གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་ཀྱི་སྐད་གྲགས་ཅན་གྱི་རྡུང་ལེན་པ་བདུད་བྷེ་མཆོག་སྐུ་གཤེགས་པ།

2016-02-28 22:45:41 མཆོད་མེ། ཀློག་གྲངས། མཆན ཡོད།

8574FC93@A60E7752.E2ABD256.jpg

  མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འཕྲིན། བོད་ཀྱི་སྐད་གྲགས་ཅན་གྱི་གཞས་པའམ་རྡུང་ལེན་པ། ཡོངས་གྲགས་སུ་གངས་ལྗོངས་ཁུ་བྱུག་སྔོན་མོའམ་བདུད་བྷེ་རུ་འབོད་པ་དེ་ཉིད་ཟླ་འདིའི་ཚེས་༢༧ཉིན་གྱི་མཚན་མོའི་ཆུ་ཚོད་བཅུ་དང་ཕྱེད་ཀར་གྲོང་ཁྱེར་ཁྲིན་ཏུའུ་ཡི་ཧྭ་ཞེས་སྨན་ཁང་ནས་སྐུ་གཤེགས། སྐུ་གཤེགས་དུས་དགུང་ལོ་༤༩ལས་ཟིན་མི་འདུག 
 
  ཕལ་ཆེར་ཟླ་བ་གཅིག་ཙམ་གྱི་སྔོན་དུ། བདུད་བྷེ་མཆོག་མི་འདོད་ནད་ཀྱིས་མནར་ཏེ་སྨན་ཁང་དུ་བསྡད་པའི་སྐོར་གྱི་གནས་ཚུལ་དྲ་ལམ་དུ་ཁྱབ་ཅིང་དེ་ཉིད་བོད་མི་རྣམས་ཀྱིས་དོ་སྣང་ཤུགས་ཆེར་བྱེད་པའི་གནས་ཚུལ་ཞིག་ཏུ་གྱུར། དགོན་སྡེ་ཁག་ནས་བཅའ་བ་དང་རིམ་གྲོ་སྒྲུབ་པ་དང་། ཁོང་གི་སློབ་བུ་དང་གྲོགས་པོ་རྣམས་ཀྱིས་གླུ་གར་གྱི་དགོང་ཚོགས་བསྡུས་ཏེ་གདུང་སེམས་མཉམ་སྐྱེད་བྱེད་པ། གཞས་ཞེན་པ་དག་གིས་དྲིན་གཟོའི་དངུལ་སྐུར་བ་དང་ཆེད་དུ་སྨན་ཁང་ནང་ཁོང་སར་བཅར་ཏེ་ཁམས་འདྲི་བྱེད་པ། དེ་བཞིན་འཛམ་གླིང་གི་ཡུལ་གྲུ་མི་འདྲ་བར་གཞིས་བཅས་པའི་བོད་མི་མང་པོས་དྲ་ལམ་ནས་ཁོང་མྱུར་བར་ནད་ལས་ཐར་བའི་གསོལ་བ་སྨོན་ལམ་བཏབ། 

  བདུད་བྷེ་མཆོག་ནི་ཕྱི་ལོ་༡༩༦༨ལོར་བོད་མདོ་སྨད་ཁྲོ་ཁོ་ཁ་གསུམ་གྱི་ཡ་གྱལ་ཁྲོ་ཁོ་སྨད་མར་སྐུ་འཁྲུངས་ཤིང་། ཆུང་དུས་ནས་ལྷན་སྐྱེས་ཀྱི་སྐད་ངག་སྙན་ཅིང་སྒྱུ་རྩལ་ལ་དུང་བ་ཟབ་པས། ༡༩༨༦ལོར་རྨ་ཆུ་རྫོང་གླུ་གར་ཚོགས་པར་ཞུགས་ཏེ་རྡུང་ལེན་མཁན་པོ་དཔལ་མགོན་ལགས་དགེ་རྒན་དུ་བསྟེན་ནས་རྡུང་ལེན་ལ་སྦྱངས།  དེ་ནས་བཟུང་སྟེ། ད་ལྟའི་བར་དུསྤང་རྒྱན་མེ་ཏོག》དང་《བརྩེ་ལྡན་གྱི་གངས་ཕྲུག》  《སྐལ་བཟང་ལྷ་མོ》 《མ་མོའི་སྐྱོ་གླུ》 《དགའ་སྤྲོའི་སྙིང་གཏམ》 《ཚེ་རིང་མཚོ་མོ》 《ང་དང་ཁུ་བྱུག་གཉིས་ཀསོགས་སྒྲ་ཐག་དང་འོད་སྡེར་བརྒྱ་ལ་ཉེ་བ་པར་སྐྲུན་བྱས་ཏེ་བཀྲམས་ཤིང་། འགའ་ཞིག་གིས་ཁོང་ནི་འཛམ་གླིང་ཡོངས་སུ་གླུ་གཞས་ཆེད་སྒྲིག་གི་བརྩམས་ཆོས་ཆེས་མང་བའི་གླུ་བའི་གྲས་སུ་ཐེ་བར་བཤད། 

  ཁོང་ནི་ཨ་མདོའི་སྒྲ་སྙན་རྡུང་ལེན་ས་ཁྱབ་རྡོ་ཁྱབ་ཏུ་གཏོང་མཁན་ཡིན་ལ། མན་དྷོ་ལེན་རོལ་ཆས་བོད་གཞས་སུ་དྲངས་ཏེ་རྡུང་ལེན་གྱི་ལམ་ཀ་གསར་བ་ཞིག་འབྱེད་མཁན་ཡང་ཡིན། 

  ཁོང་གི་གླུ་སྐད་ནི་རྨ་ཀླུང་རིང་མོའི་རྒྱུན་དང་འདྲ་བར་གངས་རིའི་འདབས་དང་། སྤང་ལྗོངས་ཀྱི་ཕང་བ། ནགས་ཀྱི་གསེབ་སོགས་བརྒྱུད་ནས་ཡངས་པའི་རྒྱ་མཚོ་དང་སྔོ་བསང་ཨ་སྔོན་བརྒལ་ཏེ་མགོ་ནག་བོད་པ་ཡོངས་ཀྱི་རྣ་བའི་གསོས་སུ་གྱུར་ཅིང་། ཁོང་གི་གླུ་སྐད་ཐོས་པ་ཙམ་གྱིས་སྤང་སྔོན་མོའི་རྟ་ནོར་ལུག་གསུམ་དང་། ལྷ་བསང་གི་དུད་དྲི། འོ་ཇའི་མངར་ཁ། སྦྲ་ནང་གི་ཐབ་མེ། མཆོད་མེའི་འོད་སྣང་། རྩྭ་མགོའི་ཟིལ་བ་སོགས་མ་ཟད། ཇོ་མོ་གླང་མ་དང་། རྨ་རྒྱལ་སྦོམ་ར།  ཕོ་བྲང་པོ་ཏ་ལ། ཡར་འབྲོག་གཡུ་མཚོ། རྨ་ཆུ་འབྲི་ཆུ་སོགས་གངས་ཅན་བོད་ཡུལ་གྱི་ལྗོངས་དང་གནས་ཀྱི་བཀོད་པ་མ་ལུས་མིག་ལམ་དུ་ཝ་ལེར་ཤར་འོང་བ་ཞིག་ཡིན། དེ་བཞིན་ཁོང་གི་གླུ་སྐད་ཁྲོད་འཚར་ལོངས་བྱུང་བའི་མགོ་ནག་བོད་ཀྱི་མི་རབས་ཤིག་ལ་མཚོན་ན་ཁོང་གི་གླུ་སྐད་ནི་བླ་མའི་བྱིན་རླབས་དང་། ཡབ་ཡུམ་གྱི་བཀའ་དྲིན། མིང་སྲིང་གི་བརྩེ་བ་སོགས་མཚོན་པའི་ཏན་རྟགས་ཡིན་པར་མ་ཟད་མི་རེ་རེའི་སེམས་ནས་བསུབ་ཐབས་བྲལ་བའི་དུས་ཀྱི་རྐང་རྗེས་ཀྱང་ཡིན།

  བདུད་བྷེ་མཆོག་སྐུ་གཤེགས་རྗེས། བོད་ཀྱི་བླ་སྤྲུལ་དང་། དགེ་འདུན་པ། རིག་གཞུང་ཆེད་མཁས་པ། རྩོམ་པ་པོ། སྙན་ངག་པ། གཞས་པ་གཞས་མ། ཚོང་བ། ལས་བྱེད་པ། རོང་འབྲོག་ཡུལ་མི། སློབ་མ་སོགས་ལས་རིགས་མི་གཅིག་པའི་བོད་མི་མང་པོས་མ་གྲོས་མགྲིན་གཅིག་ཏུ་དྲ་ལམ་ནས་ཁོང་ལ་རྗེས་དྲན་གྱི་ཞུ་ཚིག་དང་སྐྱོ་གདུང་གི་སྐད་ཆ་ཕུལ་བར་མ་ཟད། ས་ཕྱོགས་སོ་སོ་ནས་རྗེས་དྲན་དགོང་ཚོགས་དང་དགེ་རྩའི་འདས་ཆོག་བསྒྲུབས། 

  གཞོན་སྐྱེས་ཤེས་ཡོན་པ་ས་བུ་ཆེ་ཡིས་ཞིན་ལང་པོད་ཕྲན་དུ་རྒྱ་ཡིག་གིསབདུད་བྷེས་སྐྱོ་སྣང་ཆེན་པོས་བསམ་གཞིགས་བཏང་སྟེ་སྐད་ངག་ལ་བརྟེན་ནས་དུས་རབས་ཀྱི་ངོས་ཡོངས་དང་བོད་མིའི་བདེ་སྡུག་གླུ་རུ་བླངས་པ་རེད། འོན་ཀྱང་སྐྱེས་ཐོབ་ཀྱི་ཤེས་རབ་ཅན་དང་གཞན་དྲིང་མི་འཇོག་པའི་སྐྱེས་བུ་གང་དེས་ངེད་ཅག་ལ་སེམས་གསོ་གཏོང་བའི་ཚེ་ན། ངེད་ཅག་གིས་ཁོང་ཉིད་ཆེས་བཟོད་པར་དཀའ་བའི་མངོན་སུམ་གྱི་འཚོ་བའི་ཁྲོད་ནས་དམར་ཧྲེང་ངེར་ཀུན་ལ་བསྟན། ངེད་ཅག་ནི་ཁོང་གི་རོལ་མོའི་སྐྱིབས་འོག་ཏུ་འཚོ་ནའང་། ཁོང་གིས་ཡི་ཆད་རེ་སྟོང་གི་འཚོ་བ་དང་འཐབ་མོ་འགྱེད། དེ་རིང་ཁོང་བཞུད་སོང་། དེས་ན་མངོན་སུམ་གྱི་འཚོ་བར་གདོང་གཏད་པའི་ལས་འགན་དེ་སུ་ཡིས་ཕྲག་ཏུ་ལེནཞེས་བྲིས་འདུག

  སྐད་གྲགས་ཅན་གྱི་གཞས་པ་ཡ་ཏུང་གིས་ཀྱང་ཞིན་ལང་པོད་ཕྲན་དུབདུད་བྷེས་ད་ལྟའི་བར་དུ་གླུ་གཞས་ཆེད་སྒྲིག་བརྒྱ་ལྷག་བཏོན་ངེས་ཡིན་པས་བོད་ཀྱི་གནའ་རབས་རོལ་མོ་ས་ཁྱབ་རྡོ་ཁྱབ་ཏུ་བཏང་བའི་ཕྱོགས་ནས་ཁོང་ལ་ཚེ་གཅིག་གི་གྲུབ་འབྲས་རླབས་པོ་ཆེ་ཞེས་པའི་གཟེངས་སྐྱེས་སྟེར་ཆོག སྤུན་ཟླ་བདུད་བྷེ་ལགས། བདེ་བར་བཞུད་ཅིགཅེས་བྲིས་ཡོད།

  དེ་བཞིན་དུདབྱངས་ཅན་མའི་ཕྱག་གི་རྒྱུད་སྐུད་ཆད་སོང་།དང་།དབྱངས་ཀྱི་འུར་ལྕེས་བྲབས་པའི་ལྗོན་པ་ཤིག་ཤིག་འདར། ལོ་མ་འཐོར་སོང” “མི་ཚེ་ཡི་རིན་ཐང་དེ་རིང་ཐུང་གིས་འཇལ་བ་ཞིག་ག་ལ་ཡིན། དེ་ནི་ཟབ་ཚད་ཀྱིས་འཇལ་དགོས་པ་ཞིག་རེད” “ཁུ་བྱུག་བཞུད་སོང་། གླུ་སྐད་ལུས་སོང་། ངེས་པ་དོན་གྱི་རྡུང་ལེན་གྱི་ཕ་དམ་པ་དེ་བདེ་བར་བཞུད་རོགསསོགས་བོད་ཀྱི་དྲ་ལམ་ཧྲིལ་བོ་ནི་ཁོང་ལ་སྐྱེལ་མ་ཞུ་བ་དང་ཁོང་དྲན་པའི་ཚིག་གིས་བཀང་སོང་།

  ངེད་དྲ་བས་ཆེད་དུ་ཁོང་ལ་དད་འདུན་ཆེ་བའི་ཉན་མཁན་ཞིག་ལ་ཁ་པར་གྱི་ལམ་ནས་བཅར་འདྲི་བྱས་པ་ན། ཁོསགངས་ལྗོངས་ཁུ་བྱུག་སྔོན་མོ་བདུད་བྷེས་ད་བར་དུ་ཁོང་རང་གི་རྡུང་ལེན་གྱི་སྒྲ་ཐག་གམ་འོད་སྡེར་ཉིད་གཞན་གྱིས་པར་དབང་འཕྲོག་སྟེ་བསྐྱར་དཔར་བྱས་པར་རྩད་གཅོད་ཀྱི་ཚིག་གཅིག་སྨྲས་མེད་ལ། གླུ་རིན་བརྩད་དེ་གཞན་ལ་ང་རྒྱལ་གྱི་རྣམ་འགྱུར་ཙམ་ཡང་བསྟན་མེད། ཁོང་ནི་ངེས་པ་དོན་གྱི་སྒྱུ་རྩལ་བ་ཞིག་ཡིན། ཁོང་སྐུ་གཤེགས་པ་ནི་བོད་ཀྱི་རྡུང་ལེན་སྒྱུ་རྩལ་གྱི་གྱོང་གུན་ཙམ་ཡིན་ན་ཤིན་ཏུ་ཆུང་གིས། གལ་སྲིད་ཁོང་ཕེབས་པ་དང་མཉམ་དུ་ཁོང་གི་གླུ་སྐད་ཀྱིས་མཚོན་པའི་མཛེས་ལྗོངས་དེ་དག་ཀྱང་ཡལ་སོང་ན་ཅི་བྱཟེར། 

ཞར་བཀོད་སྙན་ངག

                                              ཞིང་ཁམས་ཤིག 

                                                                         ___བདུད་བྷེར་ཕུལ་བ། 

                                                                               སྐྱབས་ཆེན་བདེ་གྲོལ།

སྤང་གི་གཤང་གཤོང་ནས་གློག་འཁྱུག
ཤྭ་བའི་རྨིག་རྗེས་ལ་ཆུ་འཁྱིལ
སྨུག་པའི་ནང་ལ་འཇའ་ཤར
མིང་མེད་པའི་ཁ་དོག་གཅིག་ཇེ་མང་ལ་སོང
འབྲོག་མོ་མཛེས་མའི་ལན་བུའི་ནང་ལ་ཟིལ་བ་ཆགས

ཐག་རིང་གི་གངས་རིའི་རྩེ་ན
ཞི་བའི་སྤྱན་དང་སྐར་ཚོགས་ཁྲ་ལམ་ལམ

འུར་ལྕག་ཅིག་གིས་མུན་པ་མར་ཕབ་སྟེ
མཚམས་སྤྲིན་བསུབ་པར་རྩོམ་དུས
བསང་དུད་ཀྱི་ཀློང་ན་དཔའ་བོ་གོ་ཁྲབ་ཤིག་སེ
གསོམ་ཟེའུ་ཡི་ནང་དུ་འོ་མའི་དུང་མདའ་ཤག་ཤག

སྐབས་དེར་བདུད་བྷེའི་གླུ་སྐད་ཀྱིས
སྦྲ་ནང་དཀར་གསལ་ལེར་བཏང
ཡུལ་གྱར་བ་དྲན་པའི་གདུང་བ་ཇེ་ལྗིར་སོང
སྲོག་གིས་ཁུར་བའི་སྐྱིད་སྣང་ཡང་ཇེ་ལྗིར་སོང

          ༢༠༡༦ ༢ ༣

                                                                       རྩོམ་སྒྲིག་པ། ལྷ་སྐྱིད།

            

                                                                              (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།