གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

《ཐར་ལོ》ཞེས་པའི་དེབ་ཀྱི་དབུ་འབྱེད་མཛད་སྒོ་པེ་ཅིང་ནས་འཚོགས།

2019-04-15 22:03:14 བཀྲ་ཤིས་ཕུན་ཚོགས། ཀློག་གྲངས། མཆན ཡོད།

མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འཕྲིན། 2019ལོའི་ཟླ4པའི་ཚེས11ཉིན། པད་མ་ཚེ་བརྟན་གྱི་བརྩམས་སྒྲུང་བོད་འགྱུར་མ《ཐར་ལོ》ཡི་དབུ་འབྱེད་མཛད་སྒོ་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་བསྡུས། བོད་རིག་པ་ཞིབ་འཇུག་གླིང་གི་དགེ་རྒན་བྱམས་ཕྲུག་གམ་བན་དེ་མཁར་གྱིས་མདོ་འཛིན་བྱས་ཤིང་། འཁྲབ་ཁྲིད་པ་པདྨ་ཚེ་བརྟན་དང་། བཀྲ་བྷ། ལྷ་བྱམས་རྒྱལ། ལྡོང་བུ། བཙུན་པོ་དོན་གྲུབ། གཡུ་ཆུང་། ཚེ་དབང་རྣམ་རྒྱལ། སྙན་བུ་བཅས་དབུ་འབྱེད་མཛད་སྒོར་ཞུགས་ནས་གཏམ་བཤད། གཞན་ཚོགས་ཞུགས་མི་སྣར་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་སློབ་རྣམས་དང་པེ་ཅིང་དུ་ཡོད་པའི་བོད་ཀྱི་སློབ་ཆེན་པ་དང་ལས་བྱེད་མི་སྣ་སོགས་ཡོད། པདྨ་ཚེ་བརྟན་གྱི་བརྩམས་སྒྲུང་བོད་འགྱུར་མ《ཐར་ལོ》ནི། ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་གི་དགེ་རྒན་བན་དེ་མཁར་གྱིས་རྩ་འཛུགས་བྱས་ཏེ། 2014ལོའི་བོད་རིག་པ་ཞིབ་འཇུག་གླིང་གི་སྐད་ཡིག་རྩོམ་རིག་འཛིན་གྲྭ་དང་ལོ་ཙཱ་འཛིན་གྲྭ་གཉིས་ཀྱི་སློབ་མ55ཡིས་ལོ་ངོ་གཅིག་ལྷག་གི་རིང་བསྒྱུར་པ་ཡིན་ལ། 2018ལོའི་ཟླ11པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམ་སྤེལ་བྱས། དེར་པད་མ་ཚེ་བརྟན་གྱི་རྒྱ་ཡིག་གི་བརྩམས་སྒྲུང་དག་ལ་ད་སྔ་བོད་ཡིག་ཏུ་བསྒྱུར་མེད་པ་16བདམས་ཡོད།

དགོང་མོའི་ཆུ་ཚོད19སྟེང་། བོད་རིག་པ་ཞིབ་འཇུག་གླིང་གི་དགེ་རྒན་བན་དེ་མཁར་གྱིས་མདོ་འཛིན་བྱས་ཏེ་དབུ་འབྱེད་མཛད་སྒོ་དངོས་སུ་འགོ་བརྩམས། དབུ་འབྱེད་མཛད་སྒོར་རྒན་བཀྲ་བྷ་ཡིས་ཚོགས་ཞུགས་མི་སྣ་རྣམས་ལ་མཚམས་འདྲི་ཞུས་ཤིང་། འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་བརྩམས་སྒྲུང་ལ་རྒྱའི་ཀློག་པ་པོའི་ཁྲོད་དུ་ཤུགས་རྐྱེན་ཆེ་ནའང་། བོད་ཡིག་ཏུ་སྔོན་ཆད་འགྱུར་མེད་པས། ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་གི་དགེ་རྒན་བན་དེ་མཁར་གྱིས2014ལོའི་སྐད་ཡིག་རྩོམ་རིག་འཛིན་གྲྭ་དང་རྒྱ་བོད་ལོ་ཙཱ་འཛིན་གྲྭ་གཉིས་རྩ་འཛུགས་བྱས་ཐོག བོད་ཡིག་ཏུ་བསྒྱུར་ནས་ཐོག་མར་དཔར་དུ་བསྐྲུན་པ་ལ་རྟེན་འབྲེལ་ཞུས། ལྷ་བྱམས་རྒྱལ་གྱིས་འགྱུར་དེབ་《ཐར་ལོ》དང་འབྲེལ་པདྨ་ཚེ་བརྟན་གྱི་གསར་རྩོམ་གྱི་དུས་རིམ་མི་འདྲ་བ་སོ་སོའི་བརྩམས་སྒྲུང་གི་ཁྱད་ཆོས་ཞིབ་ཏུ་གླེང་སྟེ། རྒྱ་བོད་ལོ་ཙཱའི་ལས་ཀ་གཉེར་མཁན་ཀུན་ནས་མ་འོངས་པར་འདི་དང་འདི་འདྲ་བའི་ལོ་ཙཱའི་ལས་ཀ་དོན་སྙིང་དང་ལྡན་པ་བྱེད་དགོས་པའི་འབོད་སྐུལ་བཏང་། ལྡོང་བུས་འགྱུར་དེབ་《ཐར་ལོ》དཔར་དུ་བསྐྲུན་ནས་འགྲེམ་སྤེལ་བྱས་པར་རྟེན་འབྲེལ་ཞུས། བཙུན་པོ་དོན་འགྲུབ་ཀྱིས་འགྱུར་དེབ་《ཐར་ལོ》དང་འབྲེལ་ནས། བརྩམས་སྒྲུང་གི་མ་ཡིག་དང་འགྱུར་ཡིག་བར་གྱི་འབྲེལ་བ་དང་། སོ་སོའི་ངོས་ཐད་ནས་རིན་ཐང་མི་འདྲ་བ་ཡོད་ཅིང་། ལྷག་པར་འགྱུར་ཡིག་ལ་མཚོན་ན་མ་ཡིག་གི་དོན་སྙིང་དང་རིན་ཐང་གི་རྒྱུན་མུ་ནས་མུ་རུ་བསྲིངས་པ་ཡིན་པའི་སྐོར་བཤད། མཐར་ཁོ་རང་ཉིད་པད་མ་ཚེ་བརྟན་གྱི་བརྩམས་སྒྲུང་ཀློག་པ་པོ་ཞིག་ཡིན་པའི་ངོས་ཐད་ནས་པད་མ་ཚེ་བརྟན་གྱི་བརྩམས་སྒྲུང་གི་ཁྱད་ཆོས་ལ་དཔྱད་བརྗོད་རགས་རིམ་བྱས་ཤིང་། སླར་ཡང་ལོ་ཙཱས་རྩོམ་རིག་ལ་ཐོན་པའི་ནུས་པ་འགངས་ཆེ་ཚུལ་གླེང་། གཡུ་ཆུང་གིས་སྐད་ཡིག་གཞན་པའི་ལམ་ནས་བྲིས་པའི་སྒྲུང་གྲགས་ཅན་བོད་བསྒྱུར་བྱེད་དགོས་པའི་གལ་ཆེན་རང་བཞིན་དང་། དེས་བོད་ཀྱི་སྒྲུང་གཏམ་རྩོམ་རིག་ལ་ཐོན་པའི་ཕན་ནུས་བཤད། ཚེ་དབང་རྣམ་རྒྱལ་གྱིས་པད་མ་ཚེ་བརྟན་རྩོམ་རིག་གི་གར་སྟེགས་སུ་བུད་པ་ནས་བོད་ཀྱི་བརྩམས་སྒྲུང་ལ་འགྱུར་ལྡོག་བྱུང་བའི་འགོ་བརྩམས་ཤིང་། རྒྱ་ཡིག་གི་ལམ་ནས་བྲིས་པའི་པད་མ་ཚེ་བརྟན་གྱི་བརྩམས་སྒྲུང་དག་བོད་དུ་བསྒྱུར་བ་ནི་བོད་ཀྱི་རྩོམ་རིག་ལ་མཚོན་ན་དོན་སྙིང་ཆེན་པོ་ལྡན་པའི་བྱ་བཞག་ཅིག་ཡིན་པར་བཤད། སྙན་བུས་ཁོ་རང་ལ་ཆ་རྒྱུས་ཡོད་པའི་པད་མ་ཚེ་བརྟན་གྱི་བརྩམས་སྒྲུང་ཁ་ཤས་ལས་འཕྲོས་ཏེ། པད་མ་ཚེ་བརྟན་གྱི་རྒྱ་ཡིག་གི་བརྩམས་སྒྲུང་བོད་འགྱུར་མ་《ཐར་ལོ》ལ་རིན་ཐང་ངེས་ཅན་དང་དོན་སྙིང་ངེས་ཅན་ཡོད་པར་བཤད།


      དབུ་འབྱེད་མཛད་སྒོའི་ལས་རིམ་གཉིས་པར། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི2014ལོའི་དངོས་གཞི་སློབ་མ་ངག་དབང་རྒྱ་མཚོ་སོགས་ཀྱིས་འགྱུར་དེབ་《ཐར་ལོ》ཡི་ཁྲོད་ཀྱི་ཐར་ལོས་སྐྲ་བཞར་ཁང་དུ་སྐྲ་བཞར་བའི་གནས་སྐབས་ཀྱི་ཚན་པ་ཁ་ཤས་ཡུལ་སྐད་མི་འདྲ་བའི་ལམ་ནས་འཁྲབ་སྟོན་བྱས་ཤིང་། ཚོགས་ར་ཡོངས་སུ་དགོད་སྒྲ་དང་ལྷོད་བག་གི་ཉམས་ཤིག་བསྐྱིལ། དབུ་འབྱེད་མཛད་སྒོའི་མཇུག་ཏུ་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་དང་འགྱུར་དེབ་སྒྲིག་གཙོ་བྱམས་ཕྲུག་གཉིས་ཀྱིས་འགྱུར་དེབ་《ཐར་ལོ》དང་པད་མ་ཚེ་བརྟན་གྱི་གསར་རྩོམ། གློག་བརྙན་སོགས་དང་འབྲེལ་ཏེ་ཚོགས་ཞུགས་མི་སྣ་རྣམས་དང་བགྲོ་གླེང་བྱས།

པད་མ་ཚེ་བརྟན་གྱི་རྒྱ་ཡིག་གི་བརྩམས་སྒྲུང་བོད་འགྱུར་མ་《ཐར་ལོ》ནི་པད་མ་ཚེ་བརྟན་གྱི་རྒྱ་ཡིག་གི་བརྩམས་སྒྲུང་བོད་འགྱུར་མ་ཐོག་མ་ཡིན་པས་བོད་ཀྱི་རྩོམ་པ་པོའི་ལས་གཉེར་མཁན་ཀུན་གྱིས་དོ་སྣང་ཆེ་ཙམ་བྱས། འགྱུར་དེབ་《ཐར་ལོའི》དབུ་འབྱེད་མཛད་སྒོ་ནི་པེ་ཅིང་དུ་བཞུགས་པའི་བརྩམས་སྒྲུང་པ་དང་སྙན་ངག་པ་སོགས་བོད་ཀྱི་རྩོམ་རིག་གི་གར་སྟེགས་སུ་གོ་གནས་ངེས་ཅན་ཡོད་པའི་རྩོམ་པ་པོ་རྣམས་ཐེངས་འདིའི་དབུ་འབྱེད་མཛད་སྒོ་ལ་ཞུགས་ཡོད་པས། ཅིང་སྡོད་བོད་པ་དག་ལ་མཚོན་ན། འདི་ནི་རྩོམ་རིག་སྐོར་གྱི་གསོལ་སྟོན་ཆེན་མོ་ཞིག་ཏུ་བགྲང་ཆོག་འདུག


རྩོམ་སྒྲིག་པ། དབང་མོ།

  (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།