གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གོ་ཤུལ་གྲགས་པ་འབྱུང་གནས་ལགས་ཀྱི《བོད་ཀྱི་ཡི་གེའི་རྣམ་བཤད》པར་དུ་བཏབ་པ།

2015-10-29 13:42:32 ལྡོང་བུ། ཀློག་གྲངས། མཆན ཡོད།

b2e64c7870b32e8b172fe3d816265c59.jpg
  མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འཕྲིན། 《བོད་ཀྱི་ཡི་གེའི་རྣམ་བཤད》ཅེས་བྱ་བའི་དེབ་ཆེན་པོ་འདི་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་བོད་རིག་པ་ཞིབ་འཇུག་གླིང་གི་སློབ་དཔོན་ཆེན་མོ་གོ་ཤུལ་གྲགས་པ་འབྱུང་གནས་ལགས་ཀྱིས་མི་ལོ་བཅུ་བཞི་ལྷག་གི་རིང་ལ་འབད་པ་ལྷོད་མེད་ངང་བོད་ཀྱི་ཡི་གེ་མ་ལུས་པ་གཅིག་ཏུ་བཏུས་ཏེ་བསྒྲིགས་ནས་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་དུ་པར་དུ་བཏབ་པ་ཞིག་ཡིན་ཅིང་།   དེབ་ཧྲིལ་པོར་ཁྱོན་བསྡོམས་ལྡེབ་གྲངས་སྟོང་གཅིག་དང་དགུ་བརྒྱ་བརྒྱད་ཅུ་ལྷག་མཆིས་པ་དང་།   དེབ་ཀྱི་ནང་དོན་ལེའུ་བཅུ་བཞི་ལ་བཀར་ནས་ཁྱོན་བསྡོམས་བོད་ཀྱི་ཡི་གེ་ཆིག་ཁྲི་དགུ་སྟོང་བརྒྱ་མེད་བདུན་ཅུ་དོན་བདུན་ནང་དུ་བཏུས་ཡོད་པ་ཙམ་མ་ཟད།   ཡི་གེ་དེ་དག་དེབ་གང་ལས་བྱུང་བ་དང་དེབ་དེའི་རྩོམ་པ་པོ་དང་དཔར་ཡུལ་དཔར་དུས་སོགས་ཀྱང་ཞིབ་ཅིང་ཕྲ་བར་བཀོད་ཡོད་པས་བོད་ཡིག་ལ་སྦྱངས་མཁན་དང་ཞིབ་འཇུག་བྱ་མཁན་ཐམས་ཅད་དང་།   བོད་ཀྱི་ཡི་གེའི་སྤྱོད་རྒྱ་ཆེ་རུ་གཏོང་བ་སོགས་ལ་ཕན་བླ་ན་མེད་པ་ཞིག་བཏགས་ཡོད།

W020140925425255128955.jpg
  
  དེབ་འདིའི་སྒྲིག་པ་པོ་གོ་ཤུལ་གྲགས་པ་འབྱུང་གནས་ལགས་ནི་ཕ་ཡུལ་མདོ་ཁམས་ཡུལ་ཤུལ་ཁྲི་འདུ་རྫོང་ནས་སྐྱེས་ཤིང་སྤྱི་ལོ༡༩༨༥ལོར་མཚོ་སྔོན་མི་རིགས་སློབ་གླིང་གི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྡེ་ཁག་ནས་རྩོམ་རིག་ཤེས་རམས་པའི་བསླབ་གནས་བླངས་པ་དང་སྤྱི་ལོ༡༩༨༨ལོར་ནུབ་བྱང་མི་རིགས་སློབ་གླིང་ནས་རྩོམ་རིག་རབ་འབྱམས་པའི་བསླབ་གནས་ཐོབ་སྟེ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་དགེ་རྒན་མཛད་མགོ་བརྩམས་ཤིང་ད་ལྟ་སློབ་གྲྭ་དེ་གའི་བོད་རིག་པ་ཞིབ་འཇུག་གླིང་གི་སློབ་དཔོན་ཆེན་མོ་དང་མི་རིགས་དཔེ་སྐྲུན་ཁང་གི་གདན་ཞུས་རྩོམ་སྒྲིག་པ་སོགས་ཡིན།   ཁོང་གིས་སྔ་ཕྱིར《རྩོམ་ལུས་ཞིབ་འཇུག་དབྱངས་ཅན་ཞལ་ལུང》དང་《གངས་ཅན་མཁས་གྲུབ་རིམ་བྱོན་མིང་མཛོད》  《དེང་རབས་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཞིབ་འཇུག》  《སློབ་གྲྭ་ཆེན་མོའི་བོད་ཡིག་སློབ་དེབ་ཤར་གངས་རི་མ》  《བོད་བཙན་པོའི་སྐབས་ཀྱི་གནའ་རྩོམ་གཅེས་བསྡུས་སློབ་དེབ》སོགས་དེབ་དག་བརྩམས་ཤིང་བསྒྲིགས་མཆིས།
  ཁོང་གིས་དེབ་དེའི་གླེང་གཞི་རུ་ཡི་གེ་རྣམ་པར་བཤད་པའི་དེབ་འདི་འདྲ་ཞིག་བསྒྲིགས་པའི་དགོས་པ་དང་ལོ་རྒྱུས་ལ་སོགས་པར་སྐད་ཆ་ཐུང་ངུ་ཞིག་གསུངས་འདུག་པས་གཤམ་དུ་གླེང་གཞི་ཧྲིལ་པོ་ཚུར་བཏུས་ནས་བཀོད་ཡོད་དོ། །

                གླེང་གཞི།

     དེ་ཡང་འཇིག་རྟེན་གནའ་མིའི་གཏམ་དཔེ་ལ།    ཀ་ཁ་ཡིག་འབྲུ་སུམ་ཅུ་དེ།  །སངས་རྒྱས་ཆོས་ཀྱི་ཕ་མ་ཡིན། །ཞེས་ཟེར་བ་ལྟར་དབྱངས་གསལ་སོ་བཞི་ངོ་མཚར་འཕྲུལ་གྱི་སྡེབ་སྦྱོར་བྱས་པ་ལས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གཏན་ལ་འབེབས་ནུས་པའི་ཁྱད་མཚར་གྱི་ཆོས་འགའ་ཞིག་མཆིས་ཏེ།    དཔེར་ན།   སྲོག་གི་ཡི་གེ་དང་།    རྐྱེན་གྱི་ཡི་གེ།   མིང་གཞི།   རྗེས་འཇུག   ཡང་འཇུག   མགོ་ཅན།   འདོགས་ཅན་སོགས་ཀྱི་ཐུན་མོང་མ་ཡིན་པའི་རྣམ་གཞག་ཡོད་ཅིང་།   དེ་ལའང་སྤྱིར་ན་དབྱངས་མོ་གསལ་བྱེད་ཕོ་ཞེས་སྡེབ་སྦྱོར་གྱི་གཞི་མ་བཀོད་ནས་བྱེ་བྲག་ཏུ་སྔོན་རྗེས་མིང་གསུམ་ལའང་ཕོ་མོ་མ་ནིང་སོགས་ཀྱི་མཚན་མའི་དབྱེ་བ་ཞིབ་ཏུ་ཕྱེས་པ་དང་།   ལྷག་པར་དུ་སྔོན་རྗེས་གཉིས་ལ་དོན་སྦྱོར་གྱི་ཆ་ནས་བྱེད་པ་བཞིར་བཀར་ཏེ།   གང་ལ་འཇུག་པ་དང་།   གང་གིས་འཇུག་པ།   ཇི་ལྟར་འཇུག་པ།   ཅི་ཕྱིར་འཇུག་པ་སོགས་ཀྱི་མྱོང་བའི་མན་ངག་འདི་དག་ནི་སློབ་དཔོན་ཐོན་མིས་གསར་གཏོད་ཡིན་ཞིང་།   གོ་ལའི་ཁྱོན་གྱི་ཡིག་རིགས་སྣ་ཚོགས་ཀྱི་ཁྲོད་ན་འདི་ཉིད་གཞན་དང་ཐུན་མོང་དུ་མ་གྱུར་པའི་རྣམ་གཞག་ཡིན་ནོ། །
     དེ་དག་གི་བཀླག་ཐབས་ཀྱང་ཡི་གེ་སོ་སོར་ཕྲལ་ནས་བཀླག་དགོས་ཏེ།   དཔེར་ན།   བསྒྲིགས་ལྟ་བུ་ཚེག་ཁྱིམ་གཅིག་ཅན་ལ་མཚོན་ན།   ཐོག་མར་སྔོན་འཇུག་བཀླག་པ་དང་།   དེ་ནས་རིམ་པ་མ་གོལ་བ་དང་།   མ་འཁྱར་བ།   མ་ནོར་བར་མགོ་ཅན་ས་དང་།   མིང་གཞི་ག    འདོགས་ཅན་ར།   དབྱངས་ཡིག་གི་གུ།    རྗེས་འཇུག་ག    ཡང་འཇུག་ས་བཅས་བཀླགས་ནས་ཚེག་ཁྱིམ་གཅིག་ཏུ་གྲུབ་པ་བསྡོམ་དགོས།     དེ་ནི་ཡི་གེའི་སྦྱོར་ཀློག་གི་གོ་རིམ་དང་པོ་ཡིན་ཞིང་།    དེ་ལ་འབྲུ་འདེད་ཟེར་བ་དང་།   དེ་ཉིད་ལ་ཁ་བྱང་མིག་བྱང་མ་ཐོན་གྱི་བར་དུ་ཡང་ནས་ཡང་དུ་བཀླག་དགོས།    དེ་ནས་ཚེག་འདེད་དང་།    དེ་ནས་བསྡོམས་འདེད་དང་།   དེ་ནས་དཔེ་ཆ་བློ་ལ་འཛིན་པའི་མགོ་ཚུགས་པ་ཡིན།     སྐབས་འདིར་ཁོ་བོའི་ཀློག་གི་སློབ་དཔོན་རྒྱ་སྒོ་བཀྲ་ཤིས་ཞལ་སྔ་བ་ཉིད་ཀྱིས་ཡི་གེའི་བཀླག་ཐབས་ཁྲིད་པའི་ཐུན་མིན་གྱི་ཁྱད་ཆོས་རྣམས་ཡིད་ལ་ཝལ་ལེར་འཆར་གྱིན་འདུག་པས་བཀའ་དྲིན་ཅན་གྱི་སློབ་དཔོན་ཉིད་ལ་དྲིན་ལན་བསབ་པའི་ཚུལ་དུ་ཀློག་པའི་གོ་རིམ་འདི་ཉིད་བྲིས་པ་ཡིན་ནོ། །
      དེ་སྔའི་སུམ་རྟགས་དག་གསུམ་གྱི་འགྲེལ་པ་རྒྱས་འབྲིང་བསྡུས་གསུམ་གྱི་ནང་དུ་ཡི་གེའི་སྡེབ་སྦྱོར་སྐོར་གྱི་བཤད་པ་མང་ན་ཡང་།    གལ་བཟུང་དམིགས་བཟུང་གི་ཚུལ་དུ་བོད་ཀྱི་ཡི་གེའི་རྣམ་གྲངས་ལ་ཡང་སྙིང་ག་ཚོད་ཡོད་པའི་ཐད་དུ་རྩིས་ལེན་རྩིས་སྤྲོད་བྱེད་མཁན་ཤིན་ཏུ་ཉུང་།   འདིར་གལ་བོ་ཆེ་ལ་ནན་ཏན་དང་།  །དམ་པའི་ཆོས་ལ་བརྒྱ་ཚར། །ཞེས་པའི་དཔེ་ལྟར།    ཚབ་མཚོན་ཙམ་དུ་རེ་ཟུང་བཀོད་ན་འདི་ལྟར་ཏེ།    ས་སྐྱའི་བླ་མ་བསོད་ནམས་རྩེ་མོས་མཛད་པའི༼ ཡི་གེའི་བཀླག་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པ་ཞེས་བྱ་བ་བཞུགས་སོ ༽ཞེས་པའི་ནང་དུ།    དེ་དག་བརྗོད་དུ་རུང་ཚད་ཀྱི།  །ཡི་གེའི་གྲངས་ནི་མདོར་བསྡུ་ན།  །ཁྲི་ཕྲག་གཅིག་དང་སྟོང་ཕྲག་བརྒྱད།  །བདུན་བརྒྱ་བཞི་བཅུ་ཞེ་ལྔ་ལྡན།  །ཞེས་དང་།   ཡང་དེ་ཉིད་ལས།    ཁོ་བོས་འདི་ལྟར་རྣམ་བསམས་ནས།  །བོད་ཀྱི་སྐད་ལ་གང་དགོས་པ།  །སྟོང་ཕྲག་བརྒྱད་ཀྱིས་འདུས་པར་བསམ།   །ཞེས་གསུངས་པ་དང་།      སློབ་དཔོན་ཆེན་མོ་ཚེ་ཏན་ཞབས་དྲུང་གིས་མཛད་པའི༼ བྱིས་པ་ཀློག་ལ་འཇུག་པའི་ཀ་དཔེ་ཐོན་མི་བཞད་སྒྲ ༽ཞེས་པའི་ནང་དུ།    ཁོ་བོས་བྲིས་པའི་ཡི་གེའི་ཐོབ་ཐང་དུ་བརྩིས་པ་ལྟར་ན་ཆིག་ཁྲི་བདུན་སྟོང་ལྔ་བརྒྱ་སོ་གཉིས་སུ་གྲངས་བཅད་པ་ལྟར་ལ།   ཞེས་དང་།   ཡང་དེ་ཉིད་ལས།   དེ་ལྟར་ན་འདིར་ཀ་ཁ་རྐྱང་བ་ནས་བརྩམས་ཏེ་མཇུག་གི་ཝ་བཏགས་ཀྱི་མཐར་ཐུག་པའི་བར་ཚེག་གིས་ཕྱེ་བའི་ཡི་གེ་མི་འདྲ་བ་བཞི་སྟོང་ལྔ་བཅུ་ང་གསུམ་གྱི་གྲངས་ལོངས་པ་ནི་བཀླག་པར་བྱར་ཡོད་པ་ཙམ་དུ་མ་ཟད།    མིང་ངམ་མིང་གི་ཐོག་མཐའ་ཅི་རིགས་པར་འཇུག་ཏུ་ཡོད་པའི་ཡི་གེ་འབའ་ཞིག་བཀོད་པ་ཡིན་ལ།   འདི་ལ་ནི་ད་དུང་རྣམ་དཔྱོད་ཞིབ་མོས་བཙལ་ཚེ་རེ་རེ་གཉིས་གཉིས་ཙམ་སྣོན་རྒྱུ་རེ་འབྱུང་ཐང་བ་མ་གཏོགས།   གྲངས་འདི་ལ་ཇེ་ཉུང་དུ་བཏང་ནས་དབྲི་བར་བྱ་བ་ནི་གཅིག་ཀྱང་མེད་དོ་ཞེས་བདག་གིས་མགྲིན་པ་བསྲིངས་ནས་སྨྲའོ། །ཞེས་གསུངས་པ་དང་།    གཞི་སྤྲུལ་འཇིགས་མེད་དཔལ་གྱི་སེངྒེས་བརྩམས་པའི༼ གངས་ལྗོངས་ཡིག་མཛོད་ཆེན་མོ་རབ་གསལ་འཕྲུལ་གྱི་མེ་ལོང ༽ཞེས་པའི་ནང་དུ།   ཁྱོན་བསྡོམས་ཆིག་ཁྲི་བརྒྱད་སྟོང་བདུན་བརྒྱ་ཉི་ཤུ་ཐམ་པའོ། །ཞེས་གསུངས་སོ། །
      འདི་ནི་ཁོ་བོས་སློབ་ཁྲིད་དང་ཞིབ་འཇུག་གི་དགོས་མཁོ་ལ་དམིགས་ནས་ཡི་གེའི་སྡེབ་སྦྱོར་རིག་པའི་གཞུང་ལུགས་ལྟར་བྱུང་བའི་ཚེག་ཁྱིམ་ཆིག་ཁྲི་བརྒྱད་སྟོང་ལྔ་བརྒྱ་སུམ་ཅུ་སོ་གཅིག་གི་གྲངས་ཀ་རྩིས་བླངས་ཤིང་ཡིག་འབྲུ་རེ་རེ་བཞིན་དུ་དཔེ་ཆ་དྲུག་ཅུ་ལྷག་ཙམ་གྱི་ནང་ནས་ལུང་ཁུངས་བཏུས་ཏེ་མི་ལོ་བཅུ་བཞིའི་རིང་དུ་བསྒྲིགས་པ་ཡིན་ལ།    དེ་ཡང་སྔ་ན་མེད་པའི་ཀུན་བཟང་མཆོད་སྤྲིན་ཡིན་པར་སྙམ་མོ།  །དཔེར་ན།    ཀ་ནམ་དགོན་རྙིང་འདི་བཏབ་ཅེས་པ་ལྟ་བུའི་ཀ་ལ་མཚོན་ན།    ཡི་གེ་འདི་འཁོད་པའི་དེབ་ཀྱི་རྩོམ་པ་པོ་དང་།   དཔེ་ཆའི་མིང་།   དེའི་ཤོག་གྲངས།    དཔེ་སྐྲུན་ཁང་གི་མིང་།    པར་སྐྲུན་གྱི་དུས་ཚོད་སོགས་དེང་རབས་ཀྱི་ཞིབ་འཇུག་གི་རེ་འདུན་ལྟར་ཞིབ་ཕྲ་བཀོད་ཡོད་དོ།  །
     དེ་ཡང་ས་བཅད་ཀྱི་འཆིང་སྟངས་ནི་ཐོན་མི་བཞད་སྒྲ་ལྟར་བཀོད་པ་ཡིན་ཏེ། ཁྱོན་བསྡོམས་ལེ་ཚན་བཅུ་བཞིར་བཀར་ནས་བསྒྲིགས་ཡོད་དོ།  །

                        སྒྲིག་པ་པོས2014ལོའི་ཟླ་བ12པའི་ཚེས་པ10ཉིན་པེ་ཅིན་ནས་སྦྱར་བ་དགེའོ།།

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།