གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མདོ་སྨད་ཟི་ལིང་ནས་བོད་ཀྱི་རི་མོ་སྒྱུ་རྩལ་པ་ཆེན་མོ་ཨ་མདོ་བྱམས་པར་རྗེས་དྲན་ཞུས་པ།

2012-06-09 10:04:00 ཆམ་ཚང་པདྨ་ལྷུན་འགྲུབ། ཀློག་གྲངས། མཆན ཡོད།

 
  སྤྱི་ཟླ ༦ པའི་ཚེས ༣ ཉིན་བོད་ཟླ་བཞི་བའི་ཚེས༡༤ཉིན། བོད་མདོ་དབུས་ཁམས་གསུམ་དང་། རྒྱ་ནག་པེ་ཅིང་དང་ཁྲིན་འདུ་སོགས་ནས་ཕེབས་པའི་རི་མོ་བའམ་ལྷ་རིས་པ་དང་བོད་རིག་པའི་མཁས་པ། དེ་མིན་སྤྱི་ཚོགས་ལས་ཀ་བ ༡༣༠ ལྷག་མདོ་སྨད་ཟི་ལིང་དུ་ལྷན་འཛོམས་གྱིས། བོད་ཀྱི་རི་མོ་བ་ཆེན་མོ་ཨ་མདོ་བྱམས་པ༼ 1914—2002.3.28 ༽སྐུ་གཤེགས་ནས་ལོ་འཁོར་བཅུ་འགོར་བར་རྗེས་དྲན་དུས་མཆོད་བསྒྲུབས། ཚོགས་ཞུགས་དགེ་བཤེས་དང་དགེ་འདུན་པ་ཚོས་སྨོན་ལམ་གསུངས་པ་ལས་ཚོགས་འགོ་ཚུགས།
    གཙོ་སྒྲུབ་སྡེ་ཁག་མཚོ་སྔོན་བོད་རིག་ཞིབ་འཇུག་ཚོགས་པའི་རྒྱུན་ལས་ལས་འཛིན་ནམ་ལྷ་རིས་པ་ཆེན་མོ་བརྩོན་འགྲུས་རབ་རྒྱས་ལགས་ཀྱིས་ཚོགས་པའི་ཚབ་བྱས་ནས་གཏམ་བཤད། ཚོགས་འདུའི་དམིགས་ཡུལ་ནི་བོད་ཀྱི་རི་མོ་སྒྱུ་རྩལ་ལོ་རྒྱུས་ཀྱི་དུས་རབས་གསར་དུ་བསྐྲུན་པའི་དམ་པ་ཁོང་ལ་རྗེས་དྲན་དང་། ཁོང་ཉིད་ཀྱི་གསར་རྩོམ་རིག་སྟོབས་དང་གསོན་ཤུགས་མ་ཉམས་གོང་སྤེལ་ཡོང་ཞིང་། བོད་ཀྱི་རི་མོའི་མཚོན་སྟངས་དང་པུར་རྩལ་ཇེ་ལེགས་བཏང་སྟེ། བོད་མི་རིགས་ཀྱི་དེང་རབས་རི་མོའི་སྒྱུ་རྩལ་འཕྲིན་ལས་དར་འཕེལ་ཡོང་བ་བཅས་ཡིན།
     རྗེས་དྲན་ལ་དང་སྐུལ་གཏོང་མཁན་དང་མཐུན་རྐྱེན་སྦྱོར་མཁན་རི་མོ་བ་ཨ་མདོ་གསེར་བྲག་དོན་གྲུབ་ཚེ་བརྟན་ལགས་བོད་རིགས་ཞིབ་འཇུག་ཚོགས་པའི་ལས་འཛིན་ལ་གདན་ཞུ་གནང་བ་དང་དེ་མུར་ཡར་ཚོགས་ཀྱི་བསུ་ཚིག་ཕུལ།
  བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོའམ་བོད་ཀྱི་ལྷ་རིས་སྒྱུ་རྩལ་མཁན་པོ་བསྟན་པ་རབ་བརྟན་མཆོག་དང་། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོའམ་རི་མོ་མཁས་དབང་དཀོན་མཆོག་བསྟན་འཛིན་མཆོག། ནུབ་བྱང་མི་རིགས་སློབ་གླིང་གི་སྒྱུ་རྩལ་དགེ་རྒན་ཆེན་མོ་སྟག་ལྷ་ཚེ་བརྟན་ལགས། བོད་ལྗོངས་བརྙན་འཕྲིན་ཁང་གི་ལྕགས་བྱམས་རྒྱལ། མང་ཚོགས་སྒྱུར་རྩལ་ཁང་གི་་གཙོ་སྒྲིག་པ་ཀརྨ་མཁའ་འབུམ། རྨ་ལྷོ་ཁུལ་ས་གནས་ལོ་རྒྱུས་ལས་ཤག་གི་འགོ་གཙོ་ཟུར་བ་ཚེ་རིང། བོད་ཀྱི་ཐང་ག་ཞེས་པའི་དཔེ་ཆ་རྩོམ་པ་པོའམ་དམངས་སྲོལ་རིག་པའི་རམ་འབྱམས་པ་སྟོང་ཆོས་རྟ་ལོ། དམ་པ་ཉིད་དང་ཕ་ཡུལ་གཅིག་པའི་འབུམ་རམས་པ་རྨེ་རུ་ཡུལ་ལྷ་ཐར་བཅས་ཀྱིས་གཏམ་བཤད།
        བྱེད་སྒོ་ཁྲོད་ད་དུང་ཟི་ལིང་བོད་ཚོགས་དང་མཉམ་དུ་ལྷོ་རི་གླིང་ཀ་ནས་བོད་ཀྱི་རི་མོ་འགྲེམ་སྟོན་སྤེལ་བ་དང་། སློབ་གྲྭ་ཆེན་མོ་ཁག་ནས་བརྗོད་སྙིང་ཚོགས་ཁྲིད་གནང་ཡོད་པ་ནི། སྤྱི་ཟླ༦པའི་ཚེས༡ཉིན་མཚོ་སྔོན་དགེ་ཐོན་སློབ་ཆེན་ནས་མཁས་དབང་དཀོན་མཆོག་བསྟན་འཛིན་དང་། སྤྱི་ཟླ༦པའི་ཚེས༤ཉིན་མཚོ་སྔོན་མི་རིགས་སློབ་ཆེན་སྒྱུ་རྩལ་སྡེ་ཁག་ནས་ལྷ་རིས་མཁན་པོ་བསྟན་པ་རབ་བརྟན་ལགས་དང་ཟི་ཁྲོན་སློབ་ཆེན་མཛེས་རྩལ་སློབ་གླིང་གི་ཁམས་བསྐལ་བཟང་ཡེ་ཤེས་ལགས། སྤྱི་ཟླ༦པའི་ཚེས༥ཉིན་ནུབ་བྱང་མི་རིགས་སློབ་ཆེན་སྒྱུ་རྩལ་སྡེ་ཁག་ནས་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སྡེ་ཁག་གི་དགེ་རྒན་ཆེན་མོ་སྤེན་པ་ཆུང་བདག་ལགས་ཀྱིས་ཚོགས་ཁྲིད་གནང་། 
       ཚོགས་འདུ་སྟེང་རྒྱ་ནག་པེ་ཅིང་ནས་ཕེབས་པའི་རིག་རྩལ་དཔྱད་འཇོག་པའམ་ཨ་མདོ་བྱམས་པའི་རི་མོ་ལོ་རྒྱུས་འབྲི་མཁན་ཝུན་ཕུའུ་ལེན་དང་། ཁོང་གི་སྤུན་ཆུང་ངམCCTVདངོས་བྲིས་འཁྲབ་ཁྲིད་པ་ཝུན་ཕུའུ་ཆིན་རྣམ་གཉིས་ཕེབས་ནས་རི་མོ་དང་ཆེད་སྒྲིག་བརྙན་འཕྲིན་བཏང་།
     བོད་རིགས་ཚོགས་པས་བྱ་འགུལ་འདི་དམངས་ཁྲོད་ཀྱི་ལས་འགུལ་ཞིག་ཏུ་བསྒྲུབ་ཡོད་པས། ཀན་སུའུ་མཛེས་རྩལ་མཐུན་ཚོགས་ཀྱི་གཙོ་གཞོན་མདོ་སྨད་པ་སངས་རྒྱས་ཚེ་རིང་དང་། ཟི་ཁྲོན་མི་རིགས་དངོས་མང་གཤམ་སྟོན་ཁང་གི་ཚངས་དབང་དགེ་འདུན་བསྟན་པ་སོགས་འབྲེལ་ཡོད་སྡེ་ཁག་གི་གྲོགས་པོའང་མང་པོ་སླེབས་ཡོད་པ་རེད། བོད་བཟོ་ནི་རིག་གནས་བཅུ་ལས་ཆེས་གཙོ་ཆེ་བ་ཞིག་ཡིན་པས། ཟི་ལིང་གི་བོད་རིག་པའི་མཁས་པ་རྒན་ཟླ་བ་དང་། གཟུངས་འབུམ་ཐར། དགེ་འདུན་སོགས་དགེ་རྒན་ཆེན་མོ་ཁག་ཅིག་ཕེབས་ཡོད། དམིགས་གསལ་གྱི་བླང་བྱ་བཏོན་མེད་ནའང་ཚོགས་འདུ་ལ་བོད་སྐད་གཙོ་བོར་བཀོལ་ཡོད་པ་དང་། དབུས་གཙང་དང་ཨ་མདོ། ཁམས་ཀྱི་ཡུལ་སྐད་སོ་སོར་ཡིག་སྐད་དང་ཉེ་བར་སྤྱོད་མཁན་མང་བ་དེས་འདུ་ཚོགས་ཧྲིལ་བོར་བོད་རིག་གནས་ཀྱི་དྲི་ཞིམ་འཐུལ་བར་བྱས།

རྩོམ་ཁུངས། མཚོ་སྔོན་བོད་རིགས་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།