གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དམངས་ཕན་རིག་མཛོད་ཀྱི《བུད་མེད་རྩོམ་པ་པོའི་དཔེ་ཚོགས》པར་དུ་བསྐྲུན་པ།

2014-12-08 20:35:58 དཔལ་མོ་སོགས། ཀློག་གྲངས། མཆན ཡོད།

  ཉེ་ལམ། དམངས་ཕན་རིག་མཛོད་ཀྱི《བོད་ཀྱི་བུད་མེད་རྩོམ་པ་པོའི་དཔེ་ཚོགས》ཞེས་པའི་དེབ་ལྔ་ཡི་བདག་ཉིད་ཅན་ཞིག་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། གཤམ་དུ་གསལ་བ་ནི་དཔེ་ཚོགས་དེའི་རྩོམ་པ་པོ་དག་གིས་རང་ཉིད་ངོ་སྤྲོད་བྱས་པ་དང་རྩོམ་དེབ་རྣམས་ཀྱི་ནང་དོན་མདོར་བསྡུས་སུ་བཀོད་པ་དེ་ཡིན།

0002.JPG

   སྒྲོལ་མ་ཚེ་རིང་གི་ལོ་རྒྱུས་མདོར་བསྡུས།
   ང་ནི(པིར་མིང་ལ་མཚོ)ནི་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་མང་ར་ས་ཆར་སྐྱེས་པ་ཡིན།
ང་རང་ཆུང་དུས་ནས་དཔེ་ཀློག་གི་ཞོར་དུ་གླུ་དབྱངས་ལ་དགའ་ཞིང་། གླུ་དབྱངས་ཀྱི་ཞོར་ནས་རི་མོར་དུངས་ལ། རི་མོའི་ཞོར་ནས་རྩོམ་འབྲི་རྒྱུར་ཡང་མོས། སྐབས་དེར་དགའ་ཕྱོགས་མང་ཡང་གྲུབ་འབྲས་གང་ཡང་སྟོན་རྒྱུ་མེད་པས་ནམ་ཡང་སྟོང་འདང་གི་ཁྲོད་ནས་ལོ་ཟླ་འདས། སློབ་ཆུང་གི་སྐབས་སུ་དགེ་རྒན་གྱི་གཅར་རྡུང་དང་ཕ་མའི་བཀའ་བཀྱོན། སློབ་གྲོགས་ཚོའི་འཕྱ་སྨོད་ཁྲོད་ནར་སོན་པའི་ལོ་ཟླ་ནི་ད་དུང་ཡང་དྲན་པའི་ངོས་སུ་ཝ་ལེར་གསལ་ཡོང་། ཡིན་ཡང་། དེ་དག་གིས་ངའི་དགའ་ཕྱོགས་བཅོམ་མ་ཐུབ་པར་སྟོང་འདང་ངམ་ཕུགས་བསམ་མངོན་དུ་འགྱུར་བའི་སྤོབས་སེམས་ལྷག་པར་རྒྱས་པར་བརྟེན་ནས་སློབ་སྦྱོང་ལ་ཧུར་བརྩོན་བྱས་ཏེ་སློབ་ཆུང་ནས་སློབ་འབྲིང་དང་། དེ་ནས་འབྲིང་རིམ་སོགས་བརྒྱུད་ཅིང་བདེ་བླག་ངང་མཐར་ཕྱིན་པ་མ་ཟད། གླུ་དབྱངས་དང་རི་མོའི་ཐད་ནས་ཡང་བྱ་དགའ་གང་མང་ཐོབ།
སྤྱི་ཚོགས་འཚོ་བའི་རྨང་གཞི་བརྟན་པའི་རྗེས་སུ། དགེ་རྒན་གྱི་ལས་ཀའི་ཞར་ལ་གསར་རྩོམ་གྱི་ལམ་ལ་ཞུགས་ཏེ་བོད་ཁུལ་གྱི་དུས་དེབ་དང་ཚགས་པར་དུ་རང་གི་བརྩམས་ཆོས་མང་བོ་བཀོད།

  སེམས་པ་བཞུད་པའི་དབྱངས་ཞེས་པའི་སྙན་དེབ་འདིའི་ནང་དོན་གཙོ་བོ་ནི།
   སྙན་ངག་གི་དེབ་འདེའི་ནང་དུ་རྩོམ་པ་པོས༢༠༡༠ལོ་ནས༢༠༡༤ལོའི་བར་ལ་བྲིས་པའི་བརྩམས་ཆོས་དག་འདུས་ཤིང་། ཁྱོན་སྡོམ་པས་སྙན་ངག༦༥ཡོད་པ་དེ་དག་ལས་བརྩམས་ཆོས་མང་པོ་ཞིག་བོད་ཁུལ་གྱི་རྩོམ་རིག་དུས་དེབ་དང་ཚགས་པར། དྲ་རྒྱ་བཅས་ལ་བཀོད་ནས་རྒྱ་ཆེ་བའི་ཀློག་པ་པོའི་ཁྲོད་དུ་ཤུགས་རྐྱེན་མི་དམན་པ་ཐེབས་ཡོད།
 སྙན་དེབ་འདིའི་ནང་དུ། རྩོམ་པ་པོས་རང་གི་མི་ཚེའི་བགྲོད་ལམ་ཁྲོད་དངོས་སུ་མྱངས་ཤིང་བག་ཆགས་ཟབ་པའི་སེམས་ཚོར་མང་པོ་པིར་རྩེར་བླངས་ཡོད་ལ། སྙན་དེབ་ཧྲིལ་བོར《རྒྱང་བཞུད་ཀྱི་སྙིང་བོ》དང་《དྲན་པའི་ཟིན་བྲིས།》 《ཉེ་འཁོར་གྱི་མི་ལ་བླངས་པའི་གླུ།》《ངའི་སྒྱུ་འཕྲུལ་གྱི་ཁང་ཆུང་》བཅས་ཚན་པ་བཞི་རུ་བཀར་ཡོད་པ་དང་། ཚན་པ་དེ་དག་ཀྱང་སོ་སོར་ཡུལ་དུངས་དང་བརྩེ་དུངས། མ་འོངས་པའི་ཕུགས་འདུན་ཞེས་པའི་ཐ་སྙད་འགའ་རུ་བསྡུས་པ་ཙམ་མ་ཡིན་པར། རྩོམ་པ་པོའི་བླ་སྲོག་གི་གཏིང་རུམ་ཞིག་ཏུ་ནམ་ཞར་ཡང་འཕགས་འཚག་རྒྱག་གིན་པའི་བསམ་བློའི་སྙིང་སྟོབས་ཤིག་དང་ཚོར་འདུའི་འཕོ་སྤོབས་ཤིག་མཚོན་ཡོད་པར་མ་ཟད། ཁོ་མོའི་སྨྲ་བསམ་བརྗོད་འདས་ཀྱི་སེམས་ཚོར་མ་ལུས་མིག་ལམ་དུ་བསྟར་ཞིང་། རྫོགས་མཐའ་བྲལ་བའི་བདེ་སྐྱིད་དང་སྡུག་བསྔལ་སྣ་ཚོགས་ཀྱིས་མིའི་གཉུག་གཤིས་ཀྱི་རྟིང་མ་དེ་མངོན་པར་བྱས་ཏེ། འཚོ་བ་དངོས་ཀྱི་ཁྲོད་ནས་རང་གཞན་གང་རུང་གིས་བྱིན་པའི་གདུག་རྩུབ་དང་བདེ་བ་སོགས་མངོན་པར་མཚོན་པར་བྱས་ཡོད་དོ། །

   ཁ་བ་ལྷ་མོའི་ལོ་རྒྱུས་མདོར་བསྡུས།
   ང་ནི་མཚོ་སྔོན་བོང་སྟག་གི་འབྲོག་སྡེ་ཕལ་བ་ཞིག་ནས་སྐྱེས་པ་ཡིན་ལ། མིང་དངོས་ལ་མེ་ཏོག་སྐྱིད་ཟེར། ཆུང་ངུའི་དུས་ནས་གླིང་སྒྲུང་དང་གནའ་གཏམ་གཙོས་རྩོམ་རིག་བརྩམས་ཆོས་ཀློག་རྒྱུར་ཧ་ཅང་དགའ་བ་ཞིག་ཡིན། སློབ་ཆེན་གྱི་སྐབས་ནས་རྩོམ་ཐན་ཐུན་རེ་བྲིས་པ་ཡིན་མོད། དངོས་སུ་འབྲི་མགོ་བརྩམས་པའི་དུས་ནི་ཕལ་ཆེར་སྤྱི་ལོ་ཉིས་སྟོང་བཞི་ལྔ་ཙམ་ནས་ཡིན། དེ་ནས་བཟུང་《 གངས་རྒྱན་མེ་ཏོག 》དང་《 སྦྲང་ཆར 》གཙོར་བཟུང་བའི་སྒེར་གཞུང་གི་དུས་དེབ་གང་རུང་ལ་རྩོམ་རིག་བརྩམས་ཆོས་རེ་འགའ་བཀོད་མྱོང་ཞིང་། ལྷག་པར་དྲ་བའི་སྒང་ལ་ཅི་ནུས་ཀྱིས་མང་ཙམ་བྲིས་ནས་རང་གི་རྩོམ་འབྲིའི་ལམ་བུ་ལ་རྨང་འདིང་བར་བྱས་པ་ཡིན།
ང་ལ་མཚོན་ན་ད་དུང་སྤུས་ཚད་དང་གྲངས་ཚད་གང་ཐད་ནས་སྙན་དེབ་བཟོ་རྒྱུའི་ཆ་རྐྱེན་ལོངས་ཡོད་མེད་མི་ཤེས་པས། ཐེངས་འདིར་ཡང་བསམ་གཞིགས་གང་མང་བཏང་མཐར་ཐག་བཅད་པ་ཡིན།

  ཁ་བའི་རྣ་ཆ་ཞེས་པའི་སྙན་དེབ་འདིའི་ནང་དོན་གཙོ་བོ་ནི།
   དེབ་འདིའི་མིང་འདོགས་སྟངས་ཐད་ལ་རང་ཚོད་ཀྱིས་ཕྱོགས་གཉིས་ནས་འདང་བརྒྱབ་ཡོད་དེ། ཕྱོགས་གཅིག་ནི་བོད་ཁ་བ་ཅན་གྱི་རྣ་ཆ་ཞེས་རང་ཉིད་བོད་མི་ཞིག་ཡིན་པའི་ལྷག་བསམ་མཚོན་བྱེད་རྣ་ཆ་ནི་སྐྱེས་སྨན་དག་གི་རྒྱན་ཆ་ཡིན་པས་རང་ཉིད་སྐྱེས་སྨན་ཞིག་ཡིའི་མཚོན་བྱེད་དུ་བསམ་པ་ཡིན། ཕྱོགས་གཞན་ཞིག་ནས་ཁ་བ་ནི་རང་གི་སྨྱུག་མིང་ཡིན་པས་ང་རང་ཉིད་ཀྱི་རྒྱན་དུ་གྱུར་པའི་རྣ་ཆ་ལྟ་བུར་ཆུང་ཕྱོགས་ནས་བསམ་པ་ཡིན།
   དེབ་འདི་ལ་ལེའུ་གསུམ་དུ་དགར་ཡོད་དེ། ལེའུ་དང་པོ་དངུལ་གྱི་རྣ་ཆ། གཉིས་པ་དུང་གི་རྣ་ཆ། གསུམ་པ་གཡུ་ཡི་རྣ་ཆ་བཅས་ཡིན། འདིར་གསེར་གྱི་རྣ་ཆ་མེད་དོན་ནི་ང་རང་ཉིད་ཀྱི་དགའ་ཁ་འཁྱེར་ཕྱོགས་སམ་ཡང་ན་མཛེས་དཔྱོད་ཀྱི་ལྟ་བའི་ཐད་ནས་གསེར་ལས་དུང་དང་དངུལ་ལ་འདང་ཆེ་ཞིང་། གཡུ་ལ་དེ་བས་རྩིས་ཆེ་བས་ཡིན།
དངུལ་དང་དུང་གི་ཁ་དོག་དཀར་པོ་ཡིན་པ་དང་། ཁ་དོག་དཀར་པོས་བོད་ཀྱི་བསམ་བློ་དང་རིག་གནས་ཁྲོད་གོ་གནས་ངེས་ཅན་བཟུང་ཡོད་ཕྱིར། རང་ཉིད་ནི་བོད་ཀྱི་རིག་གནས་ཁོར་ཡུག་ཏུ་ནར་སོན་པ་ཡིན་པའི་ཆ་ནས་ང་རང་གི་ལྷག་བསམ་མཚོན་པར་བྱེད་པ། ལེའུ་དེ་གཉིས་ཀྱི་ནང་ལ་བཀོད་པ་ཕལ་ཆེ་ཤོས་མི་རིགས་དང་ཕ་ཡུལ་ལ་བཅངས་པའི་བརྩེ་བ་མཚོན་པའི་བརྩམས་ཆོས་དག་ཡིན། གཡུ་ཡི་མཛུབ་དཀྲིས་དང་གདུ་བུ། རྣ་རྒྱན་སོགས་ནི་དམངས་ཕལ་བའི་ཁྱིམ་ནས་སྐྱེས་པའི་སྐྱེས་སྨན་ང་ལ་མཚོན་ན་བརྩེ་དུངས་མཚོན་བྱེད་ཀྱི་རིན་པོ་ཆེ་དག་ཡིན་པས་གཡུ་ཡི་རྣ་ཆའི་ལེའུའི་ནང་དུ་ཐོབ་ཤོར་གྱི་འཇིག་རྟེན་འདི་ནས་བཙལ་ཏེ་རྙེད་པ། རྙེད་ཅིང་བོར་བ་དག་མཚོན་པའི་བརྩེ་དུངས་སྙན་ངག་རྐྱང་བཀོད་ཡོད།
རྩོམ་གྱི་གྲངས་ཀ་དང་ཤོག་ངོས་ཀྱི་ཐད་ནས་རྩོམ་སྒྲིག་ཁང་གི་རེ་བ་དང་ཚད་གཞི་ལྟར་བྱས་ཡོད་པས། འདིར་བཀོད་པ་དག་རང་ཚོད་ཀྱི་རྩོམ་ལེགས་ཤོས་རྣམས་བཏུས་པ་ཙམ་ཡང་མིན་པར་གང་རུང་རུང་བཅུག་ཡོད་པས་མི་འདང་ས་དང་མི་ལོང་ས་ཡོད་པ་ནི་སྨྲ་མ་དགོས་པ་ཞིག་ཡིན་པས་རྒྱ་ཆེ་བའི་ཀློག་པ་པོ་རྣམས་ལ་དགོངས་དག་ཞུས་པ་ཡིན།

  རྟོགས་སད་ལྷ་མོའི་ལོ་རྒྱུས་མདོར་བསྡུས།
   ང་ནི(མིང་གཞན་ཚེ་སྐྱིད་ལྷ་མོ)སྤྱི་ལོ༡༩༨༨ལོར་ལྷ་ས་འཕན་ཡུལ་ཁོངས་རྭ་སྒྲེང་གདན་སའི་ཉེ་འདབས་ཀྱི་གྲོང་བརྡལ་ཞིག་ཏུ་སྐྱེས་ཤིང་། ༢༠༡༡ལོར་བོད་ལྗོངས་གསོ་རིག་སློབ་ཆེན་དུ་མཐར་ཕྱིན། རང་ནུས་ལ་དཔོག་པའི་མི་ཚེའི་རིན་ཐང་ཞིག་མངོན་ཕྱིར་མི་ལོ་བཅུ་ཙམ་གྱི་རིང་དུ་གསར་རྩོམ་གྱི་ལམ་ལ་ཞུགས་ནས་ཡོང་བ་ཡིན། སྔ་ཕྱིར《གངས་རྒྱན་མེ་ཏོག》དང་《ཟླ་ཟེར》《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》《ལྷ་ས་དགོང་དྲོའི་ཚགས་པར》《ནག་ཆུའི་ཚགས་པར》བཅས་ཀྱི་སྟེང་ལ་སྙན་ངག་དང་ལྷུག་རྩོམ་བརྒྱ་ལ་ཉེ་བ་སྤེལ་མྱོང་། ༢༠༡༤ལོར་བུད་མེད་རྩོམ་པ་པོའི་དཔེ་ཚོགས་ལས《བོད་པའི་བུ་མོ》ཞེས་པའི་སྙན་དེབ་དཔར་དུ་བསྐྲུན།

  《བོད་པའི་བུ་མོ》ཞེས་པའི་སྙན་རྩོམ་གྱི་དེབ་འདིའི་ནང་དོན་གཙོ་བོ་ནི།
   ལང་ཚོ་ཡི་གསོན་ཤུགས་རྣམ་པར་རྒྱས་པའི་དུས་ཚིགས་འདིར། བརྩེ་སེམས་ཀྱི་ཉིང་ཁུས་བསྐྱངས་པའི《བོད་པའི་བུ་མོ》འདི་ཉིད་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་པ་དང་ལྷན་དུ་སྙིང་སྟོབས་ཆེན་པོས་ཀློག་པ་པོ་ལྷན་རྒྱས་ཀྱི་སྤྱན་སྔར་བཤམས་པ་ཡིན། འདི་ནི་ཚེ་སྲོག་གི་རྒྱང་འབོད་དང་མི་ཚེ་ཡི་མགུར་གླུ་གསོན་པོ་ཞིག་ཏུ་ངོམ་ཆོག་ལ། བུད་མེད་ཅིག་གི་བློ་སྤོབས་དང་འཚོ་བའི་སྣང་བརྙན་གསོན་པོ་ཞིག་ཏུའང་བརྩི་ཆོག དེས་ན་ཁོ་མོས་ད་བར་བྲིས་པའི་སྙན་ངག་དག་ལས་ལེགས་ཤོས་འདེམས་པའི་སྙན་དེབ་ཆུང་ཆུང་ཞིག་ཀློག་པ་པོའི་སྤྱན་ལམ་དུ་བསྟར་བའི་འདུན་པ་སྔ་ས་ནས་ཆེ་ཡང་། གོ་སྐབས་དང་མཐུན་རྐྱེན་གྱིས་མ་ལོངས་པར་ད་རག་བར་དུ་ལུས། འོན་ཀྱང་ཉེ་ཆར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་ཁོ་མོར་རེ་སྐུལ་དང་གོ་སྐབས་བཟང་བོ་ཞིག་གནང་བ་བཞིན་དེབ་ཆུང་འདི་དངོས་སུ་དཔར་བསྐྲུན་བྱེད་ཐུབ་པ་བྱུང་།

  ཚེ་རིང་དབྱངས་སྐྱིད་ཀྱི་ལོ་རྒྱུས་མདོར་བསྡུས།
   ང་ནི་སྤྱི་ལོ༡༩༦༢ལོའི་སྟོན་ཁར་ཡར་ཀླུང་གཙང་པོའི་གཞུང་གི་གྲུ་ཁ་ཞིག་ཏུ་བཟོ་པ་དཀྱུས་མ་ཞིག་གི་ཁྱིམ་དུ་སྐྱེས། ཁྱིམ་དུ་ང་ཚོ་གཅེན་གཅུང་བཞི་ཡོད་པའི་ཕྲུ་གུ་གཉིས་པ་ཡིན། ཕ་མ་གཉིས་ལས་བྲེལ་ཆེ་བས་ང་རང་ཧ་ཉིད་གོ་ཙམ་ལ་གྲོང་གསེབ་ཏུ་རྨོ་བོ་འགྲམ་དུ་བསྐྱལ། ངས་རི་གྲོང་འདིར་མི་ལོ་བཅུ་བཞི་ཧྲིལ་པོ་ཞིང་པའི་ཕྲུ་གུ་འཕྲུལ་མེད་གཅིག་ཏུ་མེ་ཤིང་འཐུ་རྒྱུ་དང་། ཞིང་ནང་རྩ་ངན་འདོན་རྒྱུ། ཕྱུགས་རྫི། ལུག་རྫི་བྱས་ཏེ་ངའི་ཚོན་མདོག་བཀྲ་བའི་བྱིས་དུས་འདས། གྲོང་གསེབ་ཏུ་འཚོ་སྡོད་བྱེད་རིང་རྒན་རབས་པ་ཚོའི་ཞལ་ལས་ཆེད་དག་ལ། ཆེད་མི་དག་པའི་དམངས་སྒྲུང་མང་དག་ཅིག་ཐོས། ངའི་ཉེ་འགྲམ་གྱི་ཨ་ཁུ་ཞིང་པ་ཚོས་ཡི་གེ་མི་ཤེས་ཀྱང་ལས་ཞོར་དང་། ངལ་གསོའི་དུས་སུ་ཁོ་ཚོའི་ཞལ་ལས་དཔའ་ངར་ཆེ་ལ། བདེན་སྐྱོང་གི་མྱང་ཚ་དཀར་རྒྱན་གྱི་གཟུགས་བརྙན་དེ་ཁྲ་ལྷམ་མེར་མིག་ལམ་དུ་གསལ་བ་མ་ཟད། སེམས་ཀྱི་རི་མོར་བཀོད་ཐུབ་པ་བྱུང་ལ། བློ་ཁ་ཆོས་ལ་ཕྱོགས་ཤིང་། མཛངས་མའི་ཡོན་ཏན་བརྒྱད་དང་ལྡན་པའི་སྣང་ས་འོད་ཀྱི་བུམ་པའི་གཏམ་རྒྱུད་ཀྱིས་སྣང་ས་ནི་བུད་མེད་ཡོངས་ཀྱི་མིག་དཔེ་ཞིག་ཏུ་ངོས་བཟུང་། གཟུགས་མཛེས་སེམས་བཟང་གི་ཡིད་འཕྲོག་ལྷ་མོའི་གཏམ་རྒྱུད་ཀྱིས་ང་རང་འཇོན་པའི་ཚལ་གྱི་ལྷ་མོ་ཞིག་བྱེད་པར་འདོད། གླིང་སྒྲུང་གིས་རྟོག་བཟོའི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་ལོ་ན་ཕྲ་བའི་ང་རང་ཡང་དགྲ་འདུལ་གཉེན་སྐྱོང་གི་དཔའ་བོ་ལ་ཡིད་རང་ལྷག་པར་སྐྱེས། མདོར་ན་སྐབས་དེར་མཚོན་ན་ང་ནི་འཆར་སྣང་ལ་དགའ་ཞིང་། དྲན་རྒྱུ་དགོས་པའི་བུ་མོ་ཞིག་ཡིན་པས་ཉིན་མོར་ཐོས་པའི་སྒྲུང་གཏམ་དེ་དག་གིས་ཁ་ཁུ་སིམ་པའི་མཚན་མོ་རེ་རེར་རང་དབང་ངང་འཆར་སྣང་གི་འཇིག་རྟེན་མྱུལ་བ་ཡིན། སྐབས་དེར་ཚུལ་དེ་ནི་ང་རང་གི་རྒྱལ་སྤྲོས་ཆེ་ཤོས་ཀྱི་ལོངས་སྤྱོད་དེ་ཡང་ཡིན།
   ༡༩༧༦ལོར་ཁོ་མོ་མཐའ་ཡས་ཞིང་ཐང་དང་། སྐྱིད་ལ་སྡུག་པའི་ལུང་ཁུག བྱམས་བརྩེ་ཆེ་བའི་རྨོ་བོ། ལས་ལ་བརྩོན་པའི་ཨ་ཇོ། ཨ་ཅག་ཚོ་དང་བྲལ་ཏེ་ཕ་མ་གཉིས་ཀྱི་མདུན་དུ་བསླེབས། དུས་དེ་ནས་ངའི་སྐྱེས་ཁུངས་ལ་དོན་འཁྱོལ་བྱུང་སྟེ་ང་རང་ཞིང་པ་དཀྱུས་མ་ཞིག་མ་ཡིན་པར་ཕོག་ཟན་བཟོ་པའི་བུ་ཕྲུག་རྣལ་མ་ཞིག་ཡིན་པའི་ར་སྤྲོད་བྱུང་།
ང་རང་སློབ་གྲྭར་འགྲིམས་མགོ་ཚུགས། དཔེ་ཁུག་སྒལ་པར་ཁྱེར་ཏེ་སློབ་གྲྭར་བསྐྱོད། ༡༩༨༢ལོར་བོད་ལྗོངས་དགེ་འོས་སློབ་གྲྭར་ཚུད་པའི་བརྡ་ཐོ་འབྱོར། ང་རང་ཆུང་དུས་ནས་གོས་དཀར་ལྷ་རྗེར་ལྷག་པར་སྨོན་པས་སྨན་པའི་སློབ་གྲྭ་ཞིག་ལ་འགྲོ་བར་འདོད་ཀྱང་དེ་དང་ང་རང་བར་ལ་ལས་འགྲོ་མེད་པས་ལས་དབང་གི་ལྷ་མོས་ང་རང་དགེ་རྒན་ཞིག་བྱེད་རྒྱུའི་བཀོད་སྒྲིག་གནང་། སློབ་གྲྭ་ནས་མཐར་ཕྱིན་རྗེས་དགེ་རྒན་ཞིག་བྱེད་རྒྱུ་ལོས་ཡིན། ཐོག་མར་ལས་དེ་ནི་ངས་མི་མོས་ཤོས་ཀྱི་ལས་ཤིག་ཡིན་པས་དགོས་པ་ལག་ཏུ་མི་ཐེབས། མི་དགོས་ཐོག་ཏུ་བབས་པ་ལྟ་བུ་ཞིག་བྱུང་། ༡༩༨༧ལོར་སློབ་གྲྭ་ནས་མཐར་ཕྱིན་རྗེས་ང་རང་བཤད་སྟེགས་ལ་ཁ་མ་བྲལ་བར་ད་བར་མི་ལོ་ཉེར་དྲུག་འདས། དལ་པོ་དལ་པོས་ང་རང་ལས་དེ་ལ་དུང་ཞིང་དགའ་བ་ཞིག་ཏུ་གྱུར། རྒྱུན་མཚན་ནི་རང་གི་ལུས་ཐོག་ཏུ་མ་སྨིན་པའི་རྨི་ལམ་མང་པོ་ཞིག་ངའི་སློབ་མ་ཚོའི་ལུས་ཐོག་ཏུ་མངོན་གྱུར་བྱུང་སྟེ་དགེ་རྒན་ཆེ་མོ་བ་དང་། དམག་མི། གོས་དཀར་ལྷ་རྗེ་ལ་སོགས་ལས་རིགས་མི་འདྲ་བའི་ལས་གནས་ཐོག་བྱ་བ་བསྒྲུབས་དང་སྒྲུབ་མུས་ཡིན་པས་ང་རང་དགའ་བ་མི་སྐྱེས་ཅི་ལ་སྲིད། ཉིན་མོར་ངེས་པར་དུ་བསྒྲུབ་དགོས་པའི་བྱ་བ་དག་ཛ་དྲག་ཆེན་པོས་བསྒྲུབས་རྗེས་ལྷག་པའི་དུས་ཚོད་ཡ་ང་དེ་ནི་བདག་ལ་དབང་ཞིང་། མཚམས་དེར་ཉིན་མོའི་ཟང་ཟིང་གི་བྱ་བ་དག་རྒྱབ་ཏུ་བསྐྱུར་ནས་ལུས་སེམས་གཉིས་ཀ་ལྷིང་འཇགས་ངང་གནས་གཟོད་བདེ་བའི་དཔལ་ལ་རོལ་ཆོག མཚམས་དེར་ང་རང་རྩོམ་རིག་ལྟ་རྒྱུར་དགའ་ལ་ འབྲི་རྒྱུར་དེ་བས་ཀྱང་དུང་བ་ཡིན། ཁོ་མོའི་བརྩམས་བྱ་ཐོག་མ་ནི༡༩༨༣ལོར《བོད་ལྗོངས་ཉིན་རེའི་ཚགས་པར》གྱི་སྨྱུག་གསར་ལེ་ཚན་ཐོག་བཀོད་པའི་རྩོམ་བྱང་《ང་དང་གཡང་འཛོམས་ཀྱི་ལས་དབང་》ཞེས་པའི་བརྩམས་སྒྲུང་ཐུང་ཐུང་དེ་ཡིན། དེ་ནི་ཁོ་མོས་རྟོག་བཟོ་དང་། དོན་དངོས་གཉིས་བཟུང་དུ་སྦྲེལ་ཏེ་ཡུན་རིང་སེམས་ཀྱི་ཁང་ཆུང་ནང་བསགས་ནས་བྲིས་པ་ཞིག་ཡིན་པས་སྒྲུང་ཐུང་དེས་ཁོ་མོར་རྩོམ་ཡོན་སྒོར་མོ་ཉི་ཤུ་རྩ་ལྔ་རག་སྟེ་ལྐོ་ལྷམ་གསར་པ་ཞིག་ཉོ་ཐུབ་པ་བྱུང་བ་མ་ཟད། ངའི་མངོན་ཆུང་བའི་མིང་དེ་ཡང་སློབ་གྲྭའི་ནང་ཁྱབ་པ་མ་ཟད་འཛིན་གྲྭ་གཅིག་པའི་སློབ་མ་ཚོས"谢冰心"ཞེས་པའི་མིང་འདོགས་བཏགས། ཐོག་མར་མིང་དེ་ཐོས་སྐབས་སེམས་ནང་ངོ་ཚའི་ཚ་བ་བརྒྱབ། གདོང་ཚ་ལམ་ལམ་བྱེད་ཀྱི་ཡོད་ཀྱང་རྗེས་སུ་མིང་འདོགས་དེས་ང་ལ་རྟེན་འབྲེལ་བཟང་པོ་ཞིག་འགྲིག་བྱུང་། དུས་དེ་ནས་མགོ་བཙུགས་ཏེ་རྩོམ་ཡིག་འབྲི་བའི་ལམ་ལ་བཞུགས་ཏེ་མི་ལོ་སུམ་བཅུ་ཧྲིལ་ཧྲིལ་འདས། མ་གཞི་ལོ་འདི་དག་ནང་ཁོ་མོས་བྲིས་པའི་རྩོམ་ཡིག་གི་གྲངས་ཚད་ཉུང་ལ། སྤུས་ཚད་དེ་ཙམ་མི་ལེགས་ཀྱང་རྩོམ་ཡིག་ནི་ངའི་ཚེ་སྲོག་གི་གྲུབ་ཆ་གལ་ཆེན་ཞིག་དང་། རྣམ་ཤེས་ཀྱི་རྟེན་ས་གལ་ཆེན་ཞིག་ཡིན།

  མི་ཚེའི་འགྲུལ་བཞུད་ཅེས་པའི་ལྷུག་རྩོམ་གྱི་དེབ་འདིའི་ནང་དོན་གཙོ་བོ་ནི།
   《མི་ཚེའི་འགྲུལ་བཞུད》ཅེས་པའི་ལྷུག་རྩོམ་གྱི་དེབ་འདི་ནི་ཁོ་མོས་ལོ་མང་རིང་ཐར་ཐོར་དུ་བྲིས་པ་ཡིན་ཞིང་། འདི་དག་ལས་འགའ་རེ་དུས་དེབ་སྟེང་བཀོད་པ་ཕུད་ཕལ་ཆེ་བ་ཐོག་མར་ཀློག་པ་པོའི་སྤྱན་ལམ་དུ་ཕུལ་བ་ལགས། འདི་དག་ལ་ཧ་ལས་ཧང་སངས་ཀྱི་བརྗོད་དོན་སྙིང་པོ་མེད་ལ། ཚིག་གི་སྦྱོར་བ་སྙན་རྒྱུ་མེད་ཀྱང་། འདི་དག་ནང་མཐོང་ཐོས་སྤེལ་མའི་ལམ་ནས་ཁོ་མོའི་སེམས་ཀྱི་བག་ཆགས་དང་། སྐྱིད་ལ་སྡུག་པའི་མི་ཚེའི་གནས་ལུགས། དགའ་སྐྱོ་ཆགས་སྡང་སྤེལ་མར་བསྲེས་ཏེ། ནང་བསམ་པའི་འདུ་ཤེས་བཅས་མཚོན་པར་བྱས་ཡོད་ལ། བུ་ཕྲུག་ཅིག་གིས་ཕ་མར་བཅངས་པའི་བརྩེ་སེམས་དང་། ཨ་མ་ཞིག་གིས་རང་གི་བུ་ཕྲུག་ལ་བཅངས་པའི་དུང་སེམས། དར་མ་ཞིག་གི་ཧ་ཅང་ལྕི་བའི་འགན་ཁྲི། དུས་སྐབས་མི་འདྲ་བ་དང་། ཁོར་ཡུག་མི་འདྲ་བའི་ནང་གི་སྤྱི་ཚོགས་ཀྱི་སྣང་ཚུལ་ཡང་ཇི་མ་ཇི་བཞིན་མངོན་པར་བྱས་ཡོད།
དེས་ན་ལྷུག་རྩོམ་འདི་དག་ནི་དངོས་འབྲེལ་བཙན་ཤེད་ཀྱིས་བཙིར་བའི་དུས་ཚོད་ལ་བརྟེན་ནས་ནང་སེམས་ཀྱི་འགྱུར་བ་མཚོན་པ་བྱས་ཡོད། ཁོ་མོ་ནི་རྩོམ་ཡིག་འབྲི་ཀློག་བྱ་རྒྱུར་མོས་ཤིང་། རྩོམ་ཡིག་འབྲི་ཀློག་བྱ་རྒྱུར་དུང་། འགྱུར་བ་མེད་ལ་ཛ་དྲག་ཆེ་བའི་ཕྱི་ནང་གཉིས་ཀྱི་ཟང་ཟིང་གི་ལས་བྲེལ་གྱིས་ངའི་ལུས་སེམས་གཉིས་ཐང་ཆད་དེ་དབུགས་ཀྱང་གཏོང་དཀའ་བའི་གནས་སུ་གྱུར་སྐབས་ནང་སེམས་ཀྱི་འཆར་སྒོ་དག་ཤོག་ཐོག་ཏུ་ཕབ་རྒྱུར་དགའ། རྩོམ་ཡིག་འབྲི་བ་དེ་ནི་ངའི་དགའ་ཕྱོགས་དང་། མོས་ཕྱོགས་ཙམ་ལས་རྩོམ་རྩལ་གྱི་ཐད་ནས་འབུར་དུ་ཐོན་པའི་སྒྱུ་རྩལ་དང་། ཁྱད་ཆོས་ཡོད་པ་ཞིག་མིན་ཡང་རྩོམ་ཡིག་འབྲི་རྒྱུ་དེ་ངའི་མི་ཚེའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྲུབ་ཡོད་པ་མ་ཟད་སེམས་གསོ་བའི་ཐབས་ལམ་བཟང་པོ་ཞིག་ཀྱང་ཡིན། གང་ལགས་ཤེ་ན་དེས་ཁོ་མོར་སེམས་གསོ་དང་། སྐྱོ་རོགས། དགའ་རོགས་བྱེད་ཀྱི་ཡོད། དེ་ནི་དུས་ནམ་ཡིན་རུང་ངའི་རྒྱས་སྤྲོས་ཆེ་ཤོས་ཀྱི་ལོངས་སྤྱོད་དེ་ཡིན།

   དཔལ་མོའི་ལོ་རྒྱུས་མདོར་བསྡུས།
   ང་ནི་མཚོ་སྔོན་པོའི་འབྲོག་སྡེ་ཞིག་ཏུ་སྐྱེས། ལོ་བཅུ་གཉིས་ནས་གཟོད་སྡེ་བའི་ནང་གི་རྩྭ་ཐང་སློབ་ཆུང་ལ་ཞུགས་པའི་སྐལ་བ་ཐོབ། ལོ་བཅུ་བཞིའི་ཐོག་མཚོ་བྱང་ཁུལ་མི་རིགས་དགེ་འོས་སློབ་གྲྭར་ཞུགས་ཏེ་བོད་ཀྱི་བརྡ་སྤྲོད་རིག་པ་དང་སྙན་ངག་མེ་ལོང་། མངོན་བརྗོད། ཚད་མ་བཅས་དང་། ཞོར་དུ་རྒྱ་ཡིག་དང་རྩིས་རིག་སོགས་ལོ་ལྔ་ཙམ་ལ་སྦྱངས་ནས་མཐར་ཕྱིན་རྗེས་སློབ་གྲྭ་དེ་རུ་དགེ་རྒན་གྱི་འགན་ཁུར།
༡༩༩༤ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་རུ་རབ་འབྱམས་པར་རྒྱུགས་འཕྲོད་ཅིང་དེ་རུ་དོར་ཞི་རིན་པོ་ཆེ་དང་དགེ་བཤེས་ཆེན་མོ་དཔའ་རིས་སངས་རྒྱས་ལགས། དཀོན་མཆོག་ཚེ་བརྟན་ལགས། དཔའ་མཁར་ལགས། ལྷ་མཆོག་རྒྱལ་ལགས་སོགས་ཀྱི་དྲུང་དུ་ལོ་གསུམ་ལ་ཕྱི་ནང་གི་རིག་གནས་སྦྱངས་རྗེས་དེ་རུ་དགེ་རྒན་གྱི་འགན་ཁུར།
༢༠༠༠ལོར་ཀྲུང་གོ་ཚན་རྩལ་སློབ་གྲྭ་ཆེན་མོ་ནས་ལོ་གཅིག་གི་རིང་ལ་རྩིས་འཁོར་སྦྱངས་པ་ཡིན།
༢༠༠༤ལོར་བོད་ཀྱི་དེང་རབས་སྐྱེས་མའི་སྙན་དེབ་ཐོག་མ《བཞོ་ལུང་》རྩོམ་སྒྲིག་བྱས་ཏེ་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།
༢༠༠༤ལོའི་ཟླ་དང་པོར《གངས་ཅན་སྐྱེས་མའི་ཚགས་པར》གསར་དུ་བསྐྲུན་ཅིང་དེ་ནས་བཟུང་ད་ལྟའི་བར་བོད་ཁུལ་གྱི་ལས་ཁུངས་སོ་སོ་དང་སློབ་གྲྭ་སོ་སོར་འགྲེམ་སྤེལ་བྱེད་བཞིན་ཡོད།
༢༠༠༥ལོར་པེ་ཅིན་དགེ་འོས་སློབ་ཆེན་ནས་ལོ་གཅིག་གི་རིང་ལ་དེང་རབས་རྩོམ་རིག་སྦྱངས་ཞོར《བོད་ཀྱི་དེང་རབས་སྐྱེས་མའི་བརྩམས་ཆོས་ཕྱོགས་བསྒྲིགས》ཞེས་པའི་དེབ་བཞི་ཅན་གྱི་དཔེ་ཚོགས་རྩོམ་སྒྲིག་བྱས་ཏེ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན།
༢༠༠༩ལོར་སློབ་ཁྲིད་ཀྱི་ཞོར་དུ《བོད་རིགས་བུད་མེད་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས》ཞེས་པའི་རིག་གཞུང་གི་དེབ་ཅིག་རྩོམ་སྒྲིག་བྱས་ཏེ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན།
༢༠༠༩ལོ་ནས་བཟུང་སྒེར་ངོས་ནས《སྲིན་མོ· བུད་མེད་དང་བྱིས་པའི་རོགས་སྐྱོར་ཚོགས་པ》ཞེས་པ་གསར་དུ་བཙུགས། ཚོགས་པའི་ལས་ཀ་གཙོ་བོ་ནི། དང་བོ། མདོ་སྨད་ས་ཁུལ་གྱི་བོད་རིགས་གཙོ་བྱས་ནས་མི་རིགས་སོ་སོའི་བུད་མེད་རྣམས་ལ་སྦྲུམ་མའི་འཛེམ་བྱ་དང་། མ་བུ་བདེ་སྲུང་སྐོར་གྱི་འཕྲོད་བསྟེན་རྒྱུན་ཤེས་སྐོར། དེ་མིན་ཨེ་ཛི་སོགས་ཉེན་ཁ་ཆེ་བའི་མཚན་མའི་དུག་ནད་སྣ་ཚོགས་སྔོན་འགོག་བྱེད་པའི་ཐབས་དང་ཤེས་བྱ་ཁྱབ་སྒྲོག་བྱེད་པ། གཉིས་པ། བོད་ཁུལ་གྱི་སློབ་ལོ་རན་པའི་དྭ་ཕྲུག་དང་ཁྱིམ་ཚང་དབུལ་བོའི་བྱིས་པ་སློབ་གྲྭར་འགྲོ་བར་འབྱོར་བའི་མཐུན་རྐྱེན་སྐྲུན་པ། གསུམ་པ། མི་རིགས་སློབ་གྲྭ་ཆེ་འབྲིང་གི་སློབ་མ་བུ་མོ་རྣམས་ལ་རང་ལུས་བདེ་སྲུང་ཐད་ཀྱི་འཕྲོད་བསྟེན་རྒྱུན་ཤེས་སྒྲོག་པ་དང་། སློབ་སྦྱོང་བྱེད་ཐབས། དཔེ་ཀློག་དང་རྩོམ་འབྲི་ཐབས། དེ་མིན་ད་དུང་མི་ཆོས་ཀུན་སྤྱོད་ཐད་དུའང་མཛུབ་སྟོན་བྱེད་པ། བཞི་བ། བོད་ཁུལ་ཡོངས་སུ་ཕ་སྐད་ཀྱི་ལམ་ནས་རྩོམ་འབྲི་བའི་བུད་མེད་རྣམས་ལ་སྐུལ་མ་དང་རོགས་རམ་བྱས་ཏེ་བརྩམས་ཆོས་འཚོལ་སྡུད་དང་དག་སྒྲིག། དཔར་བསྐྲུན་བྱེད་པ་བཅས་ཡིན།
ཚོགས་མི་རྣམས་ཀྱིས་ནམ་རྒྱུན་ངལ་གསོའི་དུས་ཚོད་བེད་སྤྱད་དེ་ད་སྔ་མཚོ་སྔོན་དང་ཀན་སུའུ་ས་ཁུལ་གྱི་སྡེ་བ་སུམ་ཅུ་སོ་གཉིས་ལ་བསྐྱོད་ནས་འཕྲོད་བསྟེན་ཤེས་བྱ་སྒྲོག་པ་དང་། འབྱོར་བ་ཞན་པའི་ཁྱིམ་ཚང་གི་བྱིས་པ་སློབ་གྲྭར་འགྲོ་དཀའ་བ་ཉི་ཤུ་ལྷག་ལ་སློབ་ཡོན་གཏོང་གི་ཡོད། སྔ་ཕྱིར་ཐེངས་བཅུ་གཉིས་ལ་སློབ་གྲྭ་ཆེ་འབྲིང་ནང་དུ་ཀུན་སྤྱོད་སློབ་གསོ་སོགས་ཀྱི་ཐད་ནས་འཆད་ཁྲིད་དང་མཛུབ་སྟོན་བྱས་ཡོད། རྩོམ་འབྲི་བའི་བོད་མོ་རྣམས་ལ་འབྲེལ་གཏུག་དང་རོགས་སྐྱོར་བྱས་ཏེ་དེབ་ཕྲེང་དང་བོ་ད་ལོར་དཔར་ཟིན། མུ་མཐུད་དུ་ལོ་རེར་དེབ་ཕྲེང་རེ་དཔར་རྒྱུའི་འཆར་གཞི་དང་གྲ་སྒྲིག་ཡོད་པ་མ་ཟད། ད་ལྟ་ལག་བསྟར་བྱེད་པའི་སྒང་ཡིན།
༢༠༡༡ལོ་ནས་བཟུང་གྲོགས་མོ་མཁའ་མོ་རྒྱལ་དང་མཉམ་དུ་མགོ་ལོག་གངས་ལྗོངས་བུ་མོ་སློབ་གྲྭའི་ནང་དུ་ལོ་རེར་བུ་མོ་ཉི་ཤུ་ལ་སྒེར་ངོས་ནས《ལྕམ་སྲིང་》ཞེས་པའི་ལྷུག་རྩོམ་འགྲན་སྡུར་གྱི་བྱ་དགའ་སྦྱིན་པའི་བྱེད་སྒོ་སྤེལ་བཞིན་ཡོད། མ་ཟད་དེ་རུ་གསར་རྩོམ་ལ་འཇུག་པའི་བུ་མོ་ལྔ་བཅུ་དང་ནུབ་བྱང་མི་རིགས་སློབ་ཆེན་དུ་བུ་མོ་ལྔ་བཅུ་བཅས་སྡོམ་པས་བུ་མོ་བརྒྱ་ལ་རྩོམ་འབྲི་བར་གསོ་སྐྱོང་བྱེད་བཞིན་ཡོད།
   ལོ་རབས་བརྒྱད་ཅུ་བའི་སྨད་ནས་བཟུང་གསར་རྩོམ་གྱི་ལས་ལ་ཞུགས་ཏེ་བོད་ཁུལ་གྱི་དུས་དེབ་དང་ཚགས་པར་སོགས་སུ་སྙན་ངག་དང་འབོལ་རྩོམ་བརྒྱ་ལྷག་བཀོད་ཡོད་ལ། ༢༠༡༢ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་དུ《དྲག་ཏུ་ལྡིང་བའི་ཡིག་འབྲུ་འདི་དག》ཅེས་པའི་སྙན་ངག་གི་དེབ་དཔར་བསྐྲུན་བྱས། ད་ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དུ《དཔྱིད་ཀྱི་དཔལ་མོ》ཞེས་པའི་ལྷུག་རྩོམ་གྱི་དེབ་དཔར་བསྐྲུན་བྱས།
ད་ལྟ་ནུབ་བྱང་མི་རིགས་སློབ་ཆེན་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་དུ་བརྡ་སྤྲོད་དང་ཚིག་རྒྱན་རིག་པ་གཙོ་བྱས་ཏེ་བོད་ཀྱི་རིག་གནས་འཁྲིད་པའི་འགན་ཁུར་ཡོད་དོ། །

   དཔྱིད་ཀྱི་དཔལ་མོ་ཞེས་པའི་ལྷུག་རྩོམ་གྱི་དེབ་འདིའི་ནང་དོན་གཙོ་བོ་ནི།
   དོན་ཚན་དང་བོ་ཚེ་སྲོག་གི་རིན་ཐང་གསེར་བྲིས་མ་ཞེས་པའི་ནང་དོན་གཙོ་བོ་ནི། ས་སྒང་ཧྲིལ་བོ་འདིའི་ཕྱི་སྣོད་ཀྱི་འཇིག་རྟེན་ནས་ནང་བཅུད་ཀྱི་སེམས་ཅན་ཏེ། ས་ཆུ་མེ་རླུང་དང་རྩི་ཤིང་ནགས་ཚལ། དུད་འགྲོ་སྲོག་ཆགས། གསེར་དངུལ་ཟངས་ལྕགས་ཀྱི་གཏེར་ཁ་བཅས་སྐྱེ་དགུའི་ཚེ་སྲོག་ལ་མིའི་རིགས་ཀྱི་གནོད་འཚེ་ཐེབས་པས་ཉམས་རྒུད་དུ་འགྲོ་བའི་སྣང་ཚུལ་རྣམས་གདུང་ཚོར་དྲག་པོས་བརྗོད་ཡོད།
   དོན་ཚན་གཉིས་པ་ཕ་ཡུལ་གྱི་དུང་ཞེན་རིས་བརྐོས་མ་ཞེས་པའི་ནང་དོན་གཙོ་བོ་ནི། ལོ་ངོ་ཉི་ཤུའི་རིང་ལ་གྲོང་ཁྱེར་ནས་འཚོ་བ་རོལ་བའི་འབྲོག་མོ་ཞིག་གིས་བྱིས་དུས་ཀྱི་འཚོ་བ་ཕྱིར་དྲན་པ་བརྒྱུད་དེ། གངས་ཅན་ཡུལ་གྱི་ནམ་མཁའ་དང་སྤྲིན་དཀར། མཁའ་དབུགས། འཇའ་ཚོན། ས་གཞི། མེ་ཏོག་བཅས་ཕ་ཡུལ་གྱི་རི་ཆུ་སྤང་ཐང་དྲན་ཞིང་དུང་བའི་སེམས་པ་བརྗོད་པ་དེའི་ཤུགས་སུ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཏེ། སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས་ཀྱི་ཉམས་རྒུད་ལ་སེམས་ཁུར་བྱེད་པ་མཚོན་ཡོད།
དོན་ཚན་གསུམ་པ་མཛའ་བཤེས་ཀྱི་ཕྱི་ཐག་མུ་འབྲེལ་མ་ཞེས་པའི་ནང་དོན་གཙོ་བོ་ནི། མི་ཚེའི་ཁྲོད་ནས་ལྷན་འཛོམས་ཀྱི་དགའ་སྤྲོ་དང་གྱེས་བྲལ་གྱི་སྡུག་བསྔལ་མང་བོ་བརྒྱུད་པར་བརྟེན་ནས་ཡུལ་མིའི་བར་གྱི་ཤ་ཞེན་དང་དགེ་སློབ་བར་གྱི་བརྩེ་དུང་། གྲོགས་སྤུན་བར་གྱི་མཛའ་གཅུགས་སོགས་མདོར་ན་མི་དང་མིའི་བར་གྱི་རྩིས་ཐང་ལྷུག་གེར་བརྗོད་ཡོད།
   དོན་ཚན་བཞི་བ་བསམ་གཞིགས་ཀྱི་གོམ་ཁ་འཁྱར་འཁྱོར་མ་ཞེས་པའི་ནང་དོན་གཙོ་བོ་ནི། རིགས་རྒྱུད་ཅིག་མི་ཉམས་པའི་ཐབས་ནི་རིགས་རྒྱུད་དེ་ལ་ལྷད་མ་ཞུགས་པར་རང་གི་ཤ་ཁྲག་གི་རྒྱུན་སྐྱོང་རྒྱུ་གཞིར་བཞག རིགས་རྒྱུད་ཅིག་དར་བའི་ཐབས་ནི་རང་གི་སྐད་ཡིག་དང་རིག་གནས་ལ་བརྟེན་ནས་རིགས་རྒྱུད་དེའི་ལུས་སེམས་བདེ་ཐང་ངང་སྤུས་ཀ་ལེགས་པོར་འཚར་ལོངས་འབྱུང་རྒྱུ་མ་ཟད། ཕོ་མོའི་ཐོབ་ཐང་འདྲ་མཉམ་གྱིས་སློབ་གསོ་མྱང་སྟེ། མིའི་རིགས་ཀྱི་ལོ་རྒྱུས་འདྲ་མཉམ་གྱིས་བསྐྲུན་པར་ཕོ་མོ་གཉིས་ཀར་འོས་འགན་ཡོད་ཚུལ་བསམ་གཞིག་ས་བཏང་བ་བརྗོད་ཡོད།
   དོན་ཚན་ལྔ་བ་ནང་སེམས་ཀྱི་གདུང་ཚོར་ལྷུག་བརྗོད་མ་ཞེས་པའི་ནང་དོན་གཙོ་བོ་ནི། རྩོམ་པ་པོས་རང་ཉིད་ཐོག་མར་བརྩེ་དུང་སོགས་སྒེར་དོན་ཆུང་ཆུང་ལ་འཕྲད་པ་ནས་རིམ་གྱིས་འཇིག་རྟེན་གྱི་ཡུལ་གྲུ་སོ་སོ་ན་ཉམ་ཐག་དང་དཀའ་སྡུག ནད་ཡམས་དང་གནོད་འཚེ་བྱུང་དང་འབྱུང་བའི་མི་རྣམས་ཀྱི་འཚོ་གནས་ལ་འདང་རྒྱག་དང་སེམས་ཁུར་བྱེད་པའི་འོས་འགན་རྟོགས་པ་དང་། བདག་འཛིན་དང་ཧམ་སེམས། གཡོ་རྫུན་དང་རུལ་སུངས་ཀྱིས་སྦགས་པའི་དོན་ངན་ཐ་ཤལ་ཅན་ལ་དགག་རྒྱག་དང་ཐེར་འདོན་བྱས་ཡོད།

         (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།