གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་ཀྱི་རྩོམ་པ་པོ་གྲགས་ཅན་ནག་པོ་སྐལ་བཟང་སྐུ་གཤེགས་པ།

2018-04-05 10:01:36 མཆོད་མེ་དྲ་བ། ཀློག་གྲངས། མཆན ཡོད།

IMG_0475.JPG

  བོད་ཀྱི་རིགས་དབྱེའི་བརྩམས་སྒྲུང(類型小說,Genre  Fiction)རྩོམ་པ་པོ་དང་། དུས་ཡུན་རིང་བོར《གངས་རྒྱན་ན་ཆུང་ཚགས་པར》གྱི་རྩོམ་སྒྲིག་པའི་ཕྱག་ལས་གནང་མཁན་ནག་པོ་སྐལ་བཟང་མཆོག་ཕྱི་ཟླ་བཞི་བའི་ཚེས་གསུམ་ཉིན་ཕ་ཡུལ་ནས་སྐུ་གཤེགས།
  ཁོང་ནི་ཕྱི་ལོ་1955ལོར་རེབ་ཀོང་གླིང་རྒྱ་རུ་གོང་མ་སྡེ་བར་སྐུ་འཁྲུངས་པ་དང་། 1982ལོར་མཚོ་སྔོན་མི་རིགས་སློབ་ཆེན་ནས་མཐར་ཕྱིན་ཅིང་ད་ལྟའི་བར་དུ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་རྩོམ་སྒྲིག་པའི་ཕྱག་ལས་གནང་། ཁོང་གི་བརྩམས་ཆོས་དེ་སྔ་པར་དུ་བཀོད་པ་ལ་ཡིག་འབྲུ་འབུམ་བཞིའི་བདག་ཉིད་ཅན་གྱི་དྲག་རྩལ་བརྩམས་སྒྲུང《ཀླུ་འབུམ་མི་རྒོད》དང་། འདྲེ་སྒྲུང《བྲེད་ཤ་ལངས་པའི་མཚར་གཏམ》  རིགས་པ་ཕུ་འདེད་ཀྱི་སྒྲུང《དམྱལ་ཟངས་ནང་ན་ཀུ་རེ་མེད》སོགས་རིགས་དབྱེའི་བརྩམས་སྒྲུང་ཁག་དང་། རྒྱ་ཡིག་གི་ལམ་ནས་བྲིས་པའི《བོད་ཀྱི་བྱུང་བ་བརྗོད་པ》དང་། 《བོད་ཀྱི་མི་གྲངས》 བོད་རྒྱ་ཡིག་རིགས་གཉིས་སྤེལ་མར་བྱས་པའི《བོད་བརྒྱུད་ནང་བསྟན་ལྷ་རིས་སྒྱུ་རྩལ》སོགས་ཡོད།
  རིགས་དབྱེའི་བརྩམས་སྒྲུང་ནི་སྲོལ་རྒྱུན་གྱི་སྤྱིར་བཏང་གི་རྩོམ་རིག་དང་མི་འདྲ་བར་ཀློག་བདེ་ཞིང་གོ་སླ་ལ། རྩོམ་ལུས་ཀྱི་རིགས་ཧ་ཅང་གསལ་བའི་རྩོམ་ཐབས་ཡན་གར་བ་ཞིག་སྟེ། དེའི་ཁོངས་སུ་སྒྱུ་འཕྲུལ་གྱི་སྒྲུང་དང་། འདྲེ་སྒྲུང་། ཕོ་མོའི་བརྩེ་དུང་བརྗོད་པའི་སྒྲུང་། ཆགས་སྲེད་ཀྱི་སྒྲུང་། ཚན་རིག་རྟོག་སྒྲུང་། རིགས་པ་ཕུ་འདེད་ཀྱི་སྒྲུང་སོགས་ཡོད་པ་དང་། ནུབ་ཀྱི་རྒྱལ་ཁབ་ཁག་གི་དེབ་ཁང་དུ་སྤྱིར་བཏང་གི་རྩོམ་རིག་བརྩམས་དེབ་དང་རིགས་དབྱེའི་བརྩམས་སྒྲུང་གཉིས་དཔེ་སྒྲོམ་མི་འདྲ་བར་བཀར་ནས་འཚོང་སྲོལ་ཆགས་འདུག
  ནག་པོ་སྐལ་བཟང་མཆོག་གིས་བརྗོད་དོན་གཏིང་ཟབ་པར་བརྩོན་པའི་སྤྱིར་བཏང་གི་རྩོམ་རིག་གསར་རྩོམ་ལས་ལོགས་སུ་གྱེས་ཏེ་བོད་ཀྱི་རིགས་དབྱེའི་བརྩམས་སྒྲུང་གི་རྨང་འདིང་བར་བརྩོན་པ་ཡིས་བོད་ཀྱི་རྩོམ་རིག་བརྩམས་ཆོས་ཉིད་ཡོན་ཚད་མི་འདྲ་བ་དང་། ལས་ཀ་མི་འདྲ་བའི་མི་མང་པོའི་བཀླག་བྱར་འགྱུར་འོས་པའི་འདུན་པ་མངོན་པར་མཚོན་ཞིང་བོད་ཀྱི་རྩོམ་རིག་ལ་གདམ་ཀ་གཞན་ཞིག་ཡོད་པའང་དངོས་སུ་ར་སྤྲད་ཡོད།


རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།