གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་དེབ《དུག་མཚོན་གྱིས་རྨས་པའི་གླུ》དང་《ཆོབ་ཚ་བོ》གཉིས་དཔར་དུ་བསྐྲུན་པ།

2018-10-21 21:35:34 རྩོམ་པ་པོ་མི་གསལ། ཀློག་གྲངས། མཆན ཡོད།

image001.jpg

ཀློག་པ་པོ་ལགས།
ཁྱེད་ཀྱིས་ཤོག་བུ་འདི་དག་གི་སྒོ་གླེགས་དལ་གྱིས་འབྱེད་རོགས།
ཤོག་བུའི་ངོས་སུ་ལྕགས་ལོང་བསྐོན་མེད་ལ།
ལྕགས་ཟྭ་ཡང་བརྒྱབ་མེད།
འདི་ནི་ཤིང་ཁང་གི་སྒོ་མོ་ཞིག་ལྟར།
ཁྱེད་ཀྱི་ལག་པས་བྱིལ་བྱིལ་གནང་ཞོར་དལ་གྱིས་འབྱེད་ཆོག
ཁོ་བོའི་རེ་ལྟོས་ཉག་གཅིག་ཀྱང་ཁྱེད་ཀྱི་འཇམ་མཉེན་གྱི་ལག་ཟུང་ལ་ཐུག་རེག་བྱ་རྒྱུ་དེའོ།།

 image003.jpg


ཁོ་བོའི་སྒེར་དེབ་གཉིས་པ་<དུག་མཚོན་གྱིས་རྨས་པའི་གླུ>ཞེས་བྱ་བ་འདི་ནི་བགྲང་བྱ་རེ་གཉིས་ལ་བྲིས་པའི་ལེགས་རྩོམ་དག་ཕྱོགས་གཅིག་ཏུ་བསྡུས་པ་ཞིག་ཡིན་ལ། རེ་འགའ་མ་གཏོགས་ད་སྔ་དྲ་དེབ་ཚགས་གསུམ་གྱི་སྡིངས་ཆར་བཀོད་མྱོང་མེད་པའི་སྙན་ངག་གསར་བ་ཤ་སྟག་ཡིན། དེ་ཡང་ལོ་ངོ་འདི་དག་གི་རིང་ལ་མི་སྒེར་གྱི་མྱོང་བ་དང་སྒྱུ་རྩལ་གྱི་གོ་རྟོགས་སོགས་ལ་བརྟེན་ནས་སྙན་ངག་གི་རྣམ་ཤེས་མང་ཙམ་མགར་ཅིང་། དེའི་ཁྲོད་ཀྱི་ཅུང་ལེགས་ཤོས་ཀྱི་སྙན་ངག་དག་དེབ་འདིར་བདམས་ནས་ཀློག་པ་པོ་ལྷན་རྒྱས་ལ་གཟིགས་རྟེན་དུ་ཕུལ་བ་ཡིན། ཉིད་ཀྱིས་བག་ལྷོད་པོའི་ངང་ཤོག་བུ་རེ་རེའི་སྒོ་མོ་དལ་གྱིས་ཕྱེ་དང་། ཁྱེད་ཉིད་སྙན་ངག་གི་ཞིང་ཁམས་གཞན་ཞིག་ཏུ་བསླེབ་པར་ཁོ་བོར་ཡིད་ཆེས་མཆིས་སོ།།

image007.jpg

《ཆོབ་ཚ་པོ》

 
image005.jpg

དཀར་ཆག་གི་ཟུར་ངོས་ཤིག


སྟོང་ལོ་བཅུ་གཉིས་པ་སྟེ། མཐོ་འབྲིང་སློབ་མཐར་མ་ཕྱིན་ལ། སློབ་ཆེན་གྱི་སྒོ་ཐེམ་དུའང་གོམ་པ་སྤོ་མ་ཐུབ་པའི་ཁོ་བོས་རང་མོས་སྙན་ངག་བསྡུས་དེབ《ཚེར་བསྟར་ལྗང་ལོ》པར་དུ་བསྐྲུན་མྱོང་།  ད་ལྟ་ཁ་ཕྱིར་འཁོར་ཚེ། མི་ལོ་དྲུག་སྐད་ཅིག་གིས་འདས་ཚར་ནའང་། ཟླ་བ་གཅིག་ལྷག་གི་དུས་ཚོད་སྤྱད་དེ་སྟོང་ལོ་བཅུ་གསུམ་པ་ནས་བཅོ་བརྒྱད་པའི་བར་སྙན་ངག་ཡིན་ལོ་སྐད་ཉིས་སྟོང་ལྷག་ཤོག་ངོས་དང་གློག་ཀླད། ཁ་པར་བཅས་སུ་བྲིས་འདུག་པ་ལས་སྙན་ངག་བརྒྱ་དང་གོ་བཞི་གཅེས་པར་བསྡུས་ཏེ་པར་དུ་བཏབ་ཡོད། དེབ་འདིར་སྙན་ངག་རིང་མོ《དཔྱིད་ངན་མ》གཙོ་བྱས་ཏེ་བརྒྱ་ཆའི་གོ་དགུ་སྔོན་ཆད་ཕྱིར་དགྲམ་མ་མྱོང་བ་ཁོ་ནས་གྲུབ་པར་བྱས་ཡོད་ལ། དོན་གྱི་ཆ་ནས་ཀྱང་སྙན་ངག་གཙང་རྐྱང་བ་དང་སྤྱི་ཚོགས་ཀྱི་སྙན་ངག་སྟེ། ནང་དོན་མི་འདྲ་བ་ཁག་གཉིས་སུ་བཀར་ཡོད།

ཁོའི(འཕྱན་བྷང)སྙན་ངག་དག་བཀླགས་པའི་གོ་རིམ་ཁྲོད་དུ་ང་ལ་རྒྱུན་པར་བྱུང་བའི་ཚོར་སྣང་ནི། ཚིག་དང་ཐ་སྙད་ཀྱི་ངོས་ནས་རྗོད་པ་སྤྱི་འགྲོས་ལས་བརྒལ་ཅི་ཐུབ་བྱེད་པ་དང་། དེ་ལ་ཕྱོགས་ཤིག་ནས་རང་བཞིན་མ་ཡིན་པར་ཨུ་ཚུགས་ཀྱིས་ཚོར་བའི་ཁ་དཀྱུ་ཅི་ཐུབ་བྱེད་པ་ལྟ་བུའི་ངང་ཚུལ་ཞིག་སྙན་ངག་རེ་ཟུང་མ་ཡིན་པར་སྤྱི་ཡོངས་སུ་མངོན་འདུག་ལ། དེ་མིན་ཆོས་ཉིད་ཀྱི་བརྡ་ཐབས་མཁྲེགས་གཟུགས་ཅན་དག་ལས་སྟོན་དགོས་པའི་ངལ་བ་ཅི་རིགས་ལོགས་སུ་སྤངས་བའི་འོག་རིག་པ་འཛིངས་བ་ཅན་གྱི་ཚིག་དོན་ལྷག་མའི་སྤུངས་བ་དང་། ཚིག་གི་བེད་མེད་རྒྱས་སྤྲོས་ཀྱི་སྤུངས་བ་སོགས་ཆེར་མི་དམིགས་པར་ངོས་གཙང་སྟབས་བདེ་ཡི་ཐབས་རྩལ་རང་བཞིན་དོད་པའི་སྙན་ངག་རེ་ཟུང་ཡང་ལེགས་གྲུབ་བྱུང་ཡོད་པར་སྙམ་མོ།།

                                                                                 __________མ་ཎི་དོན་གྲུབ་ཀྱིས།


རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)


རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།