གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྩོམ་བསྡུའི་བརྡ་སྦྱོར།

2012-10-30 15:01:00 མེ་སོན། ཀློག་གྲངས། མཆན ཡོད།

  བོད་སྐད་ཡིག་གཅེས་སྐྱོང་མཐུན་ཚོགས་ཀྱིས་གཙོ་སྒྲུབ་གནང་སྟེ། རང་རེ་བོད་རིགས་ཐུན་མོང་གིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཁེ་དབང་གཙང་མ་ལོངས་སུ་སྤྱད་ཕྱིར་དང་། ལྷག་པར་དེང་གི་སྐད་གཉིས་སློབ་གསོའི་སྲིད་ཇུས་བཟང་པོར་རམ་འདེགས་ཞུ་ཕྱིར། བོད་ཁུལ་ཡོངས་སུ་སྐད་རྨོངས་ཡིག་རྨོངས་ཁྲིམས་རྨོངས་སེལ་བའི་སློབ་གསོའི་བྱ་འགུལ་རིམ་པར་སྤེལ་བཞིན་པ་ལ་ཉེ་བར་མཁོ་བའི་ཆ་ལག་ལྟ་བུར། ལག་འཕྲིན་སོགས་བརྡ་འཕྲིན་བརྒྱུད་ལམ་དུ་བཀོལ་སྤྱོད་བདེ་བའི༼བོད་ཡིག་རྒྱུན་མཁོའི་འཕྲིན་ཐུང་གཅེས་བསྡུས༽ཞེས་པའི་དེབ་ཆུང་ཞིག་པར་དུ་བསྐྲུན་ཏེ། བོད་ཁུལ་གྱི་སྐད་ཡིག་རྨོངས་སེལ་ཐད་ཀྱི་དོ་སྣང་ཅན་རྣམས་ལ་རིན་མེད་གཟིགས་འབུལ་ཞུ་བར་བྱ་བ་ལ་མཁྱེན་དཔྱོད་ཡངས་པའི་རྩོམ་པ་པོ་རྣམས་ནས་འོས་འཚམས་ཀྱི་ཕྱག་རྩོམ་གཟིགས་སྐྱོང་ཡོང་བ་ཅིས་ཀྱང་མཁྱེན་ཞུ་བ་ལགས།
གཅིག   བརྗོད་བྱ་གཙོ་བོ་འཚམས་འདྲི་དང་ཤིས་བརྗོད་མཛའ་འཕྲིན་སོགས་ལྟ་བུ་ཉིན་རེའི་འཚོ་བའི་ཁྲོད་ཉེར་མཁོའི་སྐོར་ལ་ཁ་ཕྱོགས་དགོས། ཀུ་རེ་དང་སློབ་གསོའི་བྲོ་བའང་ཡོད་ན་བཟང་།
གཉིས། ཚིག་ཉུང་དོན་འདུས་གོ་སླ་བ་གཙོར་འཛིན་དགོས།
གསུམ།  རྩོམ་སྟངས་བཅད་ལྷུག་གང་ཡིན་ཡང་རུང་།  འབོལ་རྩོམ་དང་གཏམ་དཔེ་དམངས་གླུ་སོགས་ཀྱི་རྩོམ་སྟངས་བཟང་སྙམ་མོད་ཅི་བདེར་མཛད་ཆོག
བཞི། ཟུར་དུ་དམངས་ཁྲོད་དུ་ཉེ་བར་མཁོ་བའི་བསྐྱི་ཡིག གན་རྒྱ། སྙན་ཞུ་སོགས་ཀྱི་མ་དཔེ་རེའང་འགོད་འཆར་ལགས་ན་དེ་ཡང་ཐུགས་ལ་འཛིན་པར་ཞུ།
ལྔ། རྩོམ་ཡོངས་ཕྱོགས་བསྡུ་བྱས་རྗེས་རྩོམ་སྒྲིག་ཚན་ཆུང་ནས་གདམ་གསེས་ཀྱིས་དེབ་ཆུང་ཞིག་བསྒྲིག་འཆར་ལགས་ན་བྲིས་ཚད་ཚང་མ་ཚུད་པའི་ངེས་པ་མེད།
དྲུག  པར་དུ་བསྐྲུན་རྗེས། ས་གནས་སོ་སོའི་སྐད་ཡིག་རྨོངས་སེལ་འཛིན་གྲྭ་ཁག་བརྒྱུད་མང་ཚོགས་རྣམས་ལ་རིན་མེད་མཁོ་སྤྲོད་བྱས་ཏེ་ལོ་གཅིག་གི་སློབ་དེབ་བྱེད་རྒྱུ་ཡིན་ལ། དག་ཆ་དང་བཅས་བློར་འཛིན་རྒྱུགས་སྤྲོད་ཀྱང་བྱ་དགོས།
བདུན། སྐད་ཡིག་རྨོངས་སེལ་འཛིན་གྲྭ་ཞེས་པ་ནི་སྡེ་བ་སོ་སོའི་ནང་བཙུགས་པའི་མི་དར་མའི་སྐད་རྨོངས་ཡིག་རྨོངས་ཁྲིམས་རྨོངས་སེལ་བའི་གསར་ཚུགས་སློབ་སྦྱོང་འཛིན་གྲྭ་ཞིག་ཡིན། འདི་ནི་བོད་སྐད་ཡིག་གཅེས་སྐྱོང་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་ཏེ་སྡེ་བ་སོ་སོར་ཁྱབ་བརྡལ་དུ་སྤེལ་བའི་འཛིན་གྲྭ་ཞིག་ཡིན། ད་སྔ་ཡན་སྐད་རྨོངས་དང་ཡིག་རྨོངས་སེལ་བའི་སློབ་དེབ་འབུམ་གཅིག་ལྷག་འཛིན་གྲྭ་སོ་སོར་མཁོ་སྤྲོད་དང་གསབ་སྦྱོང་བྱས་པ་བརྒྱུད་གྲུབ་འབྲས་མི་དམན་པ་བླངས། དེབ་ཆུང་འདི་ཡང་ང་ཚོས་ཞིང་འབྲོག་དམངས་ཁྲོད་དུ་སྐད་རྨོངས་ཡིག་རྨོངས་སེལ་བའི་སློབ་དེབ་ཀྱི་ཆ་ཤས་སུ་ཉེ་བར་མཁོ་བའོ། །
  འབྲེལ་གཏུགས་ཁ་པར།    18297049669        དྲྭ་ཡིག  tsokpel@gmail.com
  བོད་སྐད་ཡིག་གཅེས་སྐྱོང་མཐུན་ཚོགས་ནས་སྤྱི་ལོ ༢༠༡༢ ལོའི་ཟླ ༡༠ ཚེས ༣༠ ཉིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།