གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྟག་འབུམ་རྒྱལ་གྱི་སྒྲུང་རིང《རྒུད》ཅེས་པ་པར་དུ་བསྐྲུན་འདུག

2013-01-06 11:35:00 འབྲོང་ཕྲུག ཀློག་གྲངས། མཆན ཡོད།

  དེ་ཡང༌། དེང་རབས་བོད་ཀྱི་རྩོམ་པ་པོ་གྲགས་ཅན་སྟག་འབུམ་རྒྱལ་གྱིས་བརྩམས་ཤིང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་ཏུ་བཏབ་པའི་སྒྲུང་རིང་<<རྒུད>>ཅེས་པ་དེ་སྤྱི་ལོ་༢༠༡༢ལོའི་ཟླ་༡༢པར་དངོས་སུ་འགྲེམ་སྤེལ་བྱས་པ་རེད།
 
  སྒྲུང་རིང་དེ་ནི་རྩོམ་པ་པོའི་<<ལྷིང་འཇགས་ཀྱི་རྩྭ་ཐང>>རྗེས་ཀྱི་སྒྲུང་རིང་གཉིས་པ་ཡིན་ལ། ཆེས་ཐོག་མར་<<སྦྲང་ཆར>>དུས་དེབ་ཏུ་མུ་འགོད་བྱས་པ་དང༌། རྗེས་སུ་སྐབས་ལྔ་བའི<<སྦྲང་ཆར>>རྩོམ་རིག་བྱ་དགའ་ཐོབ་པ་རེད།
   སྒྲུང་རིང་དེ་ས་བཅད་གཉིས་སུ་བགོས་ཡོད་པ་དང༌། ས་བཅད་དང་པོར་“ས་རྩོད་”དེ་ལུག་པོ་གཉིས་ཀྱིས་གདོང་གཏུགས་ན། །མགོ་ཁྲག་ཨ་ཅེ་ཝ་མོས་ལྡག་པའི་བོད་ཀྱི་གཏམ་དཔེ་སྔོན་དུ་དྲངས་ནས། རྒྱ་ནག་གོང་མ་ཞིག་གི་རིང་ལ་ཟི་ལིང་སྐུ་ཚབ་ཀྱིས་གསེར་ཚ་དང་གླིང་ཚ། སྤྱང་ཚ་གསུམ་པོས་སྐྱིད་ལ་མཉམ་རོལ་དང་དགྲ་ལ་མཉམ་སྡང་བྱེད་བཞིན་ཚོ་བ་གསུམ་པོ་ཞོ་ལྟར་ཆགས་པ་དེར་དབང་བསྒྱུར་བྱེད་ཆེད། ཚོ་དཔོན་གསུམ་པོ་རེ་རེར་སྟོང་དཔོན་གྱི་ཆོ་ལོ་གནང་བར་མ་ཟད། ཚོ་བ་རེ་རེའི་བར་ལ་ས་མཚམས་ཆུ་མཚམས་དབྱེ་སྟེ་ཞི་བཀྭའ་དུམ་བུར་གཏུབས་རྗེས་ཟ་བདེ་བའི་ཚུལ་དུ་བསྐྱལ་བས། དུས་ནམ་ཞིག་ལ་གསེར་ཚ་དང་སྤྱང་ཚ་གཉིས་ཀྱི་བར་ལ་ས་རྩོད་ཀྱི་གྱོད་བྱུང་ཚུལ་བཤད་ཡོད་པ་དང༌། སྨད་ཆ་ནི་“གཡུ་འབྲུག་ས་རུ་ལྷུང་བ་”སྟེ། <<གླིང་གེ་སར་རྒྱལ་བོའི་སྒྲུང་>>ལས་ཁྱི་ནག་པོའི་སྐྱེ་བ་ལེན་པ་ལས། །སྟག་འཛུམ་དྲུག་ཉིལ་ལེར་ཤི་ན་དགའ་ཞེས་པ་ནང་བཞིན་གསེར་ཚ་དང་སྤྱང་ཚ་གཉིས་ཀྱི་བར་ལ་མི་ཤི་རྟ་འགྱེལ་གྱི་གྱོད་བྱུང་བ་ལ། མཱ་ཇག་གིས་གཟུ་བཤད་པར་ཁ་གཡར་ནས་རྒྱུ་ཁྲལ་དང་དམག་ཁྲལ་བསྡུས་པར་མ་ཟད། གཡོ་འཁྲུལ་གྱིས་སྟོང་དཔོན་ཉི་མ་ཡང་གཡུ་འབྲུག་ཐང་ལ་ལྷུང་བ་ནང་བཞིན་རྨ་འགྲམ་གྱི་གྲམ་གཞུང་དུ་བསྒྱེལ་ཚུལ་བཤད་ཡོད་པ་རེད།
  རྒྱུས་ལོན་བྱས་པ་ལྟར་ན། རྩོམ་པ་པོ་སྟག་འབུམ་རྒྱལ་གྱིས་ད་ལྟའི་བར་དུ་བོད་ཁུལ་གྱི་དུས་དེབ་དང་ཚགས་པར་ཁག་ཏུ་སྒྲུང་གཏམ་རིང་འབྲིང་ཐུང་གསུམ་༧༠ལྷག་སྤེལ་ཡོད་པ་དང༌། སྒྲུང་གཏམ་སྐོར་ཞིག་བོད་ཁུལ་གྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་དེབ་ཏུ་བདམས་པར་མ་ཟད། དབྱིན་ཇི་དང་འཇར་མན། ཧྥ་རན་སེ། འཇར་པན་སོགས་ཀྱི་ཡི་གེར་བསྒྱུར་བ་དང༌། སྔ་གཞུག་ཏུ་སྐབས་གཉིས་པ་དང་བཞི་བ། ལྔ་བའི་“སྦྲང་ཆར་རྩོམ་རིག་བྱ་དགའ།”དང་། ཟླ་ཟེར་སྤེལ་ནས་ལོ་༢༠་འཁོར་བའི་“ཕུལ་བྱུང་རྩོམ་རིག་བྱ་དགའ།” སྐབས་གཉིས་པའི་རྒྱལ་ཡོངས་“གངས་རྒྱན་བུམ་པའི་”བོད་ཀྱི་རྩོམ་རིག་བྱ་དགའ། མཚོ་སྔོན་ཞིང་ཆེན་གྱི་སྐབས་དང་པོའི་“འབྲོང་”བུམ་པའི་བོད་ཀྱི་རྩོམ་རིག་བྱ་དགའ། རྒྱ་ཡིག་གི<<མཚོ་སྔོན་པོའི>>རྩོམ་རིག་བྱ་དགའ་དང༌། <<མི་རིགས་རྩོམ་རིག>>གི་རྩོམ་རིག་བྱ་དགའ་སོགས་ཐོབ་མྱོང༌། བརྩམས་ཆོས་གཙོ་བོར་སྒྲུང་རིང་<<ལྷིང་འཇགས་ཀྱི་རྩྭ་ཐང>>དང༌། སྒྲུང་ཐུང་ཕྱོགས་བསྒྲིགས<<མི་རབས་གསུམ་གྱི་རྨི་ལམ>>སྒྲུང་འབྲིང་ཕྱོགས་བསྒྲིགས<<ཁ་བ་མེད་པའི་དགུན་ཁ>> སྒྲུང་ཐུང་རྒྱ་འགྱུར་མ་ཕྱོགས་བསྒྲིགས<<མི་ཚེའི་གླུ་དབྱངས>>སོགས་ཡོད།

རྩོམ་ཁུངས། དགེ་ཆོས་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།