གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་ལི་སེ་མུན་རོ་ལ་༢༠༡༣ལོའི་ནོ་པེལ་གྱི་རྩོམ་རིག་བྱ་དགའ་ཐོབ་པ།

2013-10-11 14:51:00 གསར་འགོད་པ། སྐྱ་བོ། ཀློག་གྲངས། མཆན ཡོད།
 
 
 
   མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འཕྲིན།  ༢༠༡༣ལོའི་ཟླ་༡༠བའི་ཚེས་༡༠ཉིན། ༢༠༡༣ལོའི་ནོ་པེལ་གྱི་རྩོམ་རིག་བྱ་དགའ་ནི་རྒྱལ་ཁོངས་ཁ་ན་ཏྲ་ཡིན་པའི་བུད་མེད་རྩོམ་པ་པོ་ཨ་ལི་སེ་མུན་རོ་ལ་ཐོབ་པ་བསྒྲགས་འདུག
  ཨ་ལི་སེ་མུན་རོ་ནི(Alice Munro,1930----)ད་ལོ་དགུང་གྲངས་གྱ་གཉིས་ལ་སོན་ཡོད་ལ། བརྩམས་སྒྲུང་ཐུང་བ་བྲིས་ཏེ་འཛམ་གླིང་ཡོངས་ལ་མཚན་སྙན་རྒྱས་ཡོད་པས། དེ་སྔ་ཨ་རིའི༼དུས་བབ༽གཟའ་དེབ་ཏུ་འཛམ་གླིང་ལ་ཤུགས་རྐྱེན་ཆེ་བའི་སྐྱེ་བོ་བརྒྱ་ཐམ་པ་ཞེས་པའི་ནང་དུ་བདམས་མྱོང་།
  ༡༩༦༨ལོར། མོས༼སྤྲོ་དགའི་གྲིབ་མའི་བྲོ༽ཞེས་པའི་བརྩམས་སྒྲུང་ཐུང་བའི་དེབ་ཅིག་བྲིས་ཏེ་ཁ་ན་ཏྲ་ཡི་རྩོམ་རིག་གི་བྱ་དགའ་མཐོ་ཤོས་ཤིག་བླངས་ཤིང་། དེའི་རྗེས་སུ་༼ང་རང་ལོ་ན་གཞོན་དུས་ཀྱི་གྲོགས་པོ༽དང་། ༼ཁྱོད་ཀྱིས་རང་ཉིད་ཤེས་སམ༽ ༼བརྩེ་བའི་ལམ་རིམ༽ ༼ཀུན་གྱིས་ཤེས་པའི་གསང་བ༽ ༼བུ་མོ་སེམས་བཟང་ཞིག་གི་བརྩེ་བ༽སོགས་སྒྲུང་ཐུང་སྣ་ཚོགས་འཕྲོ་རིམ་འཕྲོར་བྲིས་པ་དང་། དེ་དག་ཡིག་རིགས་བཅུ་གསུམ་ལ་བསྒྱུར་ནས་ཀློག་མཁན་དང་འཕྲིན་ལམ་ཁག་གིས་བསྟོད་བསྔགས་ཆེན་པོ་བྱས་ཏེ་དེང་གི་ཆེས་རླབས་ཆེ་བའི་སྒྲུང་ཐུང་མཁན་པོ་ཞེས་པར་གྲགས།
 
  ༢༠༠༩ལོའི་ཟླ་ལྔ་བར། མོའི་བརྩམས་ཆོས་ཀྱི་རིན་ཐང་དང་འཛམ་གླིང་ཡོངས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་རྒྱུ་མཚན་དུ་བྱས་ནས་མོའི་བརྩམས་ཆོས༼བྲོས་བྱོལ༽ཞེས་པར་རྩོད་གཞི་གང་ཡང་མེད་པའི་ངང་དུ་་སྐབས་གསུམ་པའི་མན་བྷུ་ཁུར་རྒྱལ་སྤྱིའི་རྩོམ་རིག་བྱ་དགའ་ཐོབ་པ་དང་། བརྩམས་ཆོས་དེ༼ཉོའུ་ཡོག་དུས་བབས༽ཀྱི་ལོ་རེའི་དེབ་གྲགས་ཅན་དུའང་བདམས་འདུག
   མུན་རོའི་སྒྲུང་ཐུང་དུ་ལོ་རྒྱུས་ཀྱི་བྱུང་བ་རིང་པོ་དང་། མངོན་སུམ་གྱི་བཀོད་པ་ཆེན་པོ་སོགས་གང་ཡང་མེད་པར་ཕལ་ཆེ་བར་བུད་མེད་ཕལ་བའི་འཚོ་བ་བྲིས་ཡོད་པས་བརྗོད་བྱའི་ཁྱབ་ཁོངས་ཀྱང་བརྩེ་བ་དང་། འདོད་པ། ཁྲེལ་གཞུང་མེད་པ། ཕྲུ་གུ རྒ་བའི་སྡུག་བསྔལ་སོགས་ཁྱིམ་གྱི་འཚོ་བ་ལས་འདས་མེད། དེ་སྔ་ཨིན་ཇིའི་གཟའ་དེབ༼ཆབ་སྲིད་པ་གསར་བ༽ཞེས་པར། མུན་རོའི་དབྱེ་ཞིང་ཕྲལ་བའི་ནུས་པ་དང་།  ཚོར་བ། བསམ་བློ་སོགས་ཀྱི་ཟབ་ཚད་ནི་ཕལ་ཆེར་འདུ་ཤེས་འཕྲོ་སྦྱོར་སྨྲ་བའི་བརྩམས་སྒྲུང་བ་ཕོར་སི་ཐི་དང་མཉམ་འདུག་ཅེས་གདེང་འཇོག་བྱས་འདུག
  སྤྱིར་མི་མང་པོས་ད་ལོའི་ནོ་པེལ་གྱི་རྩོམ་རིག་བྱ་དགའ་ནི་ཉི་ཧོང་གི་རྩོམ་པ་པོ་གྲགས་ཅན་མུ་ར་ཁ་མེ་ཧ་རུ་ཁི་ལ་འཐོབ་ངེས་ཞེས་ཅ་ཅོ་མང་པོ་བསྒྲགས་ནའང་མཇུག་འབྲས་ནི་དེ་ལས་ལྡོག་པར་གྱུར་འདུག དེ་བས་དཔྱད་བརྗོད་མང་པོས་ཁོང་ལ་བྱ་དགའ་དེ་མ་ཐོབ་པའི་རྒྱུ་མཚན་ནི་ཁོང་གི་བརྩམས་ཆོས་ལ་ཀློག་མཁན་བྱིངས་ལ་བསྟུན་ཏེ་ཚོང་བྲིན་པར་བྱེད་པའི་ཁྱད་ཆོས་ལྡན་དྲགས་པ་དང་། ནོ་པེལ་རྩོམ་རིག་བྱ་དགའི་ཚད་གཞི་དང་དེ་ཙམ་མ་འཕྲོད་པས་རེད་ཅེས་གླེང་འདུག འོན་ཀྱང་ངེད་དྲ་བས་རྒྱུས་ལོན་བྱས་པ་ལྟར་ན། ཉི་ཧོང་གི་རྩོམ་རིག་ཞིབ་འཇུག་པ་ལ་ལས་ཁོང་ལ་བྱ་དགའ་མ་ཐོབ་པ་འགྲིག་འདུག ཁོང་འདི་ལྟར་ལོ་རེ་རེ་བཞིན་ནོ་པེལ་བྱ་དགའི་འོས་མིར་གྱུར་ཚེ་ཁོང་ལ་སྔར་ལས་ལྷག་པར་དོ་སྣང་ཤུགས་ཆེར་བྱ་ངེས་ཞེས་གླེང་བཞིན་འདུག
 
  གཞན་དུ་ཀློག་པ།  ༢༠༡༢ལོའི་ནོ་པེལ་གྱི་རྩོམ་རིག་བྱ་དགའ།   
                        ༢༠༡༡ལོའི་ནོ་པེལ་གྱི་རྩོམ་རིག་བྱ་དགའ།
                        ༢༠༡༠ལོའི་ནོ་པེལ་གྱི་རྩོམ་རིག་བྱ་དགའ།
                        ༢༠༠༩ལོའི་ནོ་པེལ་གྱི་རྩོམ་རིག་བྱ་དགའ།
                        ༢༠༠༨ལོའི་ནོ་པེལ་གྱི་རྩོམ་རིག་བྱ་དགའ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།