གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༼གཡང་མདའ༽ཞེས་པའི་གློག་བརྙན་ཕབ་བསྐྲུན་སྐོར་གྱི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་གཅན་ཚ་ནས་བསྡུས་པ།

2012-09-19 22:52:00 གསར་འགོད་པ་མི་རྒོད། ཀློག་གྲངས། མཆན ཡོད།

 
   2012ལོའི་གཡང་མདའ་རྟགས་མའི་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩེད་གདན་ཞུ་འགྲན་སྡུར་སྐབས་གཉིས་པའམ་མདའ་སྟོན་རིག་གནས་དུས་ཆེན་གྱི་སྐབས་སུ། གཅན་ཚ་རྫོང་གིས་《གཡང་མདའ》ཞེས་པའི་གློག་བརྙན་ཞིག་ཕབ་བསྐྲུན་བྱ་རྒྱུའི་སྟ་གོན་བྱས་ཡོད་པ་དང་། དེ་དང་འབྲེལ་ཡོད་ཀྱི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་ཞིག་ཀྱང་བསྡུས་ཡོད་པ་རེད། 
ཚོགས་འདུ་ལ་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཀརྨ་ཕུན་ཚོགས་སོགས་འབྲེལ་ཡོད་མགོ་ཁྲིད་དང་གློག་བརྙན་གྱི་ཇུས་འགོད་པ་སངས་རྒྱས་རྒྱ་མཚོ་དང་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་སོགས། གཞན་ཡང་མདའ་རྩེད་རིག་གནས་ཆེད་མཁས་པ་སོགས་མི་སྣ་ཉི་ཤུ་ལྷག་ཚོགས་ཞུགས་བྱས་ཏེ་གློག་བརྙན་གྱི་བརྗོད་བྱ་དང་ཕབ་བསྐྲུན་གྱི་དུས་ཡུན་སོགས་ཕྱོགས་ཙམ་ངོ་སྤྲོད་བྱས་ཡོད་འདུག
  གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན་ད་རེབ་ཀྱི་གློག་བརྙན་འདི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་ངོས་ནས་བཤད་ནའང་ཚོད་ལྟ་གསར་བ་ཞིག་ཡིན་པ་ནི་ཕྱོགས་གཅིག་ནས་ཕབ་བསྐྲུན་སྤྱིའི་མ་དངུལ་ལ་སྒོར་ས་ཡ་དགུ་དང་འབུམ་དྲུག་ལྷག་གཏང་རྒྱུ་ཡིན་པ་དང་། གཞན་དུ་གབ་སྦས་དང་ཤུགས་བསྟན་གྱི་བྱུང་བ་བརྗོད་རྒྱུར་ལོབས་རྐྱེན་པའི་འཁྲབ་ཁྲིད་པ་ཁོང་རང་གིས་སྔོན་གྱི་རང་མཚན་པའི་ཁྱད་ཆོས་རྣམས་ཡོངས་སུ་དོར་ཏེ་སྒྱུ་འཕྲུལ་ལུགས་ཀྱི་གློག་བརྙན་ཞིག་ཏུ་ཕབ་བསྐྲུན་བྱ་རྒྱུ་ཡིན་པར་བརྗོད་ཡོད་ལ། འཁྲབ་སྟོན་པར་ཡང་རྒྱལ་ནང་དུ་མིང་གྲགས་རྒྱས་ཡོད་པའི་བོད་རིགས་འཁྲབ་སྟོན་པ་ཁོ་ན་བསྡུ་རྒྱུའི་ཐོག་མའི་འཆར་གཞི་ཞིག་བཙུགས་ནས་ཡོད་པ་རེད། 
    <<གཡང་མདའ>>ཞེས་པའི་གློག་བརྙན་གྱིས་ལོ་རྒྱུས་འཕེལ་རིམ་ཁྲོད་ཀྱི་མཚར་སྡུག་འོད་སྟོང་འབར་བའི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་བྱུང་བ་བརྗོད་བྱར་བྱས་ནས། གློག་བརྙན་སྒྱུ་རྩལ་གྱི་ཁྱད་ཆོས་དང་ཟུང་དུ་སྦྲེལ་ཏེ་བརྙན་གཟུགས་ཀྱི་བྱེད་ཐབས་ལ་བརྟེན་ནས་མདའ་མོ་གཡང་རྫོང་གཅན་ཚ་ས་ཁུལ་གྱི་ཁྱད་དུ་འཕགས་པའི་སྲོལ་རྒྱུན་རིག་གནས་ཀྱི་སྦས་ཤུགས་སྔོགས་འདོན་བྱ་རྒྱུ་ཡིན་ཟེར་རོ། ། 
མིག་སྔར་བརྙན་ཕབ་ཀྱི་སྔོན་གྲབས་བྱ་བ་སྤེལ་བཞིན་པའི་སྒང་ཡིན་ལ། ཚོད་དཔག་བྱས་པ་ལྟར་ན་སང་ལོའི་ལོ་མཇུག་ཏུ་གློག་བརྙན་བརྒྱུད་གཏོང་བྱ་ཐུབ་པར་བརྗོད་དོ། །

རྩོམ་ཁུངས། རིག་འབྱུང་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།