གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐབས་དང་པོའི་བོད་རིགས་སྐྱེས་མའི་རང་རྟོགས་དང་ནུས་རྩལ་སྦྱོང་བརྡར་གྱི་བགྲོ་གླེང༌ཚོགས་འདུ་བསྡུས་པ།།

2009-02-09 14:35:00 དཔལ་མོ། ཀློག་གྲངས། མཆན ཡོད།

      2008ལོའི་ཟླ11པའི་ཚེས29ཉིན་ནི་བོད་ཀྱི་ལོ་རྒྱུས་སུ་བུད་མེད་ཀྱིས་རང་ཉིད་དངོས་སུ་གླེང་གཞིའི་འཕེན་ལ་ཀེར་ཏེ་འཚོ་སྟངས་ལ་རྟོག་དཔྱོད་དང་ཞིབ་བཤེར་བྱེད་འགོ་ཚུགས་པའི་ཉིན་ཡིན། ཉིན་དེར་ནུབ་བྱང་མི་རིགས་སློབ་ཆེན་བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་གི་སློབ་མ་བུ་མོ་བརྒྱ་དང་བཞི་བཅུ་ལྷག་མཉམ་དུ་ཚོགས་ཏེ་ཕན་ཚུན་སེམས་དང་སེམས་པའི་བར་ན་དོགས་ཟོན་དང་བཀག་རྒྱ་ཅི་ཡང་མེད་པར་བསམ་བློ་བརྗེ་རེས་དང་སྙིང་གཏམ་ལྷུག་བརྗོད་བྱས་པ་བརྒྱུད་ནས་རང་ཚོའི་གྲག་འགུལ་ཅི་ཡང་མེད་པའི་གནས་སྟངས་ལ་མནོ་བསམ་བཏང་ཞིང་བག་འཁུམ་དང་གུ་དོག་པའི་བསམ་བློར་ཚ་འདྲི་ནན་མོ་བྱས་པ་ནི་གོམ་པ་དང་པོ་སྤོས་པའི་བདེན་དཔང་ཡིན་ལ། ནུབ་བྱང་མི་རིགས་སློབ་ཆེན་བཙུགས་ཏེ་ལོ་འཁོར་ང་བརྒྱད་འགོར་བའི་རིང་དུ་བྱུང་མ་མྱོང་བའི་ལོ་རྒྱུས་ཀྱི་སྟོང་ཆ་ཞིག་བསྐངས་པའང་ཡིན། 
      
      
      
      
      
      
     《ནུབ་བྱང་མི་རིགས་སློབ་ཆེན་བོད་ཡིག་སློབ་གླིང་གི་སྐབས་དང་པོའི་སྐྱེས་མའི་རང་རྟོགས་དང་ནུས་རྩལ་སྦྱོང་བརྡར་བགྲོ་གླེང་》ཞེས་པའི་ཡིག་འབྲུ་དེས་བུ་མོ་ཚོར་སྔར་མེད་ཀྱི་གནོན་ཤུགས་བསྩལ་བ་དང་མཚུངས་སུ་སྤོབས་པའང་བསྐྲུན་པ་རེད། 《གངས་ཅན་སྐྱེས་མའི་ཚགས་པར》གྱི་རྩོམ་སྒྲིག་པ་ཚོས་དེང་གི་སློབ་ཆེན་བོད་མོ་ཚོའི་སློབ་སྦྱོང་བྱེད་ཐབས་དང་འོས་འགན་འཁུར་བའི་དམིགས་ཡུལ་ཇེ་གསལ་ལ་གཏོང་ཆེད། རང་ངོས་ནས་རྩ་འཛུགས་བྱས་ཏེ་བསམ་བློ་ཡར་བསྐྱེད་དང་ནུས་པ་སྦྱོང་བརྡར་ཐད་ལ་ཤུགས་སྣོན་དགོས་པའི་སྐུལ་མ་གཏོང་བར་བྱ་འགུལ་འདི་སྤེལ་པ་རེད། 
     འདིར་སྐྱེས་མའམ་བུད་མེད་ཅེས་པའི་སྡེ་ཞིག་ལོགས་སུ་བཀར་དོན་ནི། རྒྱལ་ཁབ་ཕྱི་ནང་ན་ནུབ་བྱང་ཚང་ནི་བོད་ཀྱི་སློབ་ཆེན་ཡིན་ཞེས་རླུང་ལྟར་གྲགས་བཞིན་ཡོད་མོད། བུ་མོ་ཚོར་མཚོན་ན་དོན་དངོས་དང་ཁ་ཐག་རིང་བ་དཔེར་ན་གཞུང་ལུགས་འཆད་ས་དང་གཏམ་གླེང་བྱེད་ས། ལྟ་བ་འདོན་ས་དང་རྩོམ་རིག་སྤེལ་ས་གང་ནའང་བུ་མོ་ཚོའི་གོ་སྐལ་སྟོང་བར་འདུག་པའི་རྐྱེན་གྱིས་ཡིན། སྤྱིར་བཏང་དུས་རབས་གསར་བའི་འགོ་ནས་བཟུང་བུ་མོ་ཚོ་  སློབ་གྲྭར་གཏོང་བའི་གྲངས་ཀ་བླ་ལྷག་གིས་ཇེ་མང་ལ་སོང་ཡོད། བུ་མོ་ཚོས་སློབ་གསོ་མྱོང་རྒྱུའི་གོ་སྐབས་རེག་པ་དེ་ནི་ཕོ་མོ་འདྲ་མཉམ་ཡིན་པའི་མཚོན་རྟགས་གལ་ཆེན་ཞིག་ཡིན་ནའང༌། བོད་མོ་ཚོའི་བསམ་པའི་བག་ལ་ཞ་བའི་འདུ་ཤེས་ཀྱི་འཆིང་ཐག་སྲ་མོ་དེས་ནམ་ཡང་ཁོ་མོ་ཚོ་འགྲོ་དུས་གོམ་པ་ཐུང་ལེན་དང་བཤད་དུས་སྐད་མགོ་དམའ་མོ་བྱེད་དགོས་པའི་ལུགས་སྲོལ་ལ་བཀྱིགས་འདུག དེར་བརྟེན་ཁོ་མོ་ཚོའི་བསམ་བློ་ལ་རྨང་ནས་ལྐོག་གྱུར་གྱི་འབུར་འཇོམས་ཐེབས་པས་བག་འཁུམ་ནས་སྡོད་ཅིང་རིམ་གྱིས་བདེན་རྫུན་དང་དཀར་ནག་གི་དབྱེ་བ་འབྱེད་པར་རང་ནུས་ཀྱིས་དབྱེ་ཞིབ་དང་ཧུར་བརྩོན་མི་འདོད་པར་གཞན་བརྟེན་སྒྱིད་ལུག་གིས་འཚོ་བའི་ཐབས་ལམ་ཙམ་འཚོལ་མཁན་ཇེ་མང་དུ་འགྱུར་བ་ནི་དུས་རབས་ཀྱི་གོམས་འགྲོས་དང་མི་རིཊ་ཀྱི་མདུན་བསྐྱོད་ལ་མི་འཚམ།
      དེའི་སྟབས་ཀྱིས་བྱ་འགུལ་འདི་འདྲ་སྤེལ་བ་བརྒྱུད་ནས་བུ་མོ་ཚོའི་བློ་སྒོ་འབྱེད་ཅིང་ཡར་སྐུལ་བྱེད་རྒྱུ་དམིགས་འབེན་ལ་བཟུང་ཐོག དོགས་སྣང་དང་ངོ་ཚ་མི་དགོས་པར་ཕན་ཚུན་ལ་ལྟ་ཚུལ་བརྗེ་རེས་བྱེད་པའི་ཁོར་ཡུག་འདི་བསྐྲུན་པ་ཡིན་ལ། ང་ཚོས་མཉམ་དུ་ཡིད་ཆེས་དང་རེ་བས་གོམ་པ་ཐོག་མ་སྤོས་ཟིན།
     བྱ་འགུལ་གྱི་གོ་རིམ་འདི་ལྟར། ང་ཚོས་རང་རེའི་སློབ་གྲྭའི་རྒན་མགོན་པོ་འཚོ་དང་སྐལ་བཟང་འཚོ། དཔལ་མོ་གསུམ་གདན་ཞུས་ཏེ་སློབ་མ་བུ་མོ་ཚོས་སློབ་གསོ་མྱོང་ཐབས་དང་བསམ་གཞིགས་གཏོང་སྟངས། ཆེད་ལས་གཉེར་ཐབས་དང་རྩོམ་ཡིག་འབྲི་སྟངས་ལས་གཞན་ད་དུང་འཕྲོད་བསྟེན་དང་སེམས་ཁམས་སོགས་ནས་ཡང་མཛུབ་སྟོན་བྱས་ཡོད། དེ་ཡང་ཐོག་མར་རྒན་དཔལ་མོས་ཚོགས་འགོ་བཟུང་རྗེས། རྒན་སྐལ་བཟང་འཚོས་དེང་རབས་སློབ་ཆེན་པས་དྲ་ངོས་ནས་ཇི་ལྟར་ཤེས་བྱ་བསྡུ་ལེན་བྱེད་ཐབས་ཐད་ནས་གསོན་ཉམས་ལྡན་པའི་འཆད་ཁྲིད་བྱས་པ་དང༌། རྒན་མགོན་པོ་འཚོས་གཙོ་བོ“དེང་རབས་མཐོ་རིམ་སློབ་གསོ་དང་སློབ་ཆེན་བུ་མོ”ཞེས་པའི་ཁ་བྱང་ལྟར་བུ་མོ་ཚོས་སློབ་གསོ་མྱོང་བའི་དམིགས་ཡུལ་དང་དགོས་པའི་སྐོར་ནས་བརྗོད་པ། རྒན་དཔལ་མོས་ནུབ་བྱང་སློབ་མའི་གནས་ཚུལ་སྤྱི་དང་སྦྲགས་ཏེ་བུ་མོ་ཚོའི་སློབ་སྦྱོང་བྱེད་ཐབས་དང་དཔེ་ཆ་ཀློག་སྟངས། བསམ་གཞིག་བྱེད་ཚུལ། རྩོམ་ཡིག་འབྲི་ཚུལ། ལྷག་པར་རང་རྐྱ་འཕེར་བའི་འདུ་ཤེས་དང་ནུས་པ་བསྐྱེད་ཐབས་བཅས་ཀྱི་ཐད་ནས་ཁ་བརྡ་བྱས། ཁོ་ཚོས་འཆར་གཞི་ལྡན་པའི་སྒོ་ནས་བགྲོ་གླེང་བྱས་རྗེས་སློབ་མ་ཚོ་དང་དྲི་བ་དྲིས་ལན་གྱི་ཚུལ་གྱིས་མཛུབ་སྟོན་བྱས། མཐར་སློབ་གྲོགས་ཡོངས་ཀྱིས་རང་གི་དོགས་གཞི་དང་རེ་བ་ཅི་ཡོད་ཤོག་ངོར་ཕབ་སྟེ་དགེ་རྒན་ཚོར་སྤྲད་པ་དང་རྗེས་སུ་བྱ་འགུལ་འདི་འདྲ་རྒྱུན་དུ་སྤེལ་རྒྱུར་རེ་བ་ཡང་ཡང་ཞུས་པ་རེད། 
        ང་ཚོ་འདི་ནས་མཉམ་དུ་ལམ་ལ་ཆས་འགོ་ཚུགས། ངེད་ཅག་ཐུན་མོང་གི་དམིགས་འདུན་ནི་ཁེ་དབང་ཇི་ལྟར་བརྩོན་ལེན་བྱེད་རྒྱུ་དེ་མིན་པར་མདུན་ལམ་ཇི་ལྟར་འཚོལ་སྙེག་བྱེད་རྒྱུ་དེ་ཡིན། སྤྱིར་མི་སྒེར་དང་ཚོགས་པ་གང་ཡིན་རུང་མདུན་བསྐྱོད་དང་གོང་འཕེལ་ཡོང་བར་འགྲན་རྩོད་ནི་མེད་མི་རུང་བའི་ཐབས་ལམ་ཞིག་ཡིན་ན། ང་ཚོ་སྟེ་དུས་རབས་གསར་བའི་སློབ་ཆེན་པ་རྣམས་ལའང་འགྲན་རྩོད་ལ་ཞུགས་པའི་བློ་སྟོབས་དང་རང་རྐྱ་འཕེར་བའི་བསམ་གཞིགས་ཀྱི་ནུས་པ་ལྡན་དགོས་ལ། དེ་ནི་ངེད་ཅག་ཐུན་མོང་མདུན་བསྐྱོད་ཡོང་བའི་ཐབས་ལམ་ཡང་ཡིན་ནོ།།

   (རྩོམ་སྒྲིག་པའི་གསལ་བཤད། གསར་འགྱུར་འདི་རྒྱུ་རྐྱེན་གང་མང་གི་རྐྱེན་པས་དུས་ལྟར་འགོད་མ་ཐུབ་ཀྱང་ཀུན་གྱི་བོད་རིགས་སྐྱེས་མའི་ལས་དབང་དང་མདུན་ལམ་གྱི་སྐོར་ལ་དོ་ཁུར་ཡོང་ཕྱིར་འདིར་དམིགས་བསལ་གྱི་ཅུང་འཕྱི་བར་བཀོད་པ་ཀློག་མཁན་ཚོའི་ཐུགས་ལ་འཇགས་པར་འཚལ)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།