གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚོ་སྔོན་ཞིང་ཆེན་གྱི་བོད་ཀྱི་རྩོམ་རིག་གསར་རྩོམ་ཚོགས་འདུ་ཐེངས་བཞི་བ་ཁྲི་ཀ་ནས་བསྡུས་པ།

2012-07-18 17:21:00 བདེ་ཆེན་མཚོ། ཀློག་གྲངས། མཆན ཡོད།

 
  ཟླ7པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་གྱི་བོད་ཀྱི་རྩོམ་རིག་གསར་རྩོམ་ཚོགས་འདུ་ཐེངས་བཞི་བ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་བསྡུས་པ་རེད། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བསྟན་འཛིན་ལགས་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་ཏང་ཨུ་དྲིལ་སྒྲོག་པུའི་པུའུ་ཀྲང་ཅི་ཏེ་མ་ཅ་ལགས། དེ་མིན་སྐལ་བཟང་རྡོ་རྗེ་སོགས་རྩོམ་པ་པོ་དང་ལོ་ཙཱ་བ་གྲགས་ཅན་མི80ཚོགས་འདུར་ཞུགས་པ་རེད། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་མེ་སྒྲོན་ལགས་ཀྱིས་ཚོགས་འདུར་མདོ་འཛིན་བྱས་པ་དང་། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་པཎ་ཁོ་ལགས་ཀྱིས་ཤིས་ཚིག་ཕུལ་བ་རེད། ཅི་ཏེ་མ་ཅ་ལགས་ཀྱིས་ཚོགས་ཐོག་ཏུ་བཤད་རྒྱུར། ཐེངས་འདིའི་ཚོགས་འདུ་ནི་མཚོ་སྔོན་གྱི་བོད་ཀྱི་རྩོམ་རིག་གི་མ་འོངས་པར་ཕྱོགས་པའི་རྩོམ་རིག་ཚོགས་འདུ་ཞིག་ཡིན་ཅིང་། འདིས་མཚོ་སྔོན་གྱི་དེང་རབས་རྩོམ་རིག་ལོ་རྒྱུས་ཁྲོད་བྱུང་རིམ་གལ་ཆེན་ཞིག་བཀོད་པར་མ་ཟད། མཚོ་སྔོན་གྱི་མི་རིགས་རིག་གནས་དང་། དེ་མིན་ཀྲུང་གོའི་དེང་རབས་རྩོམ་རིག་འཕེལ་རྒྱས་ཐད་ཀྱི་དགེ་མཚན་མངོན་སུམ་ལྡན་པའི་འཚོལ་ཞིབ་ཅིག་ཀྱང་རེད། མཚོ་སྔོན་ནི་ས་རྒྱ་ཡངས་ཤིང་མི་རིགས་རིག་གནས་ཀྱི་རྫོངས་སྟུག་པོའི་ཡུལ་ཞིག་དང་། ཀེ་རུ་སེའི་ལྷ་སྒྲུང་ལས་ཀྱང་ལོ་རྒྱུས་རིང་བའི་ཁུ་ནུའི་ལྷ་སྒྲུང་གི་ཕ་ས། ཀྲུང་གོའི་མི་རིགས་རིག་གནས་ཀྱི་འབྱུང་ཡུལ་ཅིག སྣ་མང་རིག་གནས་མཉམ་དུ་འདུས་པའི་ཡུལ་ཁྱད་དུ་འཕགས་པ་ཞིག་ཡིན་པར་མ་ཟད། རྩོམ་པ་པོ་གྲགས་ཅན་དང་ཕུལ་དུ་བྱུང་བའི་རྩོམ་རིག་བརྩམས་ཆོས་བྱུང་དང་འབྱུང་ངེས་པའི་གནས་ཤིག་ཀྱང་ལགས་པས། ང་ཚོར་རིག་གནས་དང་རྩོམ་རིག་གསར་རྩོམ་གྱི་ཡིད་ཆས་བརྟན་པོ་ཞིག་ཡོད་དགོས་ཞེས་བརྗོད་པ་རེད།
  ཚོགས་འདུའི་སྟེང་འབྲོང་རྟགས་ཅན་གྱི་བསྒྱུར་རྩོམ་དཔེ་ཚོགས་ཀྱི་འགྲེམ་སྤེལ་མཛད་སྒོ་དང་། སྐབས་དང་པོའི་འབྲོང་རྟགས་ཅན་གྱི་བོད་ཀྱི་རྩོམ་རིག་བྱ་དགའ་གནང་བའི་མཛད་སྒོ་བསྡུས་པ་རེད། སྐབས་དང་པོའི་འབྲོང་རྟགས་ཅན་གྱི་བོད་ཀྱི་རྩོམ་རིག་བྱ་དགའ་ཐོབ་མཁན་ནི་སྟག་འབུམ་རྒྱལ་དང་། འཇིགས་མེད་རྡོ་རྗེ། རིག་ལྡན་རྒྱ་མཚོ། ཚེ་རིང་དོན་གྲུབ། བསོད་ནམས་བསྟན་པ་བཅས་ཡིན། ཚོགས་འདུའི་སྟེང་རྩོམ་པ་པོ་རྣམས་ཀྱིས་མཚོ་སྔོན་གྱི་བོད་ཀྱི་རྩོམ་རིག་དར་སྤེལ་དུ་གཏོང་ཚུལ་དང་། མི་རིགས་རིག་གནས་འཛིན་སྤེལ་བྱེད་ཚུལ་སོགས་ཀྱི་ཐད་ལ་རྩད་སྡུར་རྒྱ་ཆེན་པོ་བྱས་པ་རེད།

རྩོམ་ཁུངས། མཚོ་སྔོན་པོ་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།