གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཅན་རང་སད་ཀྱི་སྙན་ངག་རིང་མོ༼མི་ཡུལ་འགྲིམས་པའི་གད་རྒྱངས༽ཞེས་པ་པར་སྐྲུན་བྱེད་ལ་ཉེ་བ།

2013-01-30 14:52:00 གཅན་རྣམ་ཐར། ཀློག་གྲངས། མཆན ཡོད།


གཅན་རང་སད།༼དབུས༽
 དེང་རབས་བོད་ཀྱི་སྲོལ་རྒྱུན་སྙན་ངག་པ་རྒན་གཅན་རང་སད་ལགས་ཀྱི་རྩོམ་དེབ་གསུམ་པ་སྟེ།  བོད་ཀྱི་ཆེས་ཐོག་མའི་དོན་བརྗོད་སྙན་ངག་རིང་མོ༼མི་ཡུལ་འགྲིམས་པའི་གད་རྒྱངས༽ཞེས་པ་མི་འགྱངས་བར་རྒྱ་ཆེ་ལྟ་མཁན་རྣམས་ཀྱི་སྤྱན་ལམ་དུ་འགྲེམས་རྒྱུ་ཡིན་པས། བོད་ཀྱི་སྲོལ་རྒྱུན་སྙན་ངག་ལ་དུངས་ཤ་ཆེ་བའི་གྲྭ་བཙུན་སྙན་ངག་པ་དང་།  དེང་རབས་གཞོན་སྐྱེས་སྙན་ངག་པ།  སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་དགེ་སློབ་རྣམ་པས་མིག་གི་དགའ་སྟོན་དུ་བསུ་བར་སྟ་གོན་དང་གདེང་འཇོག་བྱེད་པའི་གོ་སྐབས་ཡོང་ཐུབ་པར་ངས་སྙིང་ཁོང་ནས་སྨོན་འདུན་ཞུ།  དེབ་འདིའི་ནང་དུ་གཙོ་བོ་རྩོམ་པ་པོ་རང་ཉིད་ཀྱི་མི་ལོ་མང་པོ་རིང་གི་དགའ་སྐྱོ་ཉིས་འཛོམ་གྱི་ལོ་རྒྱུས་མ་ལུས་ཞིབ་ཅིང་ཕྲ་བར་བརྗོད་ཡོད་པ་དང་གཅིག  གཅན་ཚ་ས་ཁུལ་གྱི་ལོ་རྒྱུས་མདོར་བསྡུས་ཚིགས་བཅད་ཀྱི་ལམ་ནས་མི་རྣམས་ཀྱི་མིག་ལམ་དང་སྙན་ལམ་དུ་ཞིབ་འབྲི་བྱས་ཡོད་པ་དང་གཉིས་བཅས་ཤོ་ལོ་ཀ་སུམ་སྟོང་ལྷག་གིས་གྲུབ་ཡོད་པ་ཞིག་རེད་དོ།།  ཁོ་བོའི་སྙན་དེབ་ཐོག་མའི་མིང་ལ༼ཤམ་བྷ་ལའི་ཅོང་སྒྲ༽ཟེར་བ་དང་།  སྙན་དེབ་གཉིས་པའི་མིང་ལ༼ལང་ཚོའི་ཞབས་རྗེས༽ཟེར་ལ།  ད་ཐེངས་ཀྱི༼མི་ཡུལ་འགྲིམས་པའི་གད་རྒྱངས༽ཀྱི་ལེ་ཚན་དང་པོ་ནི༼ཤམ་བྷ་ལའི་ཅོང་སྒྲའི༽ནང་གི་རང་ཉིད་ཀྱི་ལོ་རྒྱུས་ཚིགས་བཅད་དུ་བསྡེབས་པ་འཇའ་ཚོན་སྒྱུ་མའི་ཁང་བཟང་ཞེས་པའི་བར་ཆ་ཡིན་ནོ།།

ཟུར་བཀོད། གཅན་རང་སད་ཀྱི་སྙན་ངག སེམས་ལ་བྲིས་པ།

ཟག་མེད་ཐར་བའི་གྲོང་ལ་ཁྱོད་ཀྱིས་འཁྲིད།།
བདེ་ཆེན་དག་པའི་ཞིང་ལ་ཁྱོད་ཀྱིས་འདྲེན།།
མི་འདོད་དམྱལ་བའི་ཁམས་ལ་ཁྱོད་ཀྱིས་འཕེན།།
སེམས་ཁྱོད་འགྲན་ཟླ་མེད་པའི་སྟོབས་ཤུགས་ཤིག།།
 
སྔ་དྲོ་རྒྱ་གར་ཡུལ་ལ་ཆོས་ཕྱིར་འགྲོ།
ཕྱི་དྲོ་རྒྱ་ནག་ཡུལ་དུ་ཚོང་ལ་འགྲོ།
སྐད་ཅིག་རེར་ཡང་སྟོད་སྨད་ཀུན་ཏུ་རྒྱུགས།།
སེམས་ཁྱོད་ཁོམ་པ་མེད་པའི་མགྲོན་པོ་ཞིག།།
 
མཚམས་རེར་གཞན་ཕན་འཇའ་ཡི་གུར་ཁྱིམ་ཕིབས།།
ལན་རེར་གནོད་ངན་ཐོག་གི་ཆར་བ་འཇོ།།
སྐབས་རེར་ཁོང་ཁྲོའི་གློག་དམར་དྲག་ཏུ་འཁྱུག །
སེམས་ཁྱོད་འགྱུར་ལྡོག་མང་བའི་སྤྲིན་ཕུང་ཞིག །
 
ནངས་མོར་དགའ་ནས་གནམ་དུ་འཕུར་ལ་ཁད།།
དགུང་མོར་སྐྱོ་ནས་ས་རུ་འཛུལ་ལ་ཁད།།
ནངས་དགོང་བར་ཡང་དགའ་སྐྱོ་ལན་མང་བརྗེས།།
སེམས་ཁྱོད་མི་རྟག་སྟོན་པའི་སློབ་དཔོན་ཞིག །
 
བདེ་དུས་མགོ་བོའི་ཞྭ་ཡང་ལྕི་སྣང་འཆར།།
སྡུག་དུས་སྲོག་གི་ཆད་པ་ཡང་སྙམ་ཤར།།
གཟུང་ཡུལ་གཅིག་ལ་འཛིན་སྟངས་སྣ་ཚོགས་འབྱུང་།།
སེམས་ཁྱོད་རང་ཚུགས་མེད་པའི་འཁྱམ་པོ་ཞིག །
 
གཞན་འབྱོར་ཕུན་ཚོགས་མཐོང་ཚེ་ཟུག་རྔུ་ལྡང་།།
ཕ་རོལ་རྒྱལ་ཁ་ཐོས་ཚེ་གཉིད་མི་ཡོང་།།
རང་ཉིད་ཀུན་ལས་འཕགས་འདོད་ཧམ་པ་ཚ།།
སེམས་ཁྱོད་ཁྲག་དམར་མི་མཐོང་རལ་གྲི་ཞིག །
 
ཁ་སང་དད་པ་སྐྱེས་ནས་མཆི་མ་བཞུར།།
དེ་རིང་ལོག་ལྟ་སྐྱེས་ནས་ཁོང་འཛུམ་ལངས།།
བཟང་ངན་འཁྱེར་སོ་ངེས་མེད་རེས་ཀྱིས་འགྱུར།།
སེམས་ཁྱོད་རྟོགས་ཐབས་དཀའ་བའི་གབ་ཚིག་ཅིག།།
 
མཛེས་མའི་ལང་ཚོའི་མཐའ་རུ་སྐོར་བ་རྒྱག །
བརྒྱ་ཤོག་བརྩེགས་མའི་ཐད་ལ་གུས་ཕྱག་འབུལ།།
ཚེ་འདིའི་སྙན་གྲགས་ཕྱོགས་ལ་སྐྱབས་འཇུག་ཞུ།།
སེམས་ཁྱོད་ལན་ཆགས་ལྕི་བའི་མཇལ་བ་ཞིག །
 
འཁོར་བ་ཐོག་མ་མེད་ནས་ད་ལྟའི་བར།།
ང་རང་རྩེ་གཅིག་ཁྱོད་ཀྱི་རྗེས་སུ་འབྲངས།།
ཡིན་ཡང་ཁྱོད་ཀྱིས་ལན་གཅིག་མིན་པར་བསླུས།།
སེམས་ཁྱོད་ཁྲེལ་གཞུང་མེད་པའི་གྲོགས་ངན་ཞིག །
 
སྐབས་འགར་མོ་མཚན་མཐོང་ཡང་སྐྱུག་ལོག་འབྱུང་།།
མཚམས་རེར་བརླ་ཤ་མཐོང་ཡང་ཆགས་པ་སྐྱེ།།
ཆ་འཇོག་བློ་གཏད་མེད་པའི་སེམས་ཁྱོད་ཀྱིས།།
ང་རང་རྩེད་སྤྱད་བྱས་པར་ཚོད་ཅིག་མེད།།
 
ཁྱོད་ལས་གཞན་དུ་བདག་ལ་སྐྱབས་མགོན་གང་།།
འདུལ་དཀའི་དགྲ་ཡང་ཁྱོད་ལས་གཞན་ན་མེད།།
ཁྱོད་ཀྱིས་ད་བར་ང་རང་གཡོག་ཏུ་བཀོལ།།
ཀྱེ་མ་ནམ་ཞིག་བདག་གིས་ཁྱོད་རང་ཐུབ།།
 
སྟོང་གསུམ་ནང་དུ་བསྡུས་ཀྱང་མི་བཀང་བའི།།
འདོད་པའི་ཁུག་མ་ཆེན་པོ་ཁྱོད་ཀྱིས་བསླེས།།
གཏོང་བའི་སྒོ་འཕར་མི་དབྱེ་འཆང་བྱེད་པའི།།
སྲ་མོའི་ལྕགས་སྒྲོག་འདི་ཡང་ཁྱོད་ཀྱིས་བརྒྱབ།།
 
མི་ཚེའི་འབྱུང་འགྱུར་འཚོ་བའི་མཁའ་དབྱིངས་སུ།།
སྣ་ཚོགས་འཆར་གཞིའི་དྲ་རྒྱ་ཁྱོད་ཀྱིས་བསྐྲུན།།
ང་ནི་ལས་ངན་སྡོམ་གྱི་བུ་ཆུང་བཞིན།།
ནམ་ཞིག་དེ་ཡི་ཀློང་ནས་འཆི་བར་ངེས།།
 
ཉམ་ཆུང་ལུས་པོ་རྗེས་སུ་རྒྱུགས་རྒྱུགས་ནས།།
ཅི་ཡང་མ་ཟིན་ཚེ་ཡི་ཕྲེང་ཐག་ཆད།།
འཛིན་མེད་སྒྱུ་མ་ལྟ་བུའི་སེམས་ཁྱོད་ཀྱིས།།
རིགས་དྲུག་བསླུས་པར་གྲངས་ཀྱིས་ག་ལ་ཆོད།།
 
དོན་དམ་མེ་ལོང་ཉོན་མོངས་ཚོན་གྱིས་སྦགས།།
བདེན་པའི་ངོ་གདོང་བཅོས་མའི་དབྱིངས་ནས་བོར།།
སེམས་ཁྱོད་སངས་རྒྱས་ཡིན་པ་མ་ཤེས་པར།།
འགྲོ་བ་མ་ལུས་འཁོར་བའི་ཀློང་ལ་འཁྱམས།།
 
དུག་གསུམ་སྨུག་ལོང་འདི་ཡི་ཕ་རོལ་ན།།
མྱང་འདས་ཞི་བའི་གྲོང་ཁྱེར་དངོས་སུ་བཞུགས།།
དེ་ཡི་གསང་ལམ་སེམས་ཁྱོད་གཅིག་པུས་སྟོན།།
གསང་ལམ་དེ་ཉིད་རྙེད་མཁན་ག་ཙམ་ཡོད།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།