ལྡོང་བུས་བསྒྱུར་པའི《རྒྱལ་སྲས་ཆུང་ཆུང》ཞེས་པའི་བྱིས་སྒྲུང་དེབ་པར་དུ་བསྐྲུན་པ།

封面.png

མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འཕྲིན། ཀློག་པ་པོ་ཀུན་གྱི་སྤྱན་སྔར་ཞུ་མཆིད།    ཉེ་བའི་ཆར་སྙན་ངག་པ་ལྡོང་བུས་བོད་ཡིག་ཏུ་བསྒྱུར་པའི་བྱིས་སྒྲུང《རྒྱལ་སྲས་ཆུང་ཆུང》ཞེས་བྱ་བ་པེ་ཅིང་གི་མི་རིགས་དཔེ་སྐྲུན་ཁང་ནས་དངོས་སུ་པར་ལ་བཏབ་ནས་བོད་ཁུལ་གྱི་ཤིན་ཧྭ་དཔེ་ཁང་སོགས་སུ་འགྲེམ་མགོ་ཚུགས།    བྱིས་སྒྲུང་འདི་ནི་སྒྱུར་པ་པོས་༢༠༡༢ལོར་བསྒྱུར་ཚར་བ་དང་ད་ལོའི་ཟླ་བཅུ་པའི་ནང་ཡང་བསྐྱར་ཞུ་དག་ལན་ཁ་ཤས་བརྒྱུད་བོད་འགྱུར་དུ་མ་མཆིས་པའི《རྒྱལ་སྲས་ཆུང་ཆུང》ལ་འགྱུར་ཡིག་གསར་པ་ཞིག་གི་སྣོན་མ་བརྒྱབ་པའི་ཚུལ་དུ་འདུག་པས།   འགྱུར་གྱི་བཟང་ངན་ལེགས་ཉེས་མཐའ་དག་ཀློག་པ་པོ་ཀུན་གྱི་མདུན་ལ་མ་སླེབས་བར་འཆད་དཀའ་བར་འགྱུར་བས་འདིར་རེ་ཞིག་བཏང་སྙོམས་སུ་སྐྱུར་དུ་རིགས་མོད།    དེབ་འདིའི་རྒྱབ་ཤའི་ཇུས་འགོད་དང་ནང་གི་བཀོད་པ།    ཡིག་གཟུགས་ཀྱི་ཆེ་ཆུང་དང་བར་བཅུག་རི་མོ་ཡི་སྒྲིག་ཚུལ།    དེབ་ཀྱི་ཆེ་ཆུང་དང་ཤོག་བུའི་སྤུས་ཀ་སོགས་ཚང་མ་ངོས་གཙང་བ་དང་གྲ་དག་པ།   མིག་ལ་མཛེས་པ་དང་ཆེ་ཆུང་རན་པ།   ཤོག་བུའི་སྤུས་ཀའང་ཆུ་ཚོན་རི་མོ་དཔར་པ་ལ་འཚམ་པ་སོགས་དང་དོད་བྱས་ཡོད་ཅིང་།   བར་བཅུག་གི་རི་མོ་དག་ཀྱང་མ་ཡིག་གི་ཆུ་ཚོན་རི་མོ་དངོས་ཇི་མ་ཇི་བཞིན་དུ་བཀོད་ནས།   ཚོན་ཡོད་ས་ལ་ཡོད་པ་དང་མེད་ས་ལ་མེད་པ།   རི་མོའི་ཁ་དོག་ཀྱང་མ་ཡིག་རི་མོ་ལྟར་ལས་ཚོན་བཀྲག་པོ་རྫིག་པོ་ཅི་ཡང་མ་བྱས་པ་སོགས།  རྣམ་པ་དང་བཟོ་ལྟ་བབ་ཆགས་ལ་སྙིང་ཉེ་བ་ཞིག་ཨེ་ཡོང་ཡོང་བྱས་འདུག་པས།    ཀློག་འདུན་ཡོད་མཁན་དག་གིས་དོ་སྣང་ཡོད་པར་འཚལ་ལོ། །སྒྲུང་འདིའི་ནང་དོན་དང་འགྱུར་ཡིག་སོགས་ཀྱི་སྐོར་ཞིབ་རྒྱས་གཤམ་གྱི“སྒྱུར་པ་པོའི་གཏམ”ལ་གཟིགས་པར་ཞུའོ། །

内文截图.png内文截图2.png
                                                   སྒྱུར་པ་པོའི་གཏམ།

བྱིས་སྒྲུང་འདིའི་རྩོམ་པ་པོ་ཨང་ཐོ་ཝན•ངྷེ•སཱན་ཐེ་གྷེ་ཟུ་ཕེ་རི(Antoine de Saint-Exupéry,1900-1944)མཆོག་ནི་ཧྥ་རན་སིའི་རྩོམ་པ་པོ་དང་གནམ་གྲུའི་ཁ་ལོ་པ་སྐད་གྲགས་ཅན་ཞིག་ཡིན།  ཁོང་ཧྥ་རན་སིའི་གྲོང་ཁྱེར་ལེ་ཨོང(Lyon)བྱ་བར་ཡབ་ཡུམ་ཟུང་སྐུ་དྲག་གི་རིགས་སུ་གྱུར་པའི་སྲས་སུ་སྐུ་འཁྲུངས།      ལོ་ན་བཞི་ཙམ་སོན་དུས་ཡབ་སྐུ་སྙུང་ལས་འདས་པས་ཡུམ་གྱིས་བྱིས་པ་ལྔ་པོ་ཁྲིད་ནས་ཉེ་ཚན་གྱི་གཞིས་ཀ་ཞིག་ཏུ་གནས་བཅས།   དགོང་མོ་མ་ཉལ་སྔོན་རྟག་པར་ཡུམ་གྱིས་ཨན་ཏེར་སེན(Hans Christian Andersen,1805-1875)གྱི་བྱིས་སྒྲུང་བཤད་པ་ལ་ཉན།      1909ལོར་གྲོང་ཁྱེར་ལེ་མང(Le Mans)དུ་སྤར་ནས་ཆོས་ཚོགས་ཀྱི་སློབ་འབྲིང་འགྲིམས་ནའང་བྱིས་བློ་རྒོད་པོ་དང་ཀུན་རྟོག་མཚར་པོ་དེ་སྒྲིག་ལམ་དང་འདུལ་བའི་དབང་དུ་མ་སོང་བས་མ་རབས་ཀྱི་གྲས་སུ་བརྩིས།   1912ལོའི་དབྱར་ཁར་སློབ་གྲྭའི་ཉེ་འདབས་ཀྱི་གནམ་གྲུའི་ཐང་དུ་འགྲོ་འདུག་རྒོད་ཅིང་ལོ་དེར་གནམ་གྲུའི་ཁ་ལོ་པ་གྲགས་ཅན་ཞིག་གིས་ཁྲིད་ནས་ཐེངས་དང་པོར་དགུང་སྔོན་དབྱིངས་ལ་བསྐྱོད།     ལོ་བཅུ་བཞི་ལོན་པའི་ལོ་དེར་འཛམ་གླིང་འཁྲུག་ཆེན་དང་པོ་བྱུང་བས་ཡུམ་གྱིས་སྨན་བཅོས་ཀྱི་ལས་ཀ་བསྒྲུབ་ཆེད་ཁོ་དང་ནུ་བོ་གཉིས་སློབ་འབྲིང་སྒྲིག་ལམ་སྔར་བས་དམ་པ་ཞིག་ཏུ་བསྐྱལ་མོད་སློབ་སྐབས་གཅིག་ཙམ་གྱི་རྗེས་སུ་ཁྱིམ་གང་པོ་སི་ཝེས་ཙེར(Switzerland)དུ་ཆས།    རིག་པ་རྣོ་ཞིང་རྩེད་མོ་ལ་གཡེང་རྒྱུར་དགའ།     སྙན་ངག་འབྲི་བ་དང་འཕྲུལ་འཁོར་ལ་ཞིག་གསོ་བགྱི་བ།    སེམས་ལ་ཡར་དྲན་མར་དྲན་དང་སྟོང་འདང་རྒྱག་པར་སྤྲོ་བས་སློབ་སྦྱོང་གི་རྒྱུགས་འབྲས་ཡག་པོ་མེད།    པལ་ཟག(Honoré de Balzac,1799-1850)དང་བྷོ་ངྷེ་ལཱ་རེ(Charles Pierre Baudelaire,1821-1867)།   ཏོ་སི་ཐོ་ཡེབ་སི་ཀི(Dostoevsky,1821-1881)།    དངོས་ལུགས་དང་མཚན་ཉིད་རིག་པ།    རོལ་མོ་དང་གྲི་རྩེད་ལ་དགའ་བ་ལས་ས་ཁམས་དང་ལོ་རྒྱུས།    གྲངས་རིག་དང་སྐད་ཡིག་ལ་སྤྲོ་བ་མེད་པར་མ་ཟད་རྒན་པ་དག་གི་ཁ་ལའང་ཉན་འདོད་བྲལ།   ལོ་ངོ་གཉིས་ཀྱི་རྗེས་སུ་ནུ་བོ་ནད་གདོན་ལས་མ་ཐར་བར་མི་ཡུལ་དང་བྲལ་བ་དེས་ཁོང་གི་སེམས་སྡུག་ལ་སྦྱར།   དུས་ཕྱིས་ཕ་རི་སི་རུ་སློབ་འབྲིང་འགྲིམས་ཤིང་མཚོ་དམག་ལ་ཞུགས་འདོད་ཀྱང་ཆོག་མཆན་མ་ཐོབ་པར་མཐར་མཁའ་དམག་གི་ཁོངས་སུ་ཞུགས་ནས་གནམ་གྲུའི་ཁ་ལོ་པའི་དཔང་ཡིག་བླངས།   1923ལོར་མཁའ་དམག་ལས་ཕྱིར་འཐེན་རྗེས་ལས་རིགས་མི་འདྲ་བ་སྣ་ཚོགས་བསྒྲུབས།

1926ལོར་སྒྲུང་འབྲིང《གནམ་གྲུའི་ཁ་ལོ་པ》(L’Aviateur)ཞེས་པ་དུས་དེབ《གྲུ་དཀར་པོ》(Le Navire d’Argent)རུ་བཏོན་ཅིང་ལོ་དེར་མཁའ་འགྲུལ་ཀུང་སི་ཞིག་ཏུ་ཞུགས་ནས་མཁའ་ལམ་སྦྲག་སྐྱེལ་གྱི་ལས་ཀ་གཉེར་མགོ་བརྩམས།   ཁོང་ནི་མི་ཚེ་གང་པོར་རང་དབང་དང་མྱུལ་ཞིབ་ལ་མོས་པ་ཞིག་ཡིན་སྟབས་མཁའ་འགྲུལ་ཀུང་སིར་བཞུགས་པའི་སྐབས་སུ་འཕུར་ལམ་སྔ་ན་མེད་པ་མང་པོ་གསར་དུ་ཕྱེ་མྱོང་།  བར་སྐབས་དེར་མཚན་མོའི་ཁོམ་པ་སྤྱད་ནས་སྣུམ་གྱི་ལྕགས་སྒམ་གཉིས་ཀྱི་བར་ལ་བཏིང་བའི་ཤིང་ལེབ་ཅོག་ཙེ་རུ་བྱས་ནས《ལྷོ་ལམ་སྦྲག་སྐྱེལ》(Courrier sud)ཞེས་པ་བརྩམས་ནས1929ལོར་པར་དུ་བཏབ།    ལོ་གསུམ་རྗེས་ཀྱི་དཔྱིད་ཀར་ཁོན་སུ་ཨེ་ལོ(Consuelo)དང་གཉེན་བསྒྲིགས་ཤིང་ལོ་མཇུག་ལ《མཚན་མོའི་མཁའ་འགྲུལ》(Vol de nuit) པར་དུ་བསྐྲུན་པར་ཧྥེ་མི་ནཱ(prix Femina)རྩོམ་རིག་བྱ་དགའ་ཐོབ་ནས་སྙན་པ་ཆེ་རུ་རྒྱས།

དེའི་ཕྱིས་ནས་འཛམ་གླིང་འཁྲུག་ཆེན་གཉིས་པ་འབྱུང་རག་བར་དུ་ཁོང་ཕ་རི་སི་སྐུ་བཞུགས་ཤིང1935ལོར་ཐེངས་ཤིག་གནམ་གྲུ་ལ་ཆག་སྐྱོན་བྱུང་ནས་ཁོ་དང་འཕྲུལ་ཆས་པ་གཉིས་ཁེ་རོ(Cairo)ཉེ་འགྲམ་གྱི་བྱེ་ཐང་མི་ཡི་གྲིབ་མ་ཙམ་ཡང་མཐོང་དུ་མེད་པ་ཞིག་ཏུ་ལྷུང་བས་ཉིན་དུ་མར་བཀྲེས་ལྟོགས་མྱངས་པའི་འཕྲོར་རྔ་མོང་པ་ཁ་ཤས་ཀྱིས་བསྐྱབས།    1938ལོར་ཨ་རིའི་གྲོང་ཁྱེར་ཉིག་ཡོག་ལ་མཁའ་འགྲུལ་གྱི་འཆར་གཞི་ཞིག་གི་ཕྱིར་སླེབས་ཤིང་རྗེས་སུ་གནམ་གྲུ་ས་ལ་བརྡབས་ནས་ལུས་ལ་རྨ་ཁ་ཆེན་པོ་བཟོས་སྟབས་ཉིག་ཡོག་ཏུ་རྨ་གསོ་ཞོར《འགྲོ་བ་མིའི་ས་གཞི》 (Terre des Hommes)ཞེས་པ་བརྩམས་ནས་ཕྱི་ལོར་པར་དུ་བསྐྲུན་པར་ཧྥ་རན་སིའི་སློབ་གླིང་གི་བརྩམས་སྒྲུང་བྱ་དགའ་ཆེན་མོ(Grand Prix du roman de l'Académie française)ཐོབ།    ཕྱི་ལོར་དེབ་དེའི་དབྱིན་འགྱུར་མ་པར་དུ་བཏབ་པའི་མིང་ལ《རླུང་དང་བྱེ་མ།   སྐར་ཚོགས》(Wind, Sand and Stars)ཞེས་བཏགས་ཤིང་ཤིན་ཏུ་བྲིན་པར་གྱུར།    ལོ་དེའི་ཟླ་བརྒྱད་པའི་མཇུག་ཏུ་ཨ་རི་ནས་ཕ་རི་སི་ལ་སླེབས་ཤིང་ཟླ་དགུ་པར་ཧྥ་རན་སིས་འཇར་མན་ལ་གཡུལ་བཀྱེད་པས་ཁོང་གིས་ཐབས་བརྒྱ་ཇུས་སྟོང་གིས་གནམ་གྲུའི་ཁ་ལོ་པ་བྱ་རྒྱུའི་འགན་ཕྲག་ཏུ་བླངས་ནས་གནམ་གྲུའི་རུ་ཁག་སོ་གསུམ་པ་ཡི་ཚན་ཆུང་གཉིས་པར་ཞུགས།

1940ལོར་ཧྥ་རན་སི་གཡུལ་ལས་ཕམ་པས་ཕོར་ཐུ་གལ(Portugal)དང་མོ་རོ་ཁོ(Morocco)བརྒྱུད་ནས་ཉིག་ཡོག་ཏུ་བྱོལ་ནས་རྩོམ་པའི་ལས་ལ་ཞུགས་པའི་ལོ་གཉིས་ཀྱི་རྗེས་སུ《དམག་ཁུལ་གྱི་གནམ་གྲུའི་ཁ་ལོ་པ》(Pilote de guerre)ཞེས་པའི་དབྱིན་འགྱུར་མ《ཨ་རཱ་སིའི་ཕྱོགས་སུ་འཕུར་པ》(Flight to Arras)བྱ་བ་པར་དུ་བཏབ་ནས་ཤིན་ཏུ་རྒྱུགས་ཆེ་བ་བྱུང་།    1943ལོར《རྒྱལ་སྲས་ཆུང་ཆུང》(Le Petit Prince)དང་དེའི་ཕྱི་ལོར《མི་གཏེ་ཞིག་ལ་སྤྲིངས་པའི་འཕྲིན》(Lettre à un otage)པར་དུ་བསྐྲུན།    ཕྱིར་ཧྥ་རན་སི་ལ་བསྐྱོད་ནས་གནམ་གྲུའི་རུ་ཁག་སོ་གསུམ་པ་ཡི་ཚན་ཆུང་གཉིས་པར་བསྐྱར་དུ་ཞུགས་རྒྱུར་དམིགས་བསལ་ཆོག་མཆན་ཐོབ།     སྤྱི་ལོ1944ལོའི་ཟླ7པའི་ཚེས31ཉིན་གྱི་ཞོགས་པའི་ཆུ་ཚོད8དང་ཕྱེད་ཀའི་སྟེང་གནམ་གྲུར་ཁ་ལོ་བཏང་ནས་བར་སྣང་མྱུལ་ཞིབ་ཀྱི་ལས་ཀ་ཐེངས་བརྒྱད་པ་སྒྲུབ་པའི་སྐབས་སུ་རྐྱེན་ཅི་ཡིན་ཆ་མ་འཚལ་བའི་ངང་གར་སོང་ཆ་མེད་དུ་བོར་ནས་གཏན་དུ་ཕྱིར་འོང་མེད་པར་གྱུར་ཏོ།  །

《རྒྱལ་སྲས་ཆུང་ཆུང》ནི་རྩོམ་པ་པོ་ཁོང་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་ཧྥ་རན་སི་ལ་བྱོལ་ནས་ཨ་རིའི་ཉིག་ཡོག་ལ་ཡུལ་འཁྱར་དུ་འབྱོར་བའི་སྐབས་སུ་བརྩམས་པ་ཡིན་ཞིང་།     འགྲོ་བ་མི་ཡི་ཁེར་རྐྱང་དང་བརྩེ་དགའ།    སྐྱོ་སྣང་དང་འཆི་བ།     འགན་འཁྲི་དང་གདམ་ག་སོགས་བརྗོད་བྱའི་སྲོག་འདི་དག་རྒྱལ་སྲས་ཆུང་ཆུང་སྐར་མའི་གོ་ལ་གཞན་ཞིག་ནས་སླེབས་པ་ཞིག་གི་གཏམ་གྱི་ཕྲེང་བ་ལ་མུ་ཏིག་ལྟར་དུ་བརྒྱུས་ནས་བརྗོད་ཡོད།   གཏམ་རྒྱུད་དེ་དག་ཀྱང་ཁོང་གིས་མཐའ་གཅིག་ཏུ་རྟོག་པས་བཏགས་པ་ག་ལ་ཡིན་ཏེ།   ཁོ་རང་སྐུ་ན་ཕྲ་བའི་དུས་སུ་ཞྭ་མོའི་སྐོར་གྱི་གཏམ་རྒྱུད་བྲིས་མྱོང་བ་དང་།  1935ལོར་མོ་སི་ཁོ(Moscow)རུ་གློག་སྒྲོན་གྱི་འོག་ཏུ་རྨི་ལམ་གྱི་ཞིང་ཁམས་མྱུལ་བཞིན་པའི་བྱིས་པ་ཞིག་མཐོང་བ་དང་གདོང་སྙིང་ཉེ་བ་དེས་ས་སྟེང་གི་བྱིས་པ་ཐམས་ཅད་བྱིས་སྒྲུང་ནང་གི་རྒྱལ་སྲས་རེ་རེ་ཡིན་སྙམ་དུ་བཅུག་པ།    ལོ་དེར་གནམ་གྲུ་ས་ཧ་རའི་བྱེ་ཐང་དུ་བརྡབས་པ།    ཁོང་དང་ཆུང་མ་དང་བུད་མེད་གཞན་དག་བར་གྱི་བརྩེ་དུང་དང་འགལ་བ།        འཛམ་གླིང་འཁྲུག་ཆེན་དང་ཁོང་གི་ཡུལ་བྱོལ།      བྱིས་བློ་ལྷད་མེད་ལ་ཡིད་ཤོར་བ།   ཁོང་གི་གསང་བའི་ལྟ་གྲུབ་སོགས་ནི་རྒྱལ་སྲས་ཆུང་ཆུང་རྩོམ་པའི་རྒྱུ་དང་རྐྱེན་དུ་ཅི་ལ་མི་འགྱུར།

མཚན་ཉིད་རིག་པའི་སྲོག་དང་སྙན་ངག་གི་ཉམས་ལྡན་པའི་བྱིས་སྒྲུང་འདི་ནི་ཡིད་ཀྱི་དང་བ་འདྲེན་ཞིང་ཉམས་དགའ་བར་བྱེད་པ་ཞིག་ཡིན་པར་གདོན་མི་ཟ་སྟེ། ཚོར་བ་རྣོ་ཞིང་སེམས་རྩ་ཞིབ་པའི་རྒྱལ་སྲས་ཆུང་ཆུང་དང་ཁ་ནས་ངའོ་སྙམ་ཡང་ཞེ་རྩ་ཤིན་ཏུ་གཉོམ་པའི་མེ་ཏོག་རྒྱ་སེ།      སེམས་པ་དཀར་ཞིང་རིག་པ་བཀྲ་བའི་ཝ་མོ་ཆུང་ཆུང་།      ད་དུང་སྐར་མའི་གོ་ལ་རེ་རེའི་སྟེང་གི་སྐྱེ་བོ་མི་འདྲ་བ་དེ་དག་ལས་གཞན།     རྩོམ་པ་པོ་རང་ཉིད་སྐུ་དངོས་ཀྱིས་བྲིས་པའི་ཆུ་ཚོན་རི་མོ་དེ་དག་གིས་ཀློག་པ་པོའི་ཡིད་ཀྱི་དང་བ་དབང་མེད་དུ་འཕྲོག་ནས་བརྗེད་པ་ག་ལ་སྲིད།     བར་སྣང་ཁམས་ཀྱི་འགྲུལ་བཞུད་ཉམས་མཚར་ཞིང་ཀུན་རྟོག་གིས་ཕྱུག་པ་དེ་རུ་རྒྱལ་སྲས་ཆུང་ཆུང་གིས་རང་ཅག་ལ་དོན་དམ་གྱི་ངོ་བོ་ནི་ཆུ་བུར་གྱི་མིག་གིས་མི་མཐོང་བར་སེམས་ཀྱིས་འཚོལ་དགོས་པའི་གནས་ལུགས་བསྟན་ཡོད་པར་མ་ཟད།   ཁོང་གི་ར་རི་བྲལ་བའི་སེམས་པ་དང་ཡིད་དུ་འོང་བའི་སྐྱོ་ཤས་ཀྱི་དབང་གིས་ཀློག་པ་པོ་བགྲང་ལས་འདས་པར་སྨྲེང་བ་དང་དགའ་བ།        མིག་ཆུ་དང་རེ་བ་གྲངས་མེད་ཅིག་བསྩལ་མྱོང་བས།      རྒྱུ་སྐར་བྱེ་བ་འདུས་པའི་ནམ་མཁའ་ལ་མིག་གིས་ལྟ་ཐེངས་རེ་རེར་རྒྱལ་སྲས་ཆུང་ཆུང་གི་བཞིན་རས་དང་དབུ་སྐྲ།    འཛུམ་ཞལ་དང་དགོད་སྒྲ།    ངག་གི་སྐད་ཆ་དང་ལུས་ཀྱི་བཟོ་ལྟ་དྲན་ཡོང་བ་ཤ་སྟག་ཡིན་ན།     སྤྱོད་ངན་སུན་འབྱིན་དང་ཁ་ཏ་བསླབ་བྱ་གནང་བ་ལྟ་བུའི་གནས་ལུགས་ཕལ་བ་ཙམ་ལས་འགོངས་པའི་སྒྱུ་རྩལ་གྱི་འཇིག་རྟེན་དང་མི་ཚེ་ཡི་ངོ་བོ།     འཚོ་བའི་རང་བཞིན་དང་འཆི་བའི་ཆོས་ཉིད་སོགས་ལ་བློ་ཁ་འཁོར་དུ་འཇུག་པ་ནི་སྨྲས་ཅི་འཚལ།

ཁོང་གིས་མིའི་རིགས་ནི་གོ་ལ་ཕལ་ཆེར་རི་བོ་དང་བྱེ་མ།    ཚྭ་ཁུལ་དང་རྒྱ་མཚོས་ཁེབས་པ་ཞིག་ཏུ་འཚོ་ཞིང་དེའི་སྟེང་གི་སྲོག་ལྡན་རྣམས་ནི་རྩིག་པར་སྐྱེས་པའི་ཤ་བལ་ཇི་བཞིན་རྡོ་དང་ཟེགས་མའི་གསེང་ན་ཐར་ཐོར་དུ་གནས་པས།     ཚེ་ཡི་འདུ་བྱེད་ནི་མཐར་གཏུག་ན་དཀོན་མཆོག་གིས་གནང་བའི་ལེགས་སྐྱེས་ཤིག་མ་ཡིན་པར་སྐྱེ་བོ་རང་རང་གིས་གདོང་གཏད་དགོས་པ་དང་སོ་སོའི་གདམ་ག་ལ་རག་ལས་སྙམ་པར་གཞིགས་ན་གཞི་གྲུབ་རིང་ལུགས(Existentialism)ཀྱི་ཚབ་མཚོན་བརྩམས་ཆོས་ལ་སཱར་ཐྲེ(Jean-Paul Sartre,1905-1980)ཡིས《འགྲོ་བ་མིའི་ས་གཞི》འཇོག་པ་དང་ཧེ་ངྷེ་གྷེར(Martin Heidegger,1889-1976)གྱིས《རྒྱལ་སྲས་ཆུང་ཆུང》བགྲང་བ་ལའང་གནས་ལུགས་ཅུང་ཟད་ལྡན་པ་ལྟ་ཅི་སྨོས།

རྒྱལ་སྲས་ཆུང་ཆུང་པར་དུ་བཏབ་པ་ནས་བཟུང་སྙན་པ་ཆེ་རུ་རྒྱས་ནས་སྐྱེ་བོ་རྒན་དར་གཞོན་གསུམ་ཀུན་གྱིས་ཉེ་པོ་བྱེད་ཅིང་རྒྱུགས་ཆེ་བར་གྱུར་པས།   སྔ་ཕྱིར་སྒྲ་རུ་ལེན་པ་དང་རླུང་འཕྲིན་དུ་གཏོང་བ།   གར་སྟེགས་སུ་འཁྲབ་པ།    གློག་བརྙན་དང་བརྙན་འཕྲིན་དུ་བཅོས་པ།    ཞབས་བྲོ་དང་གཞས་ཀྱི་ལུགས་སུ་བརྩམས་པ་སོགས་རྣམ་པ་མང་པོའི་ལམ་དུ་བྱུང་སྟབས།    ཁོང་གི་བརྩམས་ཆོས་དག་ལས་གྲགས་པ་ཆེ་ཤོས་དང་བྲིན་ཤོས་སུ་གྱུར་ནས་པར་དུ་བསྐྲུན་པ་ནས་ད་ལྟ་བར་དུ་འཛམ་གླིང་ཁྱོན་གྱི་སྐད་ཡིག་ཉིས་བརྒྱ་ལྔ་བཅུ་ལྷག་ཏུ་བསྒྱུར་ཅིང་དེབ་གྲངས་ནི་དུང་ཕྱུར་བཅུ་ལྷག་བཙོང་ཟིན་ཡོད་འདུག     རྩོམ་པ་པོ་ཁོང་ཉིད་ཚེ་དུས་བྱས་ནས་ལོ་འཁོར་ལྔ་བཅུ་ལོན་པའི་ལོ་དེར་ཁོང་གི་དབུ་བརྙན་ཧྥ་རན་སིའི་དངུལ་སྒོར་ལྔ་བཅུ་མའི་སྟེང་དུ་བཀོད་པ་དང་།      ཁོང་དང་རྒྱལ་སྲས་ཆུང་ཆུང་སྐོར་གྱི་དངོས་མང་བཤམས་སྟོན་ཁང་བཙུགས་པ།     ཁོང་གི་རི་མོ་འགྲེམ་སྟོན་སོགས་རྗེས་དྲན་གྱི་བྱེད་སྒོའི་ཡོ་ལང་ཡང་ག་ས་ཀུན་ཏུ་རྒྱས་ཤིང་དར་བཞིན་གདའོ། །

ཁོ་བོས་བྱིས་སྒྲུང་འདི་ཐོག་མར་ཀློག་དུས་ནི་ཧ་ལམ་ལོ་བརྒྱད་དགུ་ལྷག་གི་སྔ་རོལ་ཙམ་ཞིག་ལ་སྟེ།     སྙན་ངག་པ་སྐྱབས་ཆེན་བདེ་གྲོལ་ལགས་ཀྱིས་ཁོང་གི་མཆོད་མེའི་པོད་ཁུག་ནང་དུ་བྱིས་སྒྲུང་འདིའི་ལེའུ་དང་པོ་བསྒྱུར་ནས་བཀོད་འདུག་པ་མཐོང་བས་བརྩམས་སྒྲུང་རང་གི་གཏམ་རྒྱུད་དང་འགྱུར་ཡག་པོ་གཉིས་ཀས་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་སྟབས།     དུས་ཕྱིས་རྒྱ་འགྱུར་མང་པོ་ལས་ཁ་ཤས་བདམས་ནས་བལྟས་ཤིང་དབྱིན་ཡིག་སྦྱོང་བའི་བར་སྐབས་སུ་དབྱིན་འགྱུར་མ་རེ་གཉིས་ཀྱང་ཚིག་མཛོད་སློག་ཞོར་བཀླགས།      དེ་དུས་ལེའུ་དང་པོ་དེ་རང་ལས་བྱིས་སྒྲུང་ཆ་ཚང་བོད་ཡིག་ཏུ་བསྒྱུར་པ་མ་མཐོང་རྐྱེན་རང་གིས་སྒྲུང་དེ་ཧྲིལ་པོ་བོད་ཡིག་ཏུ་བསྒྱུར་ཐུབ་ན་ཨང་སྙམ་མོད་རྒྱ་ཡིག་འབའ་ཞིག་ལ་བརྟེན་ན་མི་རུང་བར་འདོད་ནས་དབྱིན་ཡིག་ལ་རྨང་གཞི་ཡག་ཙམ་འབྱུང་བར་བསྒུགས།     དུས་ནམ་ཞིག་ལ་དབུ་བརྩམས་པ་ཆ་མི་འཚལ་མོད་ཨེ་རེ་ནེ•ཐེ་སི་ཐོད་ཧྥེ་རེ(Irene Testot-Ferry)སོགས་ཀྱི་དབྱིན་འགྱུར་མ་གསུམ་དང་ཀྲོ་ཁེ་ཤི(周克希)སོགས་ཀྱི་རྒྱ་འགྱུར་མ་གསུམ་བཅས་འགྱུར་དེབ་མི་འདྲ་བ་དྲུག་ལ་གཞི་བཅོལ་ནས2012ལོའི་དགའ་ལྡན་ལྔ་མཆོད་ཀྱི་ཕྱི་ཉིན་བོད་ཡིག་ཏུ་བསྒྱུར་ནས་གྲུབ།    དེའི་རྗེས་ལའང་འགྱུར་བཅོས་ལན་དུ་མ་བྱས་ནས་སྐུ་ཞབས་ལྗང་བུ་དང་སྐྱབས་ཆེན་བདེ་གྲོལ་གཉིས་ལ་ཚར་རེ་ཨི་མེལ་གྱི་ལམ་ནས་བཏང་སྟེ་འགྱུར་ལ་ནོར་བཅོས་ཀྱི་དགོངས་འཆར་སྩོལ་བར་ཞུས།

ལོ་དུ་མའི་སྔོན་ནས་བཟུང་ཁ་བ་བོད་པའི་ལོ་ཙཱ་བ་དག་ཀྱང་གློ་བུར་གཉིད་ལས་སད་པ་ལྟར་དེབ་ཕྲེང་འདི་རང་ལ《རྒྱལ་སྲས་ཆུང་ངུ》དང《རྒྱལ་སྲས་ཆུང་ཆུང》།  《རྒྱལ་སྲས་གཞོན་ནུ》སོགས་བོད་འགྱུར་མི་འདྲ་བ་ཁ་ཤས་བྱུང་།    ཁོ་བོས་ཀྱང་རང་འགྱུར་དེ་དཔར་ཐུབ་ན་སྙམ་མོད་རྐྱེན་གང་མང་དབང་གིས་ད་བར་དུ་ལུས།   ད་རེས་རྩོམ་སྒྲིག་པ་བསོད་ནམས་མཚོ་ཡིས་མི་རིགས་དཔེ་སྐྲུན་ཁང་དུ་པར་ལ་འདེབས་འཆར་གྱི་སྐོར་ལབ་པར་བརྟེན་བསྐྱར་དུ་ཐེ་སི་ཐོད་ཧྥེ་རེ་དང་། ཁེ་སེ་རེན•ཝུ་རྫི(Katherine Woods)།   རི་ཆར་ངྷི•ཧཱ་ཝོར་ངྷི(Richard Howard)།    ཁུ་ཧྥེ (T. V. F. Cuffe)བཅས་ཀྱི་དབྱིན་འགྱུར་མ་བཞི་ལ་གཞི་བཅོལ།    ཀྲོ་ཁེ་ཤི་སོགས་ཀྱི་རྒྱ་འགྱུར་འགའ་དང་གོང་གསལ་བོད་འགྱུར་གསུམ་བཅས་འདི་དག་བཀླགས་ཤིང་བསྡུར་པ་ལ་བརྟེན།  འགྱུར་འདིའི་མིང་ཚིག་བརྗོད་པ་གསུམ་གྱི་ནོར་བ་དག་ལ་ཞུ་དག་ཞིབ་ཆ་དོད་པ་ཞིག་གི་ཁུལ་བྱས་མོད།    ཤིང་ཚེར་མེད་རྒྱ་རྫོང་ནགས་ན་མེད་པའི་དཔེ་ལྟར་ངེས་ན་འོ་མའི་ནང་ནས་སྤུ་འདོན་པའི་ལས་ཀ་གང་དེ་ལོ་ཙཱའི་སྐྱོན་བརྗོད་པ་དང་ཀློག་པ་པོ་ཁྱེད་ཅག་ལ་རྗེས་སུ་བསྐྱུར་བ་ཡིན་ཏེ་དེ་ཙམ་གྱིས་འཐུས་པར་བྱའོ། །

འདིར་དམིགས་བསལ་དུ་དེབ་འདིའི་རྩོམ་སྒྲིག་པ་མཛངས་མ་བསོད་ནམས་མཚོ་དང་། དེབ་འདི་ལ་དགོངས་འཆར་དང་རོགས་རམ་སྩོལ་མཁན་སྐུ་ཞབས་ལྗང་བུ་དང་སྐྱབས་ཆེན་བདེ་གྲོལ།  སྙན་བཟང་གཡུང་དྲུང་ཚེ་རིང་།  མདའ་ཚན་པ་བླ་མ་སྐྱབས་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུའོ།  །

འགྱུར་དེབ་འདི་ནི་བདག་གི་རྒྱལ་སྲས་ཆུང་ཆུང་སྟེ་གཅེས་པའི་བུ་ཆུང་ནོར་བཟང་རྒྱལ་དང་ཁོའི་སྐྱེད་མ་བདེ་ཆེན་དབང་མོ་གཉིས་ལ་ལེགས་སྐྱེས་ཤིག་གི་ཚུལ་དུ་ཕུལ་བའོ། །

         རྒན་པ་མཐའ་དག་བྱིས་པའི་ལོངས་སྤྱོད་རྙེད་གྱུར་ཅིག

                       ཞེས་སྒྱུར་པ་པོ་ནས་སྤྱི་ལོ2016ལོའི་ཟླ10པའི་ཚེས24ཉིན།

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།