གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཐེམ་ཆེན་ཡུལ་གྱི་དཔེ་ཀློག་དང་འབྲེལ་བའི་འདུ་འཛོམས་སྐབས་གཉིས་པ་བསྡུས་པ།

2017-02-07 13:10:34 རྩོམ་པ་པོ་མི་གསལ། ཀློག་གྲངས། མཆན ཡོད།


མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འཕྲིན། 2017ལོའི་ཟླ2པའི་ཚེས5ཉིན། ཐེམ་ཆེན་རྫོང་སེང་གེ་མགྲོན་ཁང་ཆེན་མོ་རུ་ཐེམ་ཆེན་ཡུལ་གྱི་དཔེ་ཀློག་དང་འབྲེལ་བའི་ཁ་བརྡའི་འདུ་འཛོམས་སྐབས་གཉིས་པ་བསྡུས། འདུ་འཛོམས་སྟེང་དེང་རབས་བོད་ཀྱི་གཞོན་སྐྱེས་སྙན་ངག་པ་དང་གངས་རྒྱན་མེ་ཏོག་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་མོག་བུ་ཡེ་ཤེས་སྐྱབས་དང་མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་གཞུང་ལས་ཁང་གི་སྐུ་ཞབས་ཀུན་གྲགས། མཚོ་ནུབ་ཁུལ་གློག་བརྙན་འཕྲིན་ཁང་གི་མདོ་འཛིན་པ་ཀླུ་འབུམ་ཚེ་རིང་། ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་དང་པོའི་སློབ་གཙོ་དགྲ་ལྷ་རྒྱལ། ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རིག་གནས་སློབ་གླིང་གི་ཞིབ་འཇུག་སློབ་མ་དཔལ་མགོན་ཚེ་རིང་། མཚོ་སྔོན་རི་དཀར་པོ་གློག་བརྙན་འཕྲིན་རིག་གནས་ཁྱབ་སྤེལ་ཀུང་ཟིའི་སྤྱིའི་འགན་འཛིན་པ་ཟུར་ཚང་དབང་གྲགས། མཚོ་སྔོན་མི་རིགས་གློག་བརྙན་འཕྲིན་བསྒྱུར་སྐྲུན་ལྟེ་གནས་ཀྱི་སྐད་སྒྱུར་བ་འབྲུ་ཚ་རིན་ཆེན་མཁར་དང་གངས་བུ་སྒྲོལ་ལོག་གཙོས་ཐེམ་ཆེན་རྫོང་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་དང་སློབ་མ། སློབ་ཆེན་ཞིབ་འཇུག་སློབ་མ་དང་དངོས་གཞིའི་སློབ་མ་བཅས་མི་སྣ་བདུན་བཅུ་ལྷག་འདུ་འཛོམས་ལ་ཞུགས་ཏེ། རང་རང་སོ་སོས་དཔེ་ཀློག་དང་འབྲེལ་ནས་རང་རང་གི་མཐོང་ཐོས་མྱོང་གསུམ་ལྷུག་བརྗོད་བྱས།

IMG_1548.JPG

ཐེངས་འདིའི་དཔེ་ཀློག་དང་འབྲེལ་བའི་འདུ་ཚོགས་ཀྱི་གཙོ་སྒྲུབ་པ་རྣམས་ཀྱིས་རང་ཕ་ཡུལ་གྱི་སློབ་ཆེན་སློབ་མ་ཚོར་རྟིང་སྐུལ་དང་རྒྱབ་སྐྱོར་གྱི་ཚུལ་དུ་སློབ་ཆེན་ལོ་རིམ་དང་པོ་དང་གཉིས་པའི་སློབ་མ་སུམ་ཅུ་ལྷག་ལ་སློབ་གསོའི་སྐོར་གྱི་དཔེ་དེབ་དང་ཁ་བཏགས་རེ་ཕུལ་ཞིང་། གཙོ་སྒྲུབ་པ་སངས་རྒྱས་དོན་གྲུབ་ཀྱིས་ཁོ་ཚོས་བསླབ་འབྲས་བཟང་བོ་ལོན་པར་རྟེན་འབྲེལ་ཞུས་པ་དང་ཆབས་ཅིག ཁོ་ཚོའི་སློབ་སྦྱོང་གི་མདུན་ལྗོངས་སྔར་ལས་ཡངས་པའི་བཀྲ་ཤིས་སྨོན་འདུན་ཞུས། གཞན་ཐེངས་འདིའི་དཔེ་ཀློག་དང་འབྲེལ་བའི་འདུ་འཛོམས་འདི་ཁ་བརྡའི་ཚུལ་གྱིས་སྤེལ་ནས་སྙན་ངག་པ་དང་དགེ་རྒན་གཙོའི་ཚོགས་ཞུགས་མི་རྣམས་ཀྱིས་རང་རང་གི་དཔེ་ཀློག་མྱོང་ཚོར་དང་བརྒྱུད་སློབ་ཆེན་སློབ་མ་ཚོའི་རང་རང་གི་བལྟ་ཚུལ་ལྷུག་པོར་བརྗོད་པ་མ་ཟད། ད་ལྟའི་སློབ་ཆེན་པའི་སྡེ་ཡི་དཔེ་ཀློག་སྣང་ཚུལ་དང་རིག་གནས་སློབ་གསོ་སོགས་ཀྱི་ཐད་ནས་ཀྱང་མི་རང་གི་བསམ་ཚུལ་ཕན་ཚན་ལ་བརྗེ་རེས་བྱས། མཐར་འབྲུ་ཚ་རིན་ཆེན་མཁར་གྱིས་བཀྲ་ཤིས་པའི་གླུ་ཡག་ཅིག་གིས་ཐེངས་འདིའི་ཁ་བརྡའི་འདུ་འཛོམས་ལ་སྨོན་འདུན་ཕུལ་བ་དང་བཅས་དུས་ཚོད་བཞིའི་རིང་གི་ཁ་བརྡ་འམ་བསམ་བློ་བརྗེ་རེས་ཀྱི་འདུ་འཛོམས་ཀྱང་མཇུག་བསྡུས།


རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།