས་ཆེན་པོས་འབར་གས་བྱུང་བའི་མཐའ་མར་རང་ཉིད་དང་བཅས་པའི་དཔེ་མཛོད་ཁང་ཧྲིལ་བོ་མེ་ལ་གཤེགས་སོང་ན་ཡང་ཁྱོད་ཀྱིས་བློ་སྤོབས་ཆེན་པོའི་སྙན་ངག་གི་དམ་ཚིག་བཞེངས་པའི་རང་གི་བརྩམས་ཆོས་དག་སླར་ཡང་རུས་ཀོག་གི་ཚིག་རོ་སྤུངས་པའི་དཔེ་སྒྲོམ་དེའི་གཞུང་ལ་གཅིག་པུར་ཁེར་རྐྱང་དུ་བཞག

 


            བསྒྱུར་རྩོམ།

 

                                                           ཨ་མའི་མིག་ཆུ།

                                            ༼པོ་ཅ་ལིས་ཡ༽ཨན་ཀི་ཨར*ཁ་ལ་ལེ་ཆུའུ་ཧོས་བརྩམས།

                 བསིལ་ཆར་གྱི་འབབ་རྒྱུན་ཁ་ཤས་ཤག་ཤག་ཏུ་འཇོ་དུས་ཤིག་ལ།ལྡུམ་རྭའི་ཁྲོད་དུ་སུམ་པའི་སྡོང་སེར་གྱི་ལོ་མར་གསེར་འོད་ལམ་ལམ་དུ་འཕྲོ་ཞིང༌།འཁྲི་ཤིང་ལ་འཁྱུད་པའི་རྒུན་འབྲུམ་གྱི་འབྲས་བུ་ཆེན་པོར་ཆགས་པ་ནས་རྒྱགས་སྟོབས་ཀྱིས་གས་པའི་སྣང་བ་སྟེར།རྒྱ་སྨུག་མདོག་ཅན་གྱི་མེ་ཏོག་གིས་ཙི་བན་དེ་ཉིད་ཆེས་དམའ་སར་དཔྱངས་ཡོད་ལ།ཙི་བན་མེ་ཏོག་གི་འདབ་རོལ་ན་རྫ་བན་ཆག་པོ་ཞིག་ལོ་མ་ཐོར་བའི་ཉམས་སྣང་གི་ཁྲོད་དུ་ཕར་ཚུར་ལ་འགྲིལ་བཞིན་ཡོད་ཅིང༌།རྫ་ཁོག་དེའི་གཏིང་ངོས་སུ་ཚང་མལ་བཟོས་པའི་ཁུག་རྟའི་ཕྲུ་གུ་ཞིག་གྲང་ཞིང་སེམས་ངལ་གྱིས་མནར་བ་ལས་ལུས་པོ་ཕྱོགས་གཅིག་ཏུ་འཁུམ་སྟེ་འདར་སིག་སིག་གི་རང་བཞིན་མངོན་ཡོད་འདུག 

          ཆགས་ས་རྟེན་ཡུལ་མེད་པའི་ཁོ་མོའི་གཅེན་མོ་གཉིས་པོ་སྔ་ས་ནས་ལྷོ་ཕྱོགས་སུ་འཕུར་ལ།མ་ཡུམ་སྟེ། བརྩེ་ལྡན་གྱི་ཨ་མ་དེ་ཉིད་ཀྱང་རྒྱང་རིང་གནམ་མཐོའི་མཚམས་སུ་བདེ་དྲོད་ཀྱི་སྣང་བ་ལ་ཕྱོགས་བཞིན་ས་གཞན་ཞིག་ཏུ་འཕུར་སོང་བས་ན།འཁྱགས་ཤིང་གཤེར་བའི་མཚན་མོར་ཁོ་མོར་སུ་ཞིག་གི་དྲོད་སྣང་སྟེར་ངེས་སམ།རྫ་ཁོག་གི་གཏིང་ངོས་སུ་ཁོ་མོ་གྲོགས་མེད་ཁེར་རྐྱང་དུ་ལུས་པ་ནས་ཁྱིམ་མི་ཚོ་དང་ལྷན་དུ་འགྲོ་མ་ཐུབ་པ་ནི་ཁོ་མོའི་ལུས་པོར་རྨས་ཕོག་སྟེ་འཕུར་མ་ཐུབ་པས་ཡིན།

    དེ་ཡང་དབྱར་ཁ་ཞིག་སྟེ་ཁོ་མོའི་ཁྱིམ་མི་མཐའ་དག་མདའ་ཡབ་ཀྱི་འོག་རོལ་ན་འབབ་སྡོད་ཀྱི་ཚང་མལ་ལ་སྙེགས་དུས་སུ་ཁང་བ་གློ་བུར་དུ་མེར་ཤོར་བས།ཨ་མ་ལགས་མྱུར་སྐྱོབ་ཀྱི་ལམ་ཁར་སྙེགས་བྱུང་ནའང་དུས་ཚོད་འགོར་དྲགས་ཏེ་དམར་ལྷོག་ལྷོག་གི་མེ་ཟླུམ་ཞིག་ཚང་མལ་དུ་ལྷུང་བ་ནས་ཁོ་མོའི་འདབ་གཤོག་རང་སྲེག་སོང༌།ཏག་ཏག་སྐབས་དེར་ཁོ་མོ་སྒོ་ང་ལས་བཏོན་ཏེ་འཇིག་རྟེན་དུ་སྐྱེ་མ་ཐག་ཡིན་ལ་ལུས་ཡོངས་དམར་རྗེན་དུ་གནས་པས་དེ་ཉིད་ཀྱི་སྡུག་བསྔལ་བཟོད་བསྲན་མེད་པ་ཞིག་གིས་ཁོ་མོ་བརྒྱལ་སོང༌།བརྒྱལ་བ་ལས་སངས་དུས། རང་ཉིད་ཚང་མལ་གསར་བ་ཞིག་གི་ནང་དུ་ཐོན་ཡོད་ལ།མ་ཡུམ་གྱིས་མགོ་བོ་དུད་པ་ནས་ལོགས་ཤིག་ན་ཙོག་པུར་བསྡད་ཡོད་ཅིང་སེམས་ཁམས་ཧ་ཅང་སྐྱོ་ངལ་གྱིས་མནར་འདུག ཁོ་མོས་རང་གི་གཤོག་ཟུང་སྙོམ་པོ་དེ་འགུལ་ཙམ་ཞིག་བྱ་འདོད་ན་ཡང༌། དེ་ཉིད་ངལ་བ་འབྲས་མེད་དུ་གྱུར་སོང༌། རྒྱུ་མཚན་ནི་མོའི་གཤོག་པ་གཡོན་པ་དེ་མེ་ཡིས་འཚིག་ནས་སྐམ་པོར་གྱུར་འདུག 

  དབྱར་ཁ་སོང་རྗེས་སུ།རྒུན་འབྲུམ་གྱི་ཁ་དོག་ཇེ་སྟུག་ཏུ་སོང་བས།ལྡུམ་རྭའི་ནང་དུ་ཨ་མ་ལགས་ཀྱིས།“སྙིང་ཉེ་བའི་བུ་ཕྲུག  ང་ཚོ་དེ་རིང་ལྷོ་ཕྱོགས་སུ་འཕུར་རྒྱུ་ཡིན་ལ། ཁྱེད་ཉིད་འཕུར་མི་ཐུབ་པས་འདུག་དགོས་བྱུང་སོང༌།དེ་ཕྱོགས་ཀྱི་རྫ་བན་དེའི་ནང་དུ་བདག་གིས་བྱ་སྤུས་བཟོས་པའི་མལ་ཁྲི་འཇམ་པོ་ཞིག་བཏིང་ཡོད།འདི་ནི་ཁྱོད་ཀྱི་ཚང་མལ་ཡིན། རང་ཉིད་ཁ་ལྟོགས་པའི་དུས་སུ་ཕྱིར་བཏོན་ཏེ་རྒུམ་བུ་སྒྲུག་ཆོགསྡོང་རྭའི་གསེབ་ཏུ་ཡོད་ཚད་སིལ་ཏོག་གིས་ཁེབས་ཡོད། སྒུག་བཞིན་དཔྱིད་ཀ་ཐོན་རག་ཅིག་ལ་ང་ཚོ་སླར་ལོག་སྟེ་ཁྱོད་བཙལ་ངེས་ཡིན།”ཟེར།
        “
བཀའ་དྲིན་ཆེ། ཨ་མ་ལགས།ཁྱོད་ཀྱི་བཀོད་སྒྲིག་ལ་བཀའ་དྲིན་ཆེ་ཞུ།”ཁུག་རྟ་ཆུང་ཆུང་སྡུག་བསྔལ་གྱིས་མནར་བཞིན་དེ་སྐད་བརྗོད་ཅིང༌།ཁོ་མོས་རང་གི་མིག་ཆུ་འགེབས་ཆེད་མགོ་བོ་ཉིད་ཨ་མ་ལགས་ཀྱི་དང་གར་སྦྱར་ཞིང༌།ཁ་ཁུ་སིམ་མེར་གནས་་་་་་་་

   ཁོ་མོ་ཚོ་འཕུར་སོང༌།སྨྲེང་སྐྱོའི་སྡུག་བསྔལ་གྱིས་བསླེས་པའི་ཉི་མ་རེ་རེ་བཞིན་འདས་ཤིང་བརླན་གྱིས་བཟུང་བའི་འཁྲི་ཤིང་གི་ཡལ་ག་སྔར་ལས་མགོ་བོ་དུད་པར།ཆར་ལྡོག་གཅིག་ཆེས་དམའ་བའི་འདབ་མ་དེའི་ཡང་སྟེང་ནས་ཐུར་དུ་འགྲིལ་བྱུང༌། ཆར་རྡོག་དེ་འགྲིལ་བའི་སྐད་ཅིག་མའི་དུས་ལ་ཁུག་རྟ་ཆུང་ཆུང་གིས་སྒྲ་འཛིན་དུ་ཐོས་པ་ནི་ཆར་ཆུས་རྔམ་པ་ཞིག་འབྱིན་བཞིན།
      
 ཤུ།དངོས་ནས་ཐང་ཆད་པ་ལ།”ཟེར།

            ཁུག་རྟ་ཆུང་ཆུང་ཡ་མཚར་བའི་ངང༌།“སྐུ་ཉིད་ཕྱོགས་གང་ནས་ཡོང༌།”ཞེས་དྲིས་པར།
          “
ཨོ། སྙིང་ཉེ། སྙིང་ཉེ། ང་རང་ལམ་ཐག་རིང་བོ་ཞིག་སྟེ། རྒྱ་མཚོ་ཆེན་པོ་ནས་ཐོན་པ་ཡིན་ལ་ངའི་སྐྱེས་ཁུངས་ཀྱང་དེ་ག་རང་ཡིན།ང་ཉིད་ཆར་རྡོག་ཅིག་མ་ཡིན་པར་མིག་ཆུ་རྡོག་གཅིག་ཡིན།”ཟེར་ལ།དེ་དང་མཐུན་ནས།“མ་ཡུམ་ཞིག་གི་མིག་ཆུ་སྟེ།བདག་གི་ཚེ་སྲོག་གི་བྱུང་བ་དེའི་གཏམ་རྒྱུད་ཀྱང་ཧ་ཅང་ཐུང་སྟེ།ཉིན་དགུའི་སྔོན་དུ་རྒྱང་རིང་རྒྱ་མཚོའི་གནས་སུ་མདུན་དུ་གཤེགས་པའི་གྲུ་བོ་ཆེ་ཞིག་གི་དར་ཤིང་སྟེང་དུ་འབབ་སྡོད་བྱས་པའི་ཁུག་རྟ་ཞིག་ངལ་དུབ་ཀྱིས་མནར་བཞིན་མིག་ཆུ་ཁྲོམ་ཁྲོམ་དུ་བཞུར་གྱིན་འདུག”ང་ཉིད་ཡིད་སྐྱོ་སེམས་ཁྲལ་གྱིས་མནར་བའི་ཁུག་རྟ་དེའི་མིག་གཡས་པ་ནས་དེ་ལྟར་སྐྱེ་བ་ཡིན་ལ།རླུང་ཆེན་ལྡིང་ཞིང་ལྡིང་ཞིང༌། རྒྱ་མཚོ་ཆེན་མོའི་ངར་སྐད་བསྒྲགས་པའི་དུས་སུ། ཁུག་རྟ་དེས་ཉམས་ཐག་སྐད་ངག་གིས་རླུང་ལ་བཤད་རྒྱུར།“སྤུན་ཟླ་ལགས།ཁྱེད་ཉིད་འཇིག་རྟེན་གྱི་ཕྱོགས་ངོས་གང་ལ་ཡང་རྒྱུ་བས། སྐུ་ཉིད་པོ་ཅ་ལིས་ཡ་བརྒྱུད་དུས་སུ་ཐེངས་ཤིག་དགྱེ་ན་ཆོག་གམ། དགྱེ་ནས་ཀྱང་བདག་གིས་ཁེར་རྐྱང་དུ་བསྐྱུར་བའི་བྱིས་པ་དེ་ལ།  བྱི་ལ་ནག་པོ་ར་སྐོར་དུ་ཕར་འགྲོ་ཚུར་འགྲོ་བྱེད་བཞིན་ཡོད་པས་རྒྱང་རིང་ནས་སྐོར་དེ་འགྲོ་རྒྱུ”ཞེས་བརྗོད་རོགས།ང་འགྲོ་ཁར་མོ་ལ་འདི་ལྟར་བཤད་རྒྱུ་བརྗེད་སོང༌།“ད་དུང་ང་རང་སྨྲེང་སྐྱོའི་དྲན་གདུང་གིས་མནར་བཞིན་བསྡད་ཡོད་་་་་་་ཅེས་བརྗོད་རོགས”ཟེར།

    རླུང་གིས།“ཁྱོད་ཀྱི་བྱིས་པ་དེ་གནས་གང་ཞིག་ན་ཡོད”ཅེས་དྲིས་པར། ཁུག་རྟས།“བདག་གིས་མོ་རང་སྡོང་རྭ་ནང་གི་རྫ་བན་ཆག་པོ་ཞིག་གི་ནང་དུ་བསྡུས་ཡོད་ལ།ས་དེ་གར་རྒྱ་སྨུག་མདོག་ཅན་གྱི་ཙི་བན་མེ་ཏོག་བཏབ་ཡོད”ཅེས་ཁུག་རྟའི་སྐད་ཆའི་མཇུག་མ་རྫོགས་གོང་ང་རང་མོའི་མིག་གོང་ནས་འགྲིལ་ཏེ་ཕྱིར་བཏོན་བྱུང་ལ།རླུང་གིས་ང་འཁུར་ཏེ་འཇིག་རྟེན་ཀུན་ལ་ལྟ་སྐོར་དུ་ཁྲིད་ཅིང༌།ཉིན་དགུར་ལྗོངས་རྒྱུ་བྱས་པའི་མཐའ་མར་ང་རང་མེ་ཏོག་འདིའི་སྟེང་ལ་འཕངས་སོང༌།ངོ་མ་ཐང་ཆད་པ་ལའང༌།ངའི་ད་ལྟ་ཅི་ཡང་བསམ་གྱིན་མེད་ལ།བསམ་རྒྱུ་ཉག་གཅིག་ནི་འགྲེ་ལྡོག་གཅིག་གིས་ཐེངས་གཅིག་གཉིད་འདོད་ཟེར།
          ཁུག་རྟ་ཆུང་ཆུང་གིས་ཉན་གྱིན་ཡིད་ཡོངས་སུ་བཀུག་པས།ཁོ་མོ་བདེ་མྱུར་གྱིས་ཡར་བཞེངས་ཏེ་ཁ་གདངས་ཤིང༌།ཨ་མ་ལགས་ཀྱིས་དྲན་པ་འཐོར་བཞིན་ཕུད་པའི་མིག་ཆུ་དེ་ཁོག་ཏུ་མིད་ཅིང༌།སྐད་ཆུང་ངུས“བཀའ་དྲིན་ཆེ་ཞུ། བྱམས་ལྡན་གྱི་ཨ་མ་ལགས།”ཞེས་སྒྲོ་སྤུའི་མལ་ཁྲི་ལ་རྒྱབ་བསྙེས་ཀྱིས་གཉིད་དུ་ཡུར་སོང༌།

   མིག་ཆུས་ཁོ་མོར་བདེ་དྲོད་བྱིན་པས།ཁོ་མོ་ལ་ཨ་མ་ལགས་ཀྱི་གཤོག་ཟུང་འོག་བསྡམས་པའི་འཕྲུལ་སྣང་གིས་ཚིམས་སོང༌། 

 

 

[ཡོང་ཁུངས། ངེད་དྲ་བ།] [ཟླ་ཚེས། 09-06-18] [ཀློག་གྲངས། ]
དཔྱད་བརྗོད།

དཔྱད་གཏམ་སྤེལ་བ།
པར་དབང་ཡོད་ཚད་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་བརྒྱུད་འགོད་བྱེད་མི་ཆོག
Copyright © 2008 Tibetcm.coM All rights reserved. Powered by: Tibetitw.coM
E-mail:tibetcm@126.com    QQ:492779202 QQ:32460212