གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་བ་སྙིང་ལྕགས་ཀྱི་དེབ་གསར་༼འབུ་མེ་ལྕེབས།༽

2012-12-08 21:52:00 དྲ་བའི་གསར་འགོད་པ་གངས། ཀློག་གྲངས། མཆན ཡོད།


 དེ་རིང་ནི་རྗེ་ཙོང་ཁ་བ་སྐུ་མྱ་ངན་ལས་འདས་པའི་ཉིན་མོ་ཡིན་ལ།ཁ་བ་སྙིང་ལྕགས་ཀྱི་ལྷུག་རྩོམ་དེབ་གསར་༼འབུ་མེ་ལྕེབས་༽ཞེས་པ་བོད་ཀྱི་རྩོམ་སྟེགས་སུ་འཁྲུངས་པའི་ཉིན་མོའང་ཡིན།སྤྱིར་ན་ལྷུག་རྩོམ་དེབ་འདི་རྩོམ་པ་པོ་ནུབ་བྱང་མི་རིགས་སློབ་ཆེན་ནས་སློབ་མཐར་མ་ཕྱིན་སྔོན་ནས་བོད་ཀྱི་ཀློག་པ་པོ་དག་གི་མིག་མདུན་དུ་བཀྲམ་རྩིས་ཡོད་མོད།འོན་ཀྱང་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་པར་སྐྲུན་མ་ཐུབ་པར་ལུས།དེབ་ནང་གི་ལྷུག་རྩོམ་དག་རྩོམ་པ་པོ་སློབ་ཆེན་དུ་སློབ་གཉེར་བྱེད་པའི་ལོ་ངོ་བཞིའི་རིང་བྲིས་པའི་ལྷུག་རྩོམ་དག་ལས་ཉིང་བཏུས་བྱས་པ་ཡིན།རྗེས་སུ་དེའི་ནང་གི་རྩོམ་འགའ་འཕྲི་བ་དང་ད་ལོ་དབྱར་ཀ་སློབ་མཐར་ཕྱིན་རྗེས་མཚོ་སྔོན་པོའི་འགྲམ་ནས་ལུག་རྫི་བྱེད་པའི་ཞོར་དུ་བྲིས་པའི་ལྷུག་རྩོམ་རེ་འགའ་གསར་དུ་བསྣན་ཡོད།ཁོས་སློབ་ཆེན་སྐབས་བྲིས་པའི་ལྷུག་རྩོམ་འབུ་མེ་ལྕེབས་སོགས་ལ་བོད་ཀྱི་སྙན་ངག་པ་དཔའ་རྩེ་སོགས་ཀྱིས་ཀྱང་གདེང་འཇོག་ཚད་མཐོན་པོ་གནང་ཡོད།
ལྷུག་རྩོམ་དེབ་དེའི་ནང་དུ་རྩོམ་པ་པོས་འཇིག་རྟེན་ཐོག་གི་ཆེས་ཉམ་ཆུང་བའི་འབུ་མེ་ལྕེབས་དང་གཤོག་པ་ཆག་པའི་སྦྲང་མ།འཁྱག་ཤི་ཐེབས་པའི་བྱིའུ་སོགས་ཀྱི་འཚོ་བའི་ཉམས་འགྱུར་གསར་རྩོམ་གྱི་སྲོག་ཏུ་བཟུང་ནས་མིའི་རིགས་ཀྱི་འཚོ་གནས་ཀྱི་དོན་སྙིང་དང་།ཚེ་སྲོག་གི་སྟོབས་ཤུགས་ལ་བཅངས་པའི་འདུན་མ་སོགས་མཚོན་ཡོད་ལ།རྩོམ་པ་པོ་རང་བྱུང་ཁམས་ལ་དུངས་པའི་ལྷད་མེད་ཀྱི་བརྩེ་སེམས་ཀྱང་ཆེས་ཕྲ་རགས་ཀྱི་ཚེ་སྲོག་གི་རྣམ་བཞག་ཞིབ་འབྲི་བྱས་པ་ལས་གསལ་བོར་མངོན་དུ་བཅུག་ཡོད།ཁོས་བརྩམས་ཆོས་མང་ཆེ་བའི་ནང་དུ་དམག་འཁྲུག་དང་དུས་ཟིང་སོགས་མིའི་རིགས་ཀྱི་ཚེ་སྲོག་ལ་གཏོར་བརླག་དང་འཚོ་བ་ལ་དཀའ་ངལ་བཟོ་བའི་མ་རུངས་པའི་ལས་མཐའ་དག་ལ་ཞི་རྒོལ་ལམ།གནས་ལུགས་ཀྱི་གོ་ཆ་བགོས་ནས་རྒོལ་བ་བཏང་སྟེ་བོད་ཙམ་མིན་པར་འཛམ་གླིང་མི་དམངས་ཀྱི་གཏན་གྱི་ཞི་བདེ་དང་བག་ཕེབས་ཀྱི་འཚོ་བ་ལ་རེ་བའི་འབོད་པ་བཏང་ཡོད།འཇིག་རྟེན་ཐོག་གི་སྐྱེ་བོ་ཀུན་འཇིགས་ཤིང་སྐྲག་པའི་འཆི་བ་སོགས་ཀྱང་ཁོའི་སྨྱུག་རྩེ་ནས་ཡིད་དུ་འོང་བ་ཞིག་གམ་དང་ལེན་བྱེད་འདོད་པ་ཞིག་ཏུ་གྱུར་ཡོད།
  དེ་མིན།ཁོའི་རྩོམ་ཐབས་ལ་ཤིན་ཏུ་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡོད་པ་ནི་ལྷུག་རྩོམ་དག་ལ་མཚད་ཉིད་རིག་པའི་མིག་ཤེས་སྤྱད་ཚེ་སྙན་ངག་དང་འདྲ་ཞིང་།སྙན་ངག་གི་མིག་ཤེས་སྤྱད་ཚེ་སྒྲུང་རྩོམ་དང་མཚུངས་ལ།སྒྲུང་རྩོམ་གྱི་མིག་ཤེས་སྤྱད་ཚེ་ལྷུག་རྩོམ་དང་གཉིས་སུ་མེད་པ།ལྷུག་རྩོམ་གྱི་མིག་ཤེས་སྤྱད་ཚེ་སླར་ཡང་མཚན་ཉིད་རིག་པའི་དྲི་མ་སྟུག་པོ་ཞིག་ཁྱབ་ཡོད་པ་དེས་ཁ་བ་སྙིང་ལྕགས་ཀྱི་རྩོམ་གཤིས་ཡོངས་སུ་གྲུབ་ཏུ་བཅུག་ཡོད།ཁོ་ནི་ཆུང་དུས་ནས་འཛམ་གླིང་བརྩམས་ཆོས་གྲགས་ཅན་བཀླགས་ནས་ནར་སོན་པའི་གཞོན་ནུ་ཞིག་ཡིན་པས་ན།ཁོའི་ལྷུག་རྩོམ་དེབ་དེའི་ནང་དུ་བོད་ཀྱི་རྩོམ་པ་པོ་རྒན་རབས་པ་དག་གིས་ཀྱང་རྩོམ་རིག་གི་འཇིག་རྟེན་ནས་ཚེ་གང་བོར་བཙལ་ནས་མ་རྙེད་པ་མང་པོ་ཞིག་ཁ་བ་སྙིང་ལྕགས་ཀྱིས་མི་ལོ་ཉི་ཤུའི་དུས་ཐུང་གི་ཡུན་ལ་རྙེད་ཡོད་ཅེས་བཤད་ཀྱང་འུད་བརྗོད་དུ་འགྲོ་བར་མི་སེམས།བོད་ཀྱི་རྩོམ་པ་པོ་འདི་དག་གིས་བྱ་སྤུ་སྒྱེ་མོ་གང་གང་ཁུར་ནས་མགོ་བོ་གནམ་ལ་བསྒྲེངས་དུས།ཁོས་མགོ་བོ་ས་རུ་དུད་དེ་གསེར་ཞོ་གང་འཚོལ་བར་རྩོལ་བ་རྒྱག་གི་ཡོད།
དེང་ཐོག་ཁྱོད་ཚོས་དེབ་འདི་སྣང་མེད་དུ་འཇོག་ཀྱང་སྲིད་མོད།མཐའ་མར་ཁྱོད་ཚོས་དེབ་འདིས་རང་རེའི་རྩོམ་རིག་གི་སྟོང་ཆ་གང་ཞིག་བསྐངས་ཡོད་པ་གསལ་བོར་ཤེས་ངེས།ཡིན་ནའང་དེབ་འདི་ཡིས་འདས་པའི་དུས་ཀྱི་ཁ་བ་སྙིང་ལྕགས་མཚོན་པ་ལས་མ་འོངས་པའི་ཁ་བ་སྙིང་ལྕགས་མཚོན་མི་ནུས་སོ།།
            ༢༠༡༢ལོའི་ཟླ་༡༢པའི་ཚེས་༨ཉིན་ཀྲེ་ཅང་ཐེ་ཀྲུའུ་ནས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།