གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་བརྙན་《ཐར་ལོ》གསེར་གྱི་གྱི་ལིང་རྟགས་མའི་སྡེ་ཚན་བཞིའི་འོས་མིང་དུ་ཚུད་པ།

2015-10-04 09:58:13 གསར་འགོད་པ་བཀྲ་ཤིས་རྒྱ་མཚོ། ཀློག་གྲངས། མཆན ཡོད།

 01456646777.jpg
  མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འཕྲིན། ༢༠༡༥ལོའི་ཟླ་༡༠བའི་ཚེས་༡ཉིན་སྐབས་ང་གཉིས་པའི་ཐེ་ཝན་གསེར་གྱི་གྱི་ལིང་རྟགས་མའི་འོས་མིང་ནང་ཚུད་པའི་མིང་ཐོ་ཁྱབ་བསྒྲགས་ལས་ཤེས་གསལ་ལྟར་ན། གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་བོད་སྐད་གློག་བརྙན<<ཐར་ལོ>>ཞེས་པ་སྡེ་ཚན་བཞིའི་འོས་མིང་དུ་ཚུད་པའི་གནས་ཚུལ་འབྱོར་འདུག འོས་མིང་སྡེ་ཚན་བཞི་བོ་ནི་དུངས་བརྗོད་གློག་བརྙན་རྩེ་གྲའི་བྱ་དགའ་དང་། འཁྲབ་ཁྲིད་པ་རྩེ་གྲའི་བྱ་དགའ། འཁྲབ་གཞུང་རྩེ་གྲའི་བྱ་དགའ་དང་། བརྙན་ཕབ་རྩེ་གྲའི་བྱ་དགའ་བཅས་འདུ་བ་རེད། འདི་ནི་ཉེ་ཆར་སྐབས་དོན་གཉིས་པའི་ཝེ་ནཱ་ཟིའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི༼གནམ་སའི་འབྲེལ་མཚམས༽ཞེས་པའི་རྟིང་རྩོད་འགྲན་བསྡུར་དང་། སྐབས་སོ་བཞི་བའི་ཝིན་ཀི་ཧྭ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན། སྐབས་ཉི་ཤུ་བའི་ལྷོ་ཁོ་རེ་ཡའི་ཧྥོའུ་ཧྲིན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྟེང་ཞུགས་རྗེས་ཡང་བསྐྱར་གློག་བརྙན་དུས་སྟོན་ནང་ཚུད་པ་ཞིག་ཡིན། <<ཐར་ལོ>>ཞེས་པའི་གློག་བརྙན་འདི་ལ་ཟླ་དགུ་བའི་ཚེས་བཞི་ཉིན་ཝེ་ནཱ་ཟིའི་གློག་བརྙན་དུས་སྟོན་སྟེང་འཛམ་གླིང་གི་ལྟ་མཁན་རྣམ་པར་ཐོག་མའི་གཟིགས་འབུལ་བྱས་ཏེ། ཡོངས་ཁྱབ་ནས་གདེང་འཇོག་ཡག་པོ་ཐོབ།
  ཡོངས་གྲགས་སུ༼ རྒྱའི་གློག་བརྙན་གྱི་ཨོ་ཟི་ཁཱ ༽ཞེས་པའི<<གསེར་གྱི་གྱི་ལིང་རྟགས་མ>>ནི་༡༩༦༢ལོར་ཐེ་ཝན་ནས་བཙུགས་པ་ཞིག་ཡིན་ལ། འདི་ནི་རྒྱའི་གློག་བརྙན་གླེང་སྟེགས་སུ་ལོ་རྒྱུས་ཆེས་རིང་བའི་གློག་བརྙན་བྱ་དགའི་སྡེ་ཚན་ཞིག་ཡིན། ཐེངས་འདིའི་གློག་བརྙན་དུས་སྟོན་སྟེང་ཞུགས་པའི་གློག་བརྙན་བརྩམས་ཆོས༤༢༧ལྷག་ཡོད་ལ། མཇུག་མཐར་ཐོག་མའི་ཞིབ་བཤེར་དང་བསྐྱར་ཞིབ་བྱས་པ་བརྒྱུད་ནས་གློག་བརྙན་བརྩམས་ཆོས་སོ་དགུ་མཇུག་མཐའི་འོས་མིང་ཁྲོད་ཚུད་པ་རེད།
 05.jpg
<<ཐར་ལོ>>ཞེས་པའི་གློག་བརྙན་ནང་དུ་ཆེས་སྤྱིར་བཏང་གི་བརྩེ་དུངས་གཏམ་རྒྱུད་ཅིག་བརྗོད་ཡོད། ཐར་ལོ་ནི་ལུག་རྫི་ཞིག་གི་མིང་ཡིན་ལ། ཁོ་ནི་ཁེར་རྐྱང་གི་རྫི་བོ་ཞིག་ཀྱང་ཡིན། ཁོའི་དྲན་པ་ནི་ཧ་ཅང་གསལ་བས་རྒྱ་སྐད་ཀྱི་ལམ་ནས<<མི་དམངས་ལ་ཞབས་ཞུའི་ཆེད་དུ>>ཞེས་པའི་རྩོམ་ཡིག་འདི་བློ་ངོ་ནས་ཆུ་བཞུར་བ་ལྟར་སྐྱོར་ཐུབ་ནའང་། ཐར་ལོ་ཞེས་པའི་རང་མིང་བརྗེད་ངེས་སུ་ཁྱེར་ཡོད་པ་ཞིག་རེད། ཁོ་ལ་ཐོབ་ཐང་ལག་ཁྱེར་མེད་པས། གྲོང་ཁྱེར་དུ་སོང་ནས་ཐོབ་ཐང་ལག་ཁྱེར་སྒྲུབ་དགོས། ཁོས་ཕོ་མོའི་བར་གྱི་བརྩེ་དུངས་བརྒྱུད་མ་མྱོང་བས། སྐྲ་བཀྲུ་བའི་གོ་རིམ་ཁྲོད་སྐྲ་བཞར་བུ་མོ་ཞིག་གི་དགའ་རོགས་སུ་གྱུར། ཁོས་རང་ཉིད་མི་བཟང་བོ་ཞིག་ཡིན་པར་དོགས་པ་ཟ་བཞིན་ཡོད་ལ། “མི་བཟང”དང“མི་ངན”གྱི་དབྱེ་བའང་གསལ་ཁ་དོད་པོ་ཞིག་འབྱེད་ཤེས་ཀྱི་མེད།
  <<ཐར་ལོ>>ཞེས་པའི་འཁྲབ་གཞུང་འདི་ནི་པདྨ་ཚེ་བརྟན་གྱི་བརྩམས་སྒྲུང་ཞིག་ཡིན་ལ། བརྙན་ཕབ་པ་ནི་ཨུ་རུ་སི་ནས་སློབ་གཉེར་ཕྱིན་ཏེ་འོང་བའི་གཞོན་སྐྱེས་བརྙན་ལེན་པ་ལོའུ་སུང་ཡའེ་ཡིན། དེ་མིན་བོད་ཁུལ་ན་མིང་དུ་གྲགས་པའི་སྤྲོ་གར་འཁྲབ་སྟོན་པ་ཞི་བདེ་ཉི་མས་ཐར་ལོ་སྤྲས་ཡོད་ལ། བོད་ནང་གི་ལོ་རབས་དགུ་བཅུའི་རྗེས་ཀྱི་གློག་བརྙན་འཕྲིན་གྱི་གྲགས་སྐར་གཡང་ཕྱུག་འཚོ་ཡིས་གློག་བརྙན་ཁྲོད་ཀྱི་སྐྲ་བཞར་བུ་མོ་སྤྲས་ཡོད།
  ཐེངས་འདིའི་གསེར་གྱི་གྱི་ལིང་རྟགས་མ་བསྩལ་བའི་མཛད་སྒོ་ཟླ་༡༡པའི་ཚེས་༢༡ཉིན་ཐེ་པཱེ་གྲོང་ཁྱེར་རྒྱལ་ཡབ་དྲན་རྟེན་ཁང་ནས་གཟབ་རྒྱས་ངང་བསྡུ་འཆར་འདུག

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།