གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྒྱལ་སྤྱིའི་མདོ་སྨད་དཔྱད་གླེང་ཚོགས་འདུ་སྐབས་གཉིས་པ་ཡོ་རོབ་ཕི་རཱ་གྷི་ནས་བསྡུས་པ།

2017-02-11 14:51:37 གུ་རུ་སྐྱབས། སྒར་བ་ཚེ་བཀྲ ཀློག་གྲངས། མཆན ཡོད།

མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འཕྲིན། 2017ལོའི་ཟླ1པའི་ཚེས29ནས31བར། རྒྱལ་སྤྱིའི་མདོ་སྨད་དཔྱད་གླེང་ཚོགས་འདུ་སྐབས་གཉིས་པ་ཡོ་རོབ་ཇེག(Czech)རྒྱལ་ཁབ་ཀྱི་རྒྱལ་ས་ཕི་རཱ་གྷི(Prague)ནས་བསྡུས། སྐབས་འདིར་ཡུལ་གྲུ་སོ་སོ་ནས་འབྱོར་བའི་བོད་རིག་པའི་ཆེད་མཁས་པ་དང་ཉམས་ཞིབ་པ36ལྷག་ཚོགས་འདུར་དངོས་སུ་ཞུགས་ཤིང་འབྲེལ་ཡོད་ཀྱི་དཔྱད་རྩོམ་སྒྲོག་སྦྱོང་བྱས། ཐེངས་འདིའི་དཔྱད་གླེང་གི་བརྗོད་གཞི་ལ་རྩོམ་རིག་དང་། ཆོ་ག རིག་གནས། ལོ་རྒྱུས། དེང་རབས་སྤྱི་ཚོགས་བཅས་རིགས་ཆེན་པོ་ལྔར་ཕྱེས་ཤིང་། བྱེ་བྲག་ཏུ་ཆོས་ལུགས་དང་ཡུལ་སྲོལ། སྐད་ཡིག སློབ་གསོ་སོགས་ཀྱང་འདུས་སོ།།

IMG_1719.JPG
ཚོགས་ཞུགས་ལྷན་རྒྱས་ཡོངས།

IMG_1718.JPG
ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཚོགས་ཞུགས་པ་དག

IMG_1725.JPG
དགེ་རྒན་ཆེན་མོ་ཆཱར་ལེ་སི་རཱམ་བྷོ(Charles Ramble)

IMG_1723.JPG
དགེ་རྒན་ཆེན་མོ་དྷ་ནེལ་བྷེ་རོའུ་སི་ཀི(Daniel Berounsky)

IMG_1720.JPG

བོང་རྫིའམ་བློ་བཟང་ཡོན་ཏན།

འདིར་ཚོགས་ཞུགས་པ་རྒན་གྲས་འགའི་གླེང་གཞི་འགོད་པ་ལ།   ཨོ་སི་ལོ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཕེར་ཀ་ཝེར་ནེ(Per Kvarne)ལགས་ཀྱིས་ཧོར་བཙུན་བསྟན་འཛིན་བློ་གྲོས་རྒྱལ་མཚན་གྱི་བརྩམས་ཆོས་སྤྱི་དང་། སྒོས་སུ་ཁོང་གིས་མཛད་པའི་སྙན་ངག་གི་ཚིག་མཛོད་ཅིག་བཞུགས་པ་ཆེད་དུ་ངོ་སྦྱོར་གནང་།  ཧྥ་རན་སིའི་སཱོར་བྷོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཆཱར་ལེ་སི་རཱམ་བྷོ(Charles Ramble)ལགས་ཀྱིས་བོན་གྱི་ལེའུ་ལུགས་ཀྱི་བྱ་རྡང་ཆོ་གའི་སྐོར་དང་།  ཆར་ལེ་སི་སློབ་ཆེན་གྱི་དྷ་ནེལ(Daniel Berounsky)ལགས་ཀྱིས་བོན་གྱི་ས་བདག་འབུམ་གྱི་སྐོར་ལ་དཔྱད་ཞིབ་སྙན་ཞུ་ཕུལ། ཨོག་སི་ཧྥོར་ཌི་སློབ་ཆེན་གྱི་ཧྥརན་ཟ་ལགས་ཀྱིས་ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ《སྨུག་པ》ཡི་མཚོན་དོན་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་གཙོར་བཟུང་ནས་དེང་རབས་བོད་ཀྱི་སྒྲུང་གཏམ་གྱི་དབང་ཤུགས་ཀྱི་མཚོན་ཐབས་ཇི་ལྟ་བུ་ཡིན་ཚུལ་སྐོར་སྒྲོག་སྦྱོང་གནང་བ་དང་། འཇར་མན་བྷོན་སློབ་ཆེན་གྱི་བོང་རྫིའམ་བློ་བཟང་ཡོན་ཏན་ལགས་ཀྱིས་དོན་གྲུབ་རྒྱལ་གྱི《ལང་ཚོའི་རྦབ་ཆུའི》རྩོམ་ཐབས་དང་སྐད་ཆའི་ཁྱད་ཆོས་གཙོར་བཟུང་སྟེ་བོད་ལ་རང་མོས་སྙན་ངག་ཇི་ལྟར་བྱུང་ཚུལ་དང་དོན་གྲུབ་རྒྱལ་གྱི་བརྩམས་ཆོས་ལ་བསྐྱར་དུ་གདེང་འཇོག་བྱེད་དགོས་ཚུལ་གླེང་།  ཡུན་རིང་བོར་མདོ་སྨད་ཕྱོགས་ཀྱི་སློབ་གསོ་ལ་ཉམས་ཞིབ་གནང་བའི་ཞིབ་འཇུག་པ་ཨ་ཊི་རེན(Adrain Zenz)ནམ་རིག་འཛིན་རྡོ་རྗེ་ཡིས་མཚོ་སྔོན་ཞིང་ཆེན་གྱི་སློབ་གསོའི་གནས་སྟངས་དང་སློབ་གྲྭ་སོ་སོས་སློབ་མ་བསྡུས་པའི་ཁ་གྲངས།  སློབ་གྲྭ་ལས་ཐོན་རྗེས་ལས་རིགས་གང་དག་གཉེར་གྱིན་ཡོད་མེད་སོགས་ལ་གྲངས་ཀས་ལམ་ནས་དཔྱད་ཅིང་སྲིད་ཇུས་དང་སློབ་གསོའི་འབྲེལ་བ་གླེང་བར་བྱས། 

འཇར་མན་ལེབ་ཟིག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཕེར་སོ་རོ་སོན(Per Sorensen)དང་ཇཱར་མི་ལཱ(Jarmila Ptackova)གཉིས་ནས་མི་རིང་བར་བྱེད་འཆར་གྱི་ཞིབ་འཇུག་ལས་གཞི་ཞིག་སྟེ། དུས་རབས14བ་ནས17པའི་བར་གྱི་མཚོ་སྔོན་པོའི་མཐའ་འཁོར་གྱི་སྲིད་དང་དབང་གི་སྐོར་གྱི་ཞིབ་འཇུག་ལས་ཀ་ངོ་སྤྲོད་གནང་། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་སུའུ་ཧྥ་ཞང་གིས་རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་གསང་རྣམ་དང་འབྲེལ་ཏེ་ཁོང་གི་སྐུ་ཚེ་སྨད་ལ་མདོ་སྨད་དུ་མཛད་པ་ཇི་ལྟ་བུར་བསྐྱངས་ཚུལ་སྐོར་ནས་སྙན་ཞུ་ཕུལ།  

ཐེངས་འདིར་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིག་པ་ཞིབ་འཇུག་གླིང་དང་།  ཀྲུང་དབྱང་མི་རིགས་སློབ་ཆེན་མིའི་རིགས་རིག་པ་དང་སྤྱི་ཚོགས་རིག་པ་ཞིབ་འཇུག་གླིང་ནས་ཁྱོན་དགེ་སློབ་དགུ་ཙམ་དང་། ནོར་ཝེ་ཨོ་སི་ལོ་སློབ་ཆེན་ནས་བོད་པ་འབུམ་རམས་པའི་སློབ་མ་བཞི་སླེབས་ཡོད་པས།  ཐེངས་འདིའི་ཚོགས་ཞུགས་པ་མང་ཤོས་ཀྱི་ལས་ཁུངས་གཉིས་སུ་ཆགས་འདུག

རྒྱལ་སྤྱིའི་མདོ་སྨད་དཔྱད་གླེང་ཚོགས་འདུ་སྐབས་དང་པོ་ནི་འཇར་མན་རྒྱལ་ས་བྷེར་ལིན་ནས་བསྡུས་པ་དང་།   སྐབས་གསུམ་པ་འཚོག་འཆར་ཡོད་ཀྱང་།  འཚོག་ཡུལ་དང་འཚོག་དུས་ད་དུང་ཐག་བཅད་མེད་དོ།།


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།