གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འབྲོག་བུ་དཀོམ་བཀྲའི་སྙན་ངག་ཁག་བཞི།

2015-01-11 19:25:06 འབྲོག་བུ་དཀོམ་བཀྲ ཀློག་གྲངས། མཆན ཡོད།


        བསྔོ་སྨོན།

སྤོ་བོ་ལགས
ཁྱེད་རང་དགུང་གྲངས་བརྒྱད་ཅུར་བུད་དེ
མི་ལོ་བརྒྱད་ཅུ་ཕྲེང་སྐོར་ཅིག་ལྟར་ལྷོད་ཀྱིས་འདྲེན་དུས
གཏམ་རྒྱུད་ཀྱི་འདབ་མས་སྦྲུམ་པའི་ལོ་ཟླ་དེ་ཡིད་དུ་འོང
ཉམས་མྱོང་གི་སྙིམ་པས་བཏེགས་པའི་མི་ཚེ་དེ་ལྟ་ན་སྡུག

ངའི་དྭངས་གསལ་གྱི་བྱིས་བློའི་ངོགས་སུ
ཁྱེད་ནི་ཕྱག་ཏུ་རྟ་ལྕག་ཐོགས་པའི་གནའ་མྱི་བཙན་པོ་ཞིག་ཡིན
རུ་བ་སྐྱས་སྤོར་བྱེད་པའི་ཉིན་ཞིག་ལ
ངས་རྟ་ལྕག་དེ་ཆུ་ནང་དུ་ལྷུང་འགྲོ་བའི་སྨོན་ལམ་བཏབ
སྨོན་ལམ་དེ་ཁྱེད་ཀྱིས་ཐོས
ཀུ་རེ་དང་ཁྲོ་བ་འདྲེས་མའི་ངང
ང་ལ་ལྕག་གིས་འབྲབ་གྲབས་བྱས
སྐབས་དེའི་འཇིགས་པ་རྦད་དེ་བརྗེད་ཐབས་མི་འདུག
ཧེ་ཧེ ཕྱིར་དྲན་ནི་རྒྱུན་རིང་བའི་གཙང་ཆུ་ཞིག་ལྟར
སྙིང་གི་ཡུར་བ་རུ་ཤག་ཤག་རྒྱུ

ཨ་མས་བཤད་ན
མོ་དང་བཅས་པའི་མིང་སྲིང་བརྒྱད་པོའི་དོན་དུ
ཁྱེད་ཀྱིས་ཇག་རྒྱག་མྱོང་ལ་རི་དྭགས་ཀྱང་རྔོན་མྱོང་ཟེར
སྨུག་པ་སྲབ་བུ་འཁྲིགས་པའི་དབྱར་ཁའི་ཉིན་མོ་དེར
གནའ་གཡག་ཅིག་གི་སྐེ་རྩ་ན་འཛག་པའི་ཁྲག་ཐིགས
ཤིན་ཏུ་དྭངས་པའི་རྨི་ལམ་གྱི་མཚོ་ལ་ལྷུང

ཏག་ཏག་ངས་སེམས་ངོགས་ཟིན་དུས
ཁྱེད་ནི་རི་རབ་ཀྱི་རྩེ་ན་སྒམ་བརླིང་གིས་འགྲེང་བའི
རྟ་ནོར་ལུག་གསུམ་གྱི་རྫི་བོ་རྣལ་མ་ཞིག་སྟེ
རླུང་གིས་བསྐྱོད་པའི་ངག་རྒྱུན་གྱི་དར་ལྕེ
རབ་ཏུ་འབྱམས་པའི་དུས་ཚོད་ཀྱི་ཀློང་དུ་ཟགས

ངས་དུད་སྤྲིན་གྱི་ཀློང་དུ་གཡེང་བའི་གྲོང་ཁྱེར་གྱི་ཁང་མིག་ཅིག་ཏུ
ཁྱེད་ལ་རྗེས་དྲན་དུ་སྙན་ངག་འདི་འབྲི་དུས
ནང་མི་ཚོས་མཆོད་མེ་སྟོང་ཕྲག་མཉམ་གཅིག་ཏུ་བསྒྲོན་ཏེ
ཁྱེད་ལ་བསྔོ་སྨོན་དང་སྐྱབས་འཇུག་ཞུ་བཞིན་ཡོད་ངེས

ག་ལེར་མིག་ཟུང་བཙུམས་ཚེ
བྱམས་བརྩེའི་ས་བོན་དང
རྣམ་ཤེས་ཀྱི་ལྗོན་པ་ཁེར་སྐྱེས་ཤིག
མིག་ཆུའི་བརླན་གཤེར་གྱིས་བསྐོར་བ་ཚོར་ཡོང

ཉིན་དེའི་ཞོགས་པར
ནམ་མཁའ་ནི་རྡོ་ཡི་ཉི་གདུགས་ཆེན་པོ་ཞིག་དང་འདྲ
ཕྱི་རུ་འཐིབས་པའི་སྨུག་སྤྲིན་གྱི་ལྕགས་རིས
གནམ་སའི་རྩིབས་མ་གཞི་གཅིག་ཏུ་སྦྲེལ་འདུག
ངས་རྨ་ཆུའི་འབྲོང་ལམ་གྱི་མོ་ཊ་ས་ཚིགས་ནས
ལན་གྲུ་རུ་བསྐྱོད་པའི་པ་སེ་ཉོས་ཏེ་ཁྱེད་དང་གྱེས
ཏག་ཏག་ཉིན་དེའི་ཕྱི་དྲོར
ཁྱེད་རང་འཇིག་རྟེན་འདིའི་ལྗན་ལྗིན་དང་གྱེས
               ༢༠༡༤/༦/༢༨ལ་ལན་གྲུ་ནས།

        དེ་རིང་།

གློག་དམར་གྱིས་ཚལ་བར་བཤགས་པའི་ནམ་མཁའི་སྐྱེད་ཚལ་དུ
ནག་དྲེག་ཆགས་པའི་སྐར་མ་རབ་རུབ་ཅིག་ཝ་ལེར་མངོན
སྐབས་དེར་ང་རྨ་ཁུགས་དང་པོར་འབོད་པའི་རྩྭ་ཐང་དེ་ན་ཡོད

རི་སྤྱང་གི་པགས་པ་གྱོན་པའི་རྔོན་པ་འགས
ཚེར་མའི་གསེབ་ཀྱི་རྨིག་རྗེས་དེད་དེ་རང་ཁྱིམ་དུ་ལོག

དཀན་གཟར་གྱི་རི་ངོས་ནས་མོ་ཊ་ཞིག་རྦབ་ལ་འདྲིལ་བ་ནས
ནངས་དགོང་གི་རླུང་བུ་འཇམ་པོའང་ཁྲག་དྲིས་ཁྱབ་འདུག

ས་སྲོད་ལ་དལ་བུར་འཐིབ་ཡོང་བའི་སྨུག་པ་སྔོ་ནག་འདི
ངའི་རྨི་ལམ་གྱི་ལྷིང་འཇགས་སྲུང་བའི་མེལ་ཚེ་ཡིན
                      ༢༠༡༣/༥/༢༤

 

             ག་ལེར་མལ་དུ་གཟིམ་པར་བྱ།

ཚད་མེད་པའི་བརྩེ་དུང་གི་སྡུག་བསྔལ་གྱིས་སྤྲིན་པའི་མིད་ཐག་དམ་དུ་བསྒགས་ཤིང
དེ་ལས་བྲག་ཅ་དང་རྫི་གླུ་མཉམ་དུ་བཞུར་ཡོང

མུན་པ་ནི་ཤིན་ཏུ་མཁྲེགས་པའི་ལྕགས་རི་མཐོན་པོ་ཞིག་སྟེ
སེམས་ལ་གཤོག་པ་ཐོགས་ཀྱང་བརྒལ་ཐབས་བྲལ

ངོ་ཤེས་སུ་གྱུར་བའི་མི་ཐམས་ཅད་ལ
རྨི་ལམ་ལས་བསྐྱར་དུ་འཕྲད་པར་འགྱུར

ལམ་གྱི་ཁུག་པ་མང་བོར་མདུད་པ་བརྒྱབས་པས
ད་ནི་ཕྱིར་ལ་ལོག་ཐབས་བྲལ

མི་རེ་རེའི་ལག་ཏུ་ཐོགས་པའི་ཙན་དན་ལོ་མ་འདིས
འཆི་རག་བར་དུ་ཀུ་ཅོ་འདོན་ངེས

ཁྱོད་ནི་ཐལ་བ་སྤར་མོ་གང་ཡིན་ཚེ
ངའི་མིག་སྐྱིབས་ལས་དར་ཅིག་ལ་སྐུང་རོགས་ཞུ
          ༢༠༡༣/༩/༢༨ཀྱི་མཚན་མོར།

             མི་དམངས་སྨན་ཁང་དུ།

སྐྱེ་བ་ཕྱི་མ་ཟེར་བ་ཞིག་ཡོད་དམ
སུས་ཤེས
ངས་སུ་ལ་བུ་ལོན་ཆད་ཡོད
བུ་ལོན་དེ་སྐྱེ་བ་འདིར་འཇལ་དགོས་ཚེ
དངུལ་ལོར་དང་ས་ཞིང་གིས་ཆོག་གམ
ཡང་ན་ཤ་ཁྲག་དང་ཚེ་སྲོག་གིས་འཇལ་དགོས

ན་ཚས་མནར་བའི་མི་རྣམས་སྙིང་རྗེ
དེའི་གམ་དུ་སྡོད་པའི་ནད་གཡོག་དེའང་ངལ་བ་ལ
ནད་པ་ཞིག་གིས་སྨན་ཡོན་གྱི་ཁུར་ཙ་དང་ལས་དབང་གི་བསྐོས་ཐང་མ་བཟོད་པར་ལྕེབས་ཐལ
ཁོས་འཇིག་རྟེན་གཞན་ཞིག་གི་ཉི་འོད་དང་བརྩེ་བ་དྲན་ནས
ཚེ་འདིའི་སྒྱུ་ལུས་ཀྱི་ན་ཟུག་ལ་གྱེས་ཕྱག་ཕུལ་བའོ

ནད་པ་ལ་ལ
བྲག་གཡེང་དུ་ལྷུང་བའི་བྱ་རྒོད་རེ་རེ་འདྲ་བར
སེམས་ཀྱི་གཤོག་ཟུང་ཇི་ལྟར་བརྐྱངས་ཀྱང
ལས་ཀྱི་ནམ་མཁར་གཡེང་བའི་གོ་སྐབས་ཟད
ངས་ཁོང་རྣམས
ཟིལ་བའི་མཚོ་མོ་དང་དབྱངས་ཀྱི་སྨིག་རྒྱུས་བྲན་ཏེ
སྙིང་གི་མེ་ལྕེ་བཞིན་འབར་རུང་བ་ཞིག་ཏུ་བཅོས་འདོད
        ༢༠༡༤/༨/༢༦

           (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།