གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀླུ་སྨྱོན་ཧེ་རུ་ཀ

2008-12-07 14:30:00 tibetcm ཀློག་གྲངས། མཆན ཡོད།

རུས། སྨུག་པོ་ལྡོང༌། 
མཚན། ངག་བསྟན་ཡེ་རྒྱམ།
སྨྱུག་མིང༌། ཀླུ་སྨྱོན་ཧེ་རུ་ཀ དབྱངས་འཐུ།
འཁྲུངས་ཡུལ། བོད་ཆེན་པོ་མདོ་སྨད། ཁྲི་ཤོར་རྒྱལ་མོའི་ལྷོ་ཕྱོགས།
འཁྲུངས་སྐར། རིག་གསར་གྱི་རླུང་ནག་འཚུབ་མའི་དཀྱིལ་གྱི་དབྱར་ཟླ་དྲུག་པ་ཞིག
ད་ལྟའི་ལས་ཀ རྩོམ་སྒྲིག་པ། ནང་བསྟན་དང་བོད་ཀྱི་ཤེས་རིག་འཆད་ཁྲིད་སློབ་དཔོན།
གློག་འཕྲིན་ཡིག་སྒམ། tulku_yeshi@yahoo.com
ཡོན་ཚད། དབྱངས་གསལ་སོ་བཞི་འབྲི་ཀློག་ལ་ཐོགས་པ་མེད།
ལས་ཐོབ། རྩོམ་སྒྲིག་པ། ནང་བསྟན་དང་བོད་ཀྱི་ཤེས་རིག་འཆད་ཁྲིད་ཀྱི་སློབ་དཔོན།
རྩོམ་འབྲི་མགོ་རྩོམ་དུས། རང་ལོ་བཅུ་དྲུག་སྟེང༌།
དགའ་ཕྱོགས།(མང་དུ་བསྐང་ཡང་ཆོག) བཟའ་བཏུང་ཞིམ་པོ་དང་མཉམ་དུ་དེབ་ཀློག་རྒྱུ་དང༌། གློག་བརྙན་འདྲ་མིན་ལ་བལྟ་རྒྱུ། རང་སེམས་མི་ཐུལ་བའི་སྒོམ་སྒྲུབ་ལ་འཇུག་རྒྱུ།
ཚབ་མཚོན་བརྩམས་ཆོས།(གཅིག་ནས་གསུམ་པར་གང་རུང་འབྲི་ཆོག) ཚབ་མཚོན་ཟེར་མི་ཐུབ་ཀྱང༌། རང་ཉིད་ཀྱི་འདོད་པ་ཅུང་ཚིམ་པ་ནི།<<དམར་པོ་ཁྲག་གི་ཨོཾ>>དང་<<ཤམ་བྷ་ལའི་དམག་འཁྲུག>>ཟེར་བའི་གློག་བརྙན་འཁྲབ་གཞུང་གཉིས་དང༌། <<གཡག་གྲོང་ཁྱེར་གྱི་གཏམ་རྒྱུད>>ཟེར་བའི་བརྩམས་སྒྲུང་ཞིག་འབྲི་མྱོང༌།
ཉེ་བའི་འཆར་གཞི། སྐྱེ་བ་རྗེས་མར་དམྱལ་ཁམས་དང་དག་ཞིང་གང་རུང་ཞིག་ལས། འཇིག་རྟེན་མི་ཡུལ་དུ་གཏན་ནས་མི་སྐྱེ་བའི་ཕྱིར་རྭ་བཞི་རྐང་གསུམ་མགོ་གཉིས་ལག་པ་བདུན་གྱི་སྐྱེ་ཐང་ཞིག་བཞེང་རྩིས་ཡིན།
དད་པ་བྱེད་སའི་མི།(མང་དུ་བསྐང་ཡང་ཆོག) གལ་སྲིད་ཡིད་ཆེས་བྱས་ན་མི་བསླུ་བ་ཞིག་འཇིག་རྟེན་འདི་གམ་གཞན་ཞིག་ཏུ་ཡོད་ཚེ། དེ་ནི་ངའི་དད་པ་བྱེད་ས་དེ་ཡིན། ཆེས་ཀློག་སྤྲོ་བའི་དཔེ་དེབ།(མང་དུ་བསྐང་ཡང་ཆོག) སྐབས་རེར་ཉོན་མོངས་གོང་དུ་འཕེལ་བའི་དེབ་དང༌། མཚམས་རེར་ཉོན་མོངས་བག་ལ་སྙོལ་ཐུབ་པའི་དེབ། གློག་བརྙན་ཡང་དེ་བཞིན།
སོང་མྱོང་བའི་ས་ཆ། ལྷ་ལྡན་གྲོང་དང་ཟི་ལིང་གིས་གཙོས་པའི་བོད་ཀྱི་ས་ཆ་འགའ། རྒྱ་ནག་ལན་ཀྲུ། བལ་ཡུལ། རྒྱ་གར། ཕེ་ལན་སྒྲི། ཧོང་ཁོང༌། འཇར་པན། ཨ་རབ་མནའ་འབྲེལ་རྒྱལ་ཁབ། ཧྥ་རན་སི། ཨ་མེ་རི་ཁ།
ཆེས་བརྗེད་དཀའ་བའི་བྱ་བ། རང་ལོ་དྲུག་ལ་སོན་པའི་ཉིན་ཞིག རང་ཉིད་གང་ནས་ཡོང་བ་མ་ཤེས་པར་འཇིགས་སྣང་ཆེན་པོ་ཞིག་སྐྱེས་ཏེ་ཨ་མར་སྐད་ཆ་དྲིས་པ་དེ་སོགས་མང་ངོ༌།
ཁྱེད་ཀྱི་འདོད་པ་ལྟར་འཇིག་རྟེན་འདིའི་ངོ་བོ་ཚིག་གཅིག་གིས་མཚོན་དགོས་ན་ཚིག་དེ་ནི། དཀའ་བའི་ལས་དེ་མ་བྱས་ན། བདེ་མོའི་ཐང་ལ་སླེབས་ལེ་མིན།
བུད་མེད་ཀྱིས་བཞག་པའི་ཚོར་བ་ནི། ཚྭ་དང་བུད་མེད་སྒོག་པ་གསུམ། ཡོད་ན་འདོད་པ་ཚིམ་རྒྱུ་མེད། མེད་ན་མུ་གེས་ཤི་རྒྱུ་མེད།
ཆེས་དགའ་སའི་བོད་ཀྱི་རྩོམ་པ་པོ། རྗེ་ས་པཎ། རྗེ་ཙོང་ཁ་པ། རྗེ་ཀློང་ཆེན་པ། རྗེ་མི་ལ་རས་པ། སྤྱན་རས་གཟིགས། དགེ་འདུན་ཆོས་འཕེལ། གཞན་དག
ཆེས་དགའ་སའི་རྒྱ་ནག་གི་རྩོམ་པ་པོ། <<ཆུ་ངོགས་གཏམ་རྒྱུད>>དང<<ཐོག་ཁང་དམར་པོའི་རྨི་ལམ>>རྩོམ་པ་པོ་དང་པེ་ཅི་དབྱིས།ལུའུ་ཞིན། ཁ་ཆེ་རྒྱ་ཡིག་རྩོམ་པ་པོ་ཀྲང་ཁྲིན་ཀྲི།
ཆེས་དགའ་སའི་ཕྱི་གླིང་གི་རྩོམ་པ་པོ། རྒྱལ་སྲས་ཞི་བ་ལྷ། ཉི་དབང་མགོན་པོ། <<འདུན་པ་ཆེན་པོའི>>རྩོམ་པ་པོ་སོགས་མང༌། 
འདང་ཆེ་བའི་གྲོགས་པོ།(མང་དུ་བསྐང་ཡང་ཆོག)རྨི་ལམ་ནང་དུ་ཁ་ཤས་ཡོད། དངོས་ཡོད་ཀྱི་གཅིག་ཀྱང་མེད།
ཀློག་པ་པོར་བརྗོད་འདོད་པའི་སྐད་ཆ། ངའི་བརྩམས་ཆོས་མ་གཏོགས་ང་རང་ཁྱོད་ཚོ་དང་འབྲེལ་བ་སྤུ་ཙམ་ཡང་མེད།
གལ་ཏེ་རྩོམ་རིག་ཅེས་པ་དེ་མེད་ཚེ་དེའི་ཚབ་ཅི་ཞིག་གིས་བྱེད་སྲིད་ཅེས་ན། 
ད་ལྟའི་བོད་ཀྱི་རྩོམ་རིག་གི་གནས་བབས་དེ་ཅི་འདྲ་ཞིག་རེད་ཅེས་ན། ལྐུགས་པས་བུ་རམ་ཟོས་པ་ལྟ་བུ། ལོང་བས་གླང་ཆེན་ཞོན་པ་ལྟ་བུ།
རང་རེའི་བོད་ཀྱིས་འཛམ་གླིང་ལ་ངོམ་དུ་རུང་བ་དེ་གང་རེད་ཅེས་ན། རང་ཉིད་ཕམ་པའི་སྙིང་རྗེ། ཁ་བའི་ཁྲོད་ཀྱི་ནོར་ནག སྲོག་གིས་བསྲུངས་པའི་ཤེས་རིག
རྩོམ་པ་པོ་ཞིག་ལ་མཚོན་ན་ཆེས་འཛོམས་དགོས་པའི་ཆ་རྐྱེན་དེ་གང་རེད་ཅེས་ན། ལག་པ་ཆད་ཀྱང་འབྲི་འདུན་ཡོད་པ་ཞིག མ་ཤི་བར་དུ་འབྲི་འདུན་ཡོད་པ་ཞིག
ཆང་རག་སྤྱད་པར་ལེགས་ཉེས་ཅི་ཡོད་ཅེས་ན། ཕ་དམ་པ་ཆང་གིས་བཟི་རུང༌། དོན་དམ་པ་རླུང་ལ་མ་བསྐུར་ན་འགྲིག
རྩོམ་རིག་དང་དངུལ་ལོར་དབར་གྱི་འབྲེལ་བ་ག་འདྲ་རེད་ཅེས་ན། ནུ་མ་དང་འོ་མའི་འབྲེལ་བ་ལྟ་བུ།
རྩོམ་རིག་དང་སྤྱི་ཚོགས་དབར་གྱི་འབྲེལ་བ་ག་འདྲ་རེད་ཅེས་ན། 
རྩོམ་འབྲི་བར་སྨྱུ་གུ་བཀོལ་ན་ལེགས་སམ་གློག་ཀླད་བཀོལ་ན་ལེགས་ཞེས་ན། ཆ་རྐྱེན་ཡོད་ན་གློག་ཀླད་སྤྱོད། གལ་སྲིད་མེད་ཚེ་སྨྱུ་གུས་འགྲིག
འཆི་བའི་ཕྱོགས་ལ་མནོ་བསམ་བཏང་ཨེ་མྱོང་ཞེས་ན། བསམ་བློ་ག་ཚོད་བཏང་ན་ཡང༌། མ་ཤི་བར་དུ་འཆི་མི་སྲིད།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།