གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་གསུང་རབ་དཔེ་ཚོགས་ཞེས་པ་པར་དུ་བསྐྲུན་པ།

2012-08-07 18:19:00 གསར་འགོད་པ་བོང་སྟག་རི་ལུ།༼མཚོ་ ཀློག་གྲངས། མཆན ཡོད།

 
  དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་གསུང་རབ་དཔེ་ཚོགས་ཀྱི་བརྙན་པར།
  མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འཕྲིན། ཉེ་ཆར་<<བོད་ཀྱི་བཅུ་ཕྲག་རིག་མཛོད་ཆེན་མོ>>ལས།    དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་གསུང་རབ་དཔེ་ཚོགས་པར་དུ་བསྐྲུན་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ལོ་ངོ་བཅུ་ཕྲག་ལྷག་གི་ཡར་སྔོན་ནས་བཟུང་འཆར་གཞི་བཀོད་པ་ལྟར།  བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཆེ་ཁག་བཞིའི་ལྟ་སྒོམ་སྤྱོད་གསུམ་དང་།  གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་མཚོན་པའི་གཞུང་ཆེན་པོད་ཏི་བརྒྱད་ཅུའི་བདག་ཉིད་ཅན་གྱི་དཔེ་ཚོགས་ཆེན་མོ་ཞིག་པར་སྐྲུན་བྱེད་རྒྱུའི་ལས་གཞི་ཐོག་མར་དབུ་བརྩམས་ཤིང་།  འབྲེལ་ཡོད་ལས་ཁུངས་ཁག་ལ་སྙན་ཞུ་རིམ་པར་བརྒྱུད་དེ་ཆོག་མཆན་ཡང་ལེགས་པར་ཐོབ་པ་ལྟར།  བཀའ་བརྒྱུད་པ་དང་།  སྔ་འགྱུར་རྙིང་མའི་དཔེ་ཚོགས་སོགས་ཉེ་ཆར་གྱི་ལོ་འགའི་ནང་ཡོངས་སུ་ལེགས་འགྲུབ་བྱུང་།  འོན་ཀྱང་།  དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་གསུང་རབ་དཔེ་ཚོགས་ནི།  ཕྱི་ནང་གི་ཆ་རྐྱེན་མ་ཚང་པ་སོགས་གནས་ཚུལ་མང་པོ་ཞིག་གི་རྐྱེན་གྱིས་པར་སྐྲུན་བྱ་བ་ཅུང་ཟད་འགོར་འགྱངས་བྱུང་། ཡིན་ན་ཡང་སྤྱི་ལོ་ ༢༠༠༩ ལོར་མཚོ་སྔོན་དཔེ་སྐྲུན་མི་རིགས་དཔེ་སྐྲུན་ཁང་གི་མགོ་ཁྲིད་པ་སྤྱི་དང་།  སྒོས་སུ་མགོ་གཙོ་བསོད་ནམས་ཚེ་རིང་།  རྟ་མགྲིན་སྐྱབས།  སྒྲོལ་མ་རྒྱ་མཚོ་སོགས་མགོ་ཁྲིད་གཙོ་གཞོན་ལྷག་བསམ་ཅན་དག་གིས།  དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་ཚད་ལྡན་མཁས་པ་རྣམས་ཀྱིས་མཛད་པའི་རིག་གནས་བཅུ་ཕྲག་མ་ཚང་བ་མེད་པའི་བཀའ་རྩོམ་དཔེ་ཚོགས་ཆེན་མོ་འདི་པར་སྐྲུན་བྱེད་པའི་འགན་འཁུར་སྙིང་སྟོབས་ཀྱིས་བཞེས་ཏེ།  མདོ་སྨད་དྷཱིཿཚ་དགོན་གྱི་ཆོས་རིག་སྨྲ་བའི་མཁས་དབང་ཆེན་མོ།  དགེ་བཤེས་མུན་འཇོམས་སྒྲོན་མེ་མཆོག་དཔེ་ཚོགས་ཆེན་མོ་འདིའི་སྦྱོར་དངོས་མཇུག་གསུམ་གྱི་ཕྱག་ལས་ཆ་ཚང་གནང་བའི་རྩོམ་སྒྲིག་པར་གདན་འདྲེན་ཞུས་ཤིང་། དགེ་བཤེས་ཁོང་གིས་ཀྱང་ཐུགས་དགྱེས་པའི་ངང་ནས་ཞལ་བཞེས་མཛད་དེ་ཐོག་མའི་མ་དཔེ་འཚོལ་བསྡུ་དང་།   རྩོམ་སྒྲིག་མཛད་ཅིང་དཀར་ཆག་འགོད་པ།  དཔེ་བསྡུར་ཞུ་དག་དང་པར་རྩ་ཇུས་འགོད་སོགས་དཔེ་ཚོགས་ཆེན་མོ་འདིའི་ཐོག་མཐའ་བར་གསུམ་གྱི་ཕྱག་ལས་ཆ་ཚང་ལེགས་པར་བསྒྲུབས་ཏེ་ད་ལྟ་དཔེ་ཚོགས་འདི་ཡོངས་སུ་གྲུབ་པ་ལགས། 
  
 གདན་ཞུའི་རྩོམ་སྒྲིག་པ་དགེ་བཤེས་མུན་འཇོམས་སྒྲོན་མེ་མཆོག
  དཔལ་མཉམ་མེད་རི་བོ་དགེ་ལུགས་པའི་གསུར་རབ་ཉིང་བཅུད་ཉེར་མཁོ་ཕྱོགས་བསྒྲིགས་ཞེས་བྱ་བ་འདིར་མདོ་སྔགས་བསྟན་པའི་ཤིང་རྟ་བ་ཆེན་པོ་འཇམ་མགོན་བླ་མ་ཤར་ཙོང་ཁ་པ་ཡབ་སྲས་ཀྱི་བཀའ་འབུམ་གྱིས་མཚོན་པའི་སེ་ར་རྗེ་བཙུན་པ་དང་།  པཎ་ཆེན་བསོད་ནམས་གྲགས་པ།  ཀུན་མཁྱེན་འཇམ་དབྱངས་བཞད་པ་སོགས་ཀྱི་ལེགས་གསུང་ཆོས་ཀྱི་ཉིང་བཅུད་དུ་གྱུར་པའི་གསུང་རྩོམ་ཕལ་ཆེར་ཞིག  མདོ་ཕྱོགས་བཀའ་པོད་ལྔ་དང་།  ལམ་རིམ་བློ་སྦྱོང་སོགས་དང་།  སྔགས་ཕྱོགས་ཆོས་སྐོར་བཅས་སུ་བསྡུས་ཏེ་པར་བསྐྲུན་མཛད་ཡོད།  དཔེ་ཚོགས་འདི་ནི་བོད་ཀྱི་གྲུབ་མཐའ་ཆེ་ཁག་བཞི་དང་།  བཅུ་ཕྲག་རིག་པའི་རྨང་གཞི་འམ་ཉིང་བཅུད་ལྟ་བུར་འདུག་པས་ནང་རིག་ཆོས་ཀྱི་གཏེར་མཛོད་ཆེན་མོ་ཞིག་ལས་མ་འདས་སོ། །
 
  དཔེ་ཚོགས་ཆེན་མོ་འདིའི་ལས་གཉེར་པ་ཡོངས་ཀྱི་མཚན་གཞུང་།
  དཔེ་ཚོགས་ཆེན་མོ་འདིར་དཔེ་བསྡུར་ཞུ་དག་བྱེད་མཁན་ནི། མདོ་སྨད་དྷཱིཿཚ་དགོན་ཆེན་དགེ་ལྡན་བཀྲ་ཤིས་ཆོས་སྡིངས་གླིང་གི་རབ་འབྱམས་གཞུང་ལུགས་སྨྲ་བའི་སློབ་གཉེར་པ་སུམ་ཅུ་ལྷག་གཙོར་མཛད་དེ།  འགར་རྩེ་ཐུབ་བསྟན་ཆོས་གླིང་གི་དགེ་རྒན་ཁག་ཅིག    མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་སོགས་ཀྱི་སློབ་དཔོན་ཆེན་མོ་སྐོར་ཅིག་བཅས་ཀྱིས་འབད་བརྩོན་དང་སྤོབས་པའི་དཔུང་བ་མཉམ་གཤིབ་ཀྱི་སྒོ་ནས་ལས་གཞི་ཆེན་མོ་འདིའི་མགོ་ནས་མཇུག་བར་གྱི་བགྱི་བ་ཐམས་ཅད་མཐའ་ལ་འཁྱོལ་པར་མཛད་དོ། །
  དཔེ་ཚོགས་འདིར་ཚད་མ་པོད་གཉིས་དང་།  ཕར་ཕྱིན་པོད་གཉིས།  དབུ་མ་པོད་གཉིས།  དངོན་པ་པོད་གཉིས།  འདུལ་བ་པོད་གཉིས།   ཕར་ཕྱིན་ཟུར་བཀོལ་པོད་གཉིས།  ལམ་རིམ་པོད་གཅིག  སྔགས་རིམ་པོད་གཅིག   མདོ་ཕྱོགས་ཆོས་སྐོར་པོད་གཅིག   སྔགས་ཕྱོགས་ཆོས་སྐོར་པོད་གཅིག  བློ་སྦྱོང་པོད་གཅིག  ཐུན་མོང་རིག་གནས་པོད་གསུམ་བཅས་པོད་ཆེན་ཉི་ཤུ་དང་།  དེབ་ཚད 850mm×1168mm1-32    དཔར་ཤོག 46×875    དཔར་གྲངས།1-1000  དཔེ་ཚོགས་ཆ་ཚང་གཅིག་ལ་རིན་གོང་དམངས་སྒོར། 1926 ཡིན་པ་རེད།    དཔེ་ཚོགས་ཆ་ཚང་འགའ་རེ་བླུ་མཁན་དག་ལ་སྡེབ་ཚོང་རིན་གོང་ཅུང་ཟད་དམའ་བ་ཡིན།   
  རྒྱལ་བའི་མཛད་པ་ཀུན་ལས་གསུང་གི་མཛད་པ་བརྒྱ་སྟོང་མང་པོ་ཕྱོགས་གཅིག་ཏུ་བཞེངས་པའི་མུ་འབྲེལ་དཔེ་ཚོགས་ཆེན་མོ་འདི་ཉིད།  བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་མཆོག་དང་།  འཛམ་གླིང་རྒྱན་དྲུག་མཆོག་གཉིས་དང་།  གངས་ཅན་མཁས་གྲུབ་དམ་པ་སྤྱི་དང་།  ཁྱད་པར་དུ་འཇམ་མགོན་བླ་མ་ཤར་ཙོང་ཁ་པ་ཡབ་སྲས།  རྗེས་འཇུག་ཉི་ཟླ་ལྟར་གྲགས་པའི་རིམ་བྱོན་མཁས་གྲུབ་གསེར་རིའི་ཕྲེང་པ་བཞིན་བསྟར་བའི་སྡེ་ལ།  སྐུ་ཡོན་དང་མཛད་པ་རྗེས་སུ་དྲན་པའི་རྟེན་དུ་ཞུ་རྒྱུ་མ་ཟད།   འཛམ་གླིང་ཞི་བདེ་དང་།   འཆམ་མཐུན་སྤྱི་ཚོགས།  ཆོས་རིག་འཕེལ་རྒྱས་སོགས་སྒོ་དུ་མའི་ཆེད་དུ་དམིགས་ཏེ།  འགྲོ་བ་མིའི་རིགས་ཀྱི་བསམ་བློ་ཡར་ལྡན་དུ་སྨིན་པའི་བདུད་རྩི་དང་།  གླིང་བཞིའི་རྒྱལ་ཁམས་ཡོངས་ལ་དགེ་ལེགས་ཤིས་པ་ཆེན་པོའི་ལེགས་སྐྱེས་སུའང་གུས་འབུལ་མཛད་པ་ལགས་སོ། །
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།