གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྩོམ་པ་པོ་མོ་ཡན་ལ་༢༠༡༢ལོའི་ནོ་པེལ་གྱི་རྩོམ་རིག་བྱ་དགའ་ཐོབ་པ།

2012-10-11 20:33:00 སྐྱ་བོ། ཀློག་གྲངས། མཆན ཡོད།

 
   མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འཕྲིན། སུའེ་ཏེན་གོང་མའི་རྩོམ་རིག་གླིང་གིས་རྒྱལ་ཁོངས་ཀྲུང་གོ་ཡིན་པའི་རྩོམ་པ་པོ་མོ་ཡན་ལ་༢༠༡༢ལོའི་ནོ་པེལ་གྱི་རྩོམ་རིག་བྱ་དགའ་ཐོབ་པ་དངོས་སུ་ཁྱབ་བསྒྲགས་བྱས་འདུག
  མོ་ཡན་ནི་༡༩༥༥ལོའི་ཟླ་༢པའི་ཚེས་༡༧ཉིན་ཧྲན་ཏུང་ཞིང་ཆེན་གྱི་ཀོ་མི་རྫོང་ནས་སྐུ་འཁྲུངས་ཤིང་བྱིས་པའི་དུས་སུ་ཕ་ཡུལ་ནས་སློབ་ཆུང་དུ་ཞུགས་ནའང་རིག་གནས་གསར་བརྗེ་ཆེན་མོའི་རྐྱེན་གྱིས་སློབ་བྱོལ་བྱ་དགོས་བྱུང་སྟེ་ཞིང་སྡེ་ནས་ལོ་མང་པོའི་རིང་ངལ་རྩོལ་བྱས། ༡༩༧༦ལོར་ཁོང་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་ནང་དུ་ཞུགས་ཤིང་བཅུ་དཔོན་དང་། གསང་བ་སྲུང་མཁན། དེབ་བདག དགེ་རྒན། ལས་བྱ་སོགས་ཀྱི་འགན་འཁུར། ༡༩༨༡ལོ་ནས་བཟུང་གསར་རྩོམ་གྱི་མགོ་བརྩམས་ཏེ་༼གཙང་ཆུ་སྐམ་པོ༽དང་། ༼སྟོན་ཀའི་ཆུ༽༼དམངས་ཁྲོད་ཀྱི་རོལ་མོ༽སོགས་སྔ་གཞུག་ཏུ་སྤེལ། ༡༩༨༦ལོར་བཅིངས་འགྲོལ་དམག་གི་སྒྱུ་རྩལ་སློབ་གླིང་ནས་སློབ་མཐར་ཕྱིན། ༡༩༩༡ལོར་པེ་ཅིང་དགེ་འོས་སློབ་ཆེན་གྱི་ལུའུ་ཞུན་རྩོམ་རིག་གླིང་གི་ཞིབ་འཇུག་འཛིན་གྲྭ་ནས་རྩོམ་རིག་གི་རབ་འབྱམས་ཆུང་བའི་ཐོབ་ཐང་བླངས། ༡༩༩༧ལོར་༼ནུ་མ་རྒྱས་ཤིང་འཕོང་ཚོས་ཆེ༽ཅེས་པའི་སྒྲུང་རིང་ལ་ཀྲུང་གོའི་གཟེངས་དངུལ་ཆེས་མང་པའི་བྱ་དགའ་སྟེ། ཏ་ཅ་རྩོམ་རིག་བྱ་དགའ་ཞེས་པ་ཐོབ། ལོ་དེར་ཁོང་དམག་དཔུང་དང་ཁ་བྲལ་ཏེ་༼ཞིབ་བཤེར་ཉིན་རེའི་ཚགས་པར༽དུ་ལས་སྒྱུར་བྱས་ཤིང་ཚགས་པར་ཁང་དེར་བརྙན་འཕྲིན་ཟློས་གར་གྱི་འཁྲབ་གཞུང་འབྲི་བའི་ལས་འགན་ཁུར།
 
 གློག་བརྙན༼ཁྲེ་རྒོད་དམར་པོ༽ཞེས་པའི་བརྙན་རིས།
 ཁོང་གིས་ད་ལྟའི་བར་དུ་༼ཁྲེ་རྒོད་དམར་པོ༽དང་། ༼ཁྲེ་རྒོད་དམར་པོའི་ཁྱིམ་རྒྱུད༽ ༼ཆང་གི་རྒྱལ་ཁམས༽ ༼བ་གླང༽༼གླུ་ལེན་ཤེས་པའི་གྱང༽༼ནུ་མ་རྒྱས་ཤིང་འཕོང་ཚོས་ཆེ༽༼ཤི་གསོན་གྱི་ངལ་དུབ༽ ༼སྦལ་བ༽སོགས་སྒྲུང་རིང་མང་པོ་གསར་རྩོམ་མཛད་ཡོད་ལ། བརྩམས་ཆོས་ལ་སྒྱུ་འཕྲུལ་དང་ཁུངས་འཆལ་གྱི་ཤས་ཆེ་བ་དང་། རྟོག་པ་རང་ཡན་པའི་ངང་དུ་གནའ་དེང་གི་འཚོ་བ་སྒྱུ་རྩལ་གྱི་ངོས་ནས་མཚོན་པར་བྱེད་པའི་ཁྱད་ཆོས་ལྡན། བརྩམས་ཆོས་འགའ་ཞིག་གློག་བརྙན་དུ་བཟོས་ཡོད་ཅིང་དེ་དག་ལས་ཀྲུང་གོའི་འཁྲབ་ཁྲིད་པ་གྲགས་ཅན་ཀྲང་དབྱི་མོའུ་ཡིས་འཁྲབ་ཁྲིད་བྱས་པའི་གློག་བརྙན༼ཁྲེ་རྒོད་དམར་པོ༽ལ་༡༩༨༨ལོར་པུར་ལེན་གློག་བརྙན་དུས་ཆེན་གྱི་ཆེས་མཐོ་བའི་བྱ་དགའ་སྟེ་གསེར་དོམ་བྱ་དགའ་ཐོབ་མྱོང་།
 ཐེངས་འདིར་ནོ་པེལ་རྩོམ་རིག་བྱ་དགའི་དཔྱད་འདེམས་ཚོགས་པས"སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་བརྩམས་ཆོས་སུ་དམངས་ཁྲོད་ཀྱི་གཏམ་རྒྱུད་དང་། ལོ་རྒྱུས། དེང་གི་འཚོ་བ་བཅས་ཆུ་དང་འོ་མ་བཞིན་འདྲེས་པར་བྱས་པ"ཉིད་ཁོང་ལ་བྱ་དགའ་དེ་སྟེར་བའི་རྒྱུ་མཚན་དུ་བརྗོད་འདུག 

གཞན་དུ་ཀློག་པ། ༢༠༡༡ལོའི་ནོ་པེལ་གྱི་རྩོམ་རིག་བྱ་དགའ། ༢༠༡༠ལོའི་ནོ་པེལ་གྱི་རྩོམ་རིག་བྱ་དགའ། ༢༠༠༩ལོའི་ནོ་པེལ་གྱི་རྩོམ་རིག་བྱ་དགའ།༢༠༠༨ལོའི་ནོ་པེལ་གྱི་རྩོམ་རིག་བྱ་དགའ།
 
 པར་དབང་གསལ་བཤད། ༼པར་དབང་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བར་དབང་བས་བོད་ཡིག་གི་དྲ་བ་གཞན་དག་ཏུ་རྩོམ་ཁུངས་བཀོད་དེ་བརྒྱུད་སྤེལ་བྱས་ཆོག་པ་ལས་གཞན་གཞུང་སྒེར་གྱི་ཚགས་པར་དང་དུས་དེབ་སོགས་སུ་དགོད་མི་ཆོག༽

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།