གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྒྱལ་སྤྱིའི་བོད་ཀྱི་གསོ་རིག་ཚོགས་ཆེན་གཉིས་པའི་སྐོར།

2013-10-06 14:24:00 གསར་འགོད་པ། ཀརྨ་ལྷ་མོ། ཀློག་གྲངས། མཆན ཡོད།
 
 ཨོ་སི་ཏྲི་ཡ་བོད་ཀྱི་གསོ་རིག་ཁང་གི་གཙོ་འགན་དང་གྲྭ་སྒྲིག་འོག་ཡོ་རོབ་གྱི་གྲོང་ཁྱེར་ཨཻན་སུ་པི་རུག་ཏུ་རྒྱལ་སྤྱིའི་བོད་ཀྱི་གསོ་རིག་ཚོགས་ཆེན་ཐེངས་གཉིས་པ་སྤྱི་ཟླ་དགུ་བའི་ཚེས་ཉི་ཤུ་ཉིན་གཟབ་རྒྱས་ངང་དུ་འཚོགས། ཐེངས་འདིའི་ཚོགས་ཆེན་གྱི་ནང་དོན་གཙོ་བོ་ནི་སེམས་ཁམས་རིག་པ་དང་སེམས་ནད་ཀྱི་སྐོར་བགྲོ་གླེང་བྱས་ཡོད་པ་དང་། བོད་ལུགས་དང་ཕྱི་ལུགས་གཉིས་ཀའི་ཕྱོགས་ཀྱི་སྨན་པ་ཆེས་ལས་མཁས་པ་དང་། ཞིབ་འཇུག་པ་དང་ནང་དོན་རིག་པའི་མཁས་པ་བཅས་གདན་འདྲེན་གྱིས་གཏམ་བཤད་གནང་བ་སྟེ། ལུས་ངག་ཡིད་གསུམ་དབྱེར་མེད་ཀྱི་བལྟ་ཚུལ་དང་སྨན་བཅོས་ནང་དོན། ནང་དོན་རིག་པའི་སེམས་ཀྱི་ཚན་རིག། དེང་རབས་གསོ་རིག་གི་སེམས་ནད་དང་བོད་ལུགས་ཀྱི་སེམས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས་དང་། མ་འོང་པའི་མཉམ་བསྐྱོད་ཞིབ་འཇུག་གི་བསམ་ཚུལ། རྒྱ་ནག་གསོ་རིག་དང་བོད་ཀྱི་གསོ་རིག་གི་སེམས་ནད་བལྟ་ཚུལ་བསྡུར་བཤད། བོད་ལུགས་ཀྱི་སྙིང་རླུང་གི་རྒྱུ་རྐྱེན་རྟགས་བཅོས། སྲོག་རྩའི་སྐོར་གྱི་ཞིབ་འཇུག་དང་སྲོག་རླུང་གི་རྟགས་བཅོས། སེམས་ནད་ལ་ཉེར་མཁོའི་སྨན་སྦྱོར་རིག་པ་དང་། ཚན་རིག་ཞིབ་འཇུག་གིས་བོད་སྨན་གྱི་སེམས་ནད་སྔོན་འགོག་དང་བཅོས་ཐབས་ལ་བདེན་དཔང་བྱས་པ་སོགས་ཉིན་དང་པོའི་གཏམ་བཤད་སྐོར་ཡིན་ལ། ཉིན་གཉིས་པར་བོད་ཀྱི་གསོ་བ་རིག་པ་ལས་དཔྱད་བཅོས་རིག་པ་བསྐུ་མཉེ། ཧོར་མེ། དབྱུག་བཅོས་སོགས་ཀྱི་ལག་ལེན་སློབ་གསོ་དང་། ཆུ་བརྟག་རིག་པ་སོགས་ནད་གཞི་ངོས་འཛིན་གྱི་སྐོར། མ་འོངས་པའི་བོད་ཀྱི་གསོ་རིག་འཕེལ་རྒྱས་དང་རྒྱལ་སྤྱིའི་སྟེང་གི་དཀའ་ངལ་གྱི་སྐོར་དང་། ཚད་ལྡན་གྱི་སློབ་གསོ་དང་ལག་ལེན། ཚན་རིག་ཞིབ་འཇུག་གཏིང་ཟབ་ཇི་ལྟར་བྱ་རྒྱུ་བཅས་ཀྱི་སྐོར་ལ་བགྲོ་གླེང་བྱས། ཉིན་གསུམ་པར་བྱ་བ་སྤྱོད་ལམ་གྱི་སྐོར་ལ་ལུས་སྦྱོང་དང་ལུས་ཀྱི་རྩལ་སྦྱོང་པ་ནི་ལུས་སེམས་ཀྱི་ནད་གཞི་སྔོན་འགོག་གི་གནད་འགག་ཅིག་ཡིན་སྟབས། དུས་འཁོར་ལུགས་ཀྱི་ནད་བཅོས་གནས་སྦྱངས་ཀྱི་འཕྲུལ་འཁོར་ཉེར་བཞི་ལ་སྦྱོང་བརྡར་དང་དཀའ་གནད་འགྲེལ་བཤད་བཅས་བྱས། གཞན་རོ་ཙ་དང་སེམས་ཁམས་ཀྱི་དཀའ་ངལ་དང་། བོད་ཀྱི་གསོ་རིག་གི་ངོ་སྤྲོད་དང་ཉམས་མྱོང་བརྗེ་རེས་སོགས་ལ་དམིགས་བསལ་གྱི་པར་ཤོག་ངོ་སྤྲོད་བྱས་སོ།།
    ཐེངས་འདིའི་ཚོགས་ཆེན་ལ་ཕྱི་ལུགས་གསོ་རིག་གི་སྨན་པ་མཁས་པ་དང་། ཞིབ་འཇུག་པ། དེ་བཞིན་བོད་སྨན་གྱི་སྨན་པ་དང་། ནད་གཡོག དཔྱད་བཅོས་པ། ཞིབ་འཇུག་པ་དང་སློབ་མ་སོགས་རྒྱལ་ཁབ་སུམ་བཅུ་ལྷག་ནས་ཡོང་བའི་མི་སྣ་སུམ་བརྒྱ་ཙམ་འདུས་པ་དང་། ཚེས་ཉི་ཤུ་རྩ་གཉིས་ཕྱི་དྲོ་ཆུ་ཚོད་དྲུག་སྟེང་མཇུག་བསྡུ་གཏམ་བཤད་དང་ལྷན་དུ། ཉིས་སྟོང་བཅུ་བཞི་༢༠༡༤་ལོའི་ཟླ་བཅུ་གཉིས་ཀྱི་ཚེས་ཉེར་དྲུག་ནས་ཉེར་དགུ་བར་དུ་རྒྱལ་སྤྱིའི་བོད་ཀྱི་གསོ་རིག་གི་ཚོགས་ཆེན་གསུམ་པ་བལ་ཡུལ་གྱི་རྒྱལ་ས་ཁ་ཏི་མན་རྡུ་རུ་འཚོག་རྒྱུ་དང་། དེ་ནི་རྒྱལ་སྤྱིའི་བོད་ཀྱི་གསོ་རིག་གླིང་གི་ཡན་ལག་བལ་ཡུལ་གསོ་རིག་ཁང་གིས་གཙོ་སྒྲིག་བྱ་རྒྱུ་ཡིན་པར་གསལ་བསྒྲག་བྱས་སོ།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།