གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་རབས་གསུམ་པའི་སྐོར་གྱི་བཅར་འདྲི་ཞིག་ལ་ལན་བཏབ་པ།

2013-12-01 00:36:00 སྒྲེན་པོ། ཀློག་གྲངས། མཆན ཡོད།


 གཅིག  གྲོགས་པོ། ཁྱེད་རང་ངོས་ནས་སྙན་ངག་གི་མི་རབས་གསུམ་པ་ཞེས་པའི་ཚོགས་པ་འདི་ལ་ཇི་ལྟར་བལྟ་བ་དང་།ཚོགས་པའི་སྙན་ངག་གི་ལེགས་པའི་ཆ་དང་མི་ལེགས་པའི་ཐད་ལྟ་ཚུལ་ལབ་ཅིག
 ལན། དེང་རབས་ཀྱི་ཆ་ནས་གླེང་ན་བོད་ཀྱི་དེང་རབས་རྩོམ་པའི་ཡབ་ཆེན་དུ་འབོད་པའི་དཔལ་དོན་གྲུབ་རྒྱལ་མཆོག་གིས་བོད་དུ་རྩོམ་རིག་གསར་བའི་སྒོ་མོ་ཧར་གྱིས་ཕྱེས་པ་ནས་བཟུང་།རང་གྲོལ་ལགས་ནི་བོད་ཀྱི་དེང་རབས་རྩོམ་རིག་འཕེལ་འགྱུར་ལོ་རྒྱུས་སྟེང་གི་དོད་རྟགས་ཆེན་པོ་ཞིག་ཏུ་གྱུར་འདུག  དམ་པ་རང་གྲོལ་དང་མཉམ་དུ་བོད་ཀྱི་རྩོམ་སྟེགས་ལ་མཛད་རྗེས་ཆེ་བའི་སྐར་ཆེན་གཉིས་བྱོན་མྱོང་བ་ནི།སྙན་ངག་པ་ལྗང་བུ་དང་འཇུ་སྐལ་བཟང་གཉིས་རེད།ལོ་རབས་དེར་མཚོན་ནས་བཤད་ན།ཚད་རིམ་ངེས་ཅན་ཞིག་གི་སྟེང་ནས་བཤད་ན་འཇུ་སྐལ་བཟང་ལགས་ཀྱི་སྲོལ་རྒྱུན་སྙན་ངག་མི་ཉུང་བ་ཞིག་རང་གྲོལ་གྱི་སྲོལ་རྒྱུན་སྙན་ངག་ལས་ཆེས་ཆེར་འཕགས་འདུག་སྙམ་ལ།དེ་བཞིན་དུ་ལྗང་བུའི་རང་མོས་སྙན་ངག་མང་པོ་ཞིག་ཀྱང་རང་གྲོལ་གྱི་འབྲི་ཐབས་ལས་བརྒལ་འདུག་སྙམ།ངས་འདི་ལྟར་བསྡུར་དོན་ཡང་ཁོང་ཅག་ནི་ལོ་རབས་གཅིག་དང་མི་རབས་གཅིག་གི་ནང་འཚར་ལོངས་བྱུང་བའི་བོད་ཀྱི་སྐར་ཆེན་གསུམ་ཡིན་པས་སོ།བོད་ཀྱི་དེང་རབས་རྩོམ་རིག་གི་འཕེལ་འགྲིབ་ནི་གཏོར་གཟུགས་མཆོད་རྟེན་ཞིག་ལ་དཔེ་བཞག་ནས་བཤད་ན།རང་གྲོལ་ནི་བོད་ཀྱི་དེང་རབས་རྩོམ་རིག་གི་གྱང་རྟིང་བསྐྲུན་མཁན་དང་གཏོར་གཟུགས་མཆོད་རྟེན་དེའི་རྨང་གདན་ལྟ་བུ་ཡིན་པ་སུས་ཀྱང་བསྙོན་འདིང་མི་ནུས།དེ་ལྟར་བསྙད་དོན་ཡང་དམ་པ་རང་གྲོལ་ལགས་ཀྱིས་བོད་ཀྱི་རྩོམ་རིག་གི་སྐྱེད་མོས་ཚལ་དུ་བརྩམས་སྒྲུང་གི་མེ་ཏོག་སེར་ཆེན་དང་སྙན་ངག་གསར་བའི་རྦབ་ཆུའི་རྔམ་ཟིལ།འབོལ་རྩོམ་གྱི་སྐྱ་རེངས།ལྷུག་རྩོམ་གྱི་གར་མ།སྲོལ་རྒྱུན་སྙན་ངག་གི་འོ་སྤྲི།མགུར་མའི་དབྱངས་རྟ།གླུ་ཚིག་གི་འཕྱོ་འཇགས་སོགས་སྣ་མང་པོའི་མེ་ཏོག་ཇི་སྙེད་ཅིག་བཏབ་པས་ཡིན།ལྗང་བུ་དང་འཇུ་སྐལ་བཟང་གཉིས་ནི་གྱང་རྟིང་དེར་བརྟེན་ནས་ཡར་བང་རིམ་གཅིག་བསྟོད་མཁན་རེད་ཅེས་ཁོ་བོས་སྨྲ་བར་སྤོབས།ལོ་རབས་གཅིག་གི་དུས་ཡུན་ཐུང་ངུའི་ནང་དུ་བོད་ཀྱི་རྩོམ་རིག་ལ་ཕྱི་རབས་པས་བལྟས་ན་མཐོང་ཐུབ་པའི་འཕེལ་རྒྱས་ཀྱི་རྣམ་པ་མངོན་གསལ་བྱུང་ཡོད།འཕེལ་རྒྱས་ཀྱི་རྣམ་པ་དེའང་འཕུར་མཆོངས་དང་ཉེན་མཆོངས་ལྟ་བུ་མ་ཡིན་པར།གཅིག་གི་གསར་རྩོམ་གྱི་རྐང་རྟིང་གཅིག་གིས་མནན་རྗེས་བྱུང་བའི་རྨང་རྐང་བརྟན་པོ་ཞིག་རེད་འདོད་ལ།སྐར་ཆེན་དེ་གསུམ་གྱིས་སྐབས་དེའི་བོད་ཀྱི་སྤྱི་ཚོགས་དང་རྩོམ་རིག་བློ་འབྱེད་སྐོར་ལ་བསམ་ཡུལ་ལས་འདས་པའི་ནུས་པ་ཐོན་ཡོད་སྙམ།སྐར་ཆེན་དེ་གསུམ་གས་བོད་ཀྱི་སྲོལ་རྒྱུན་རྩོམ་རིག་གི་སྙན་རོར་དེང་རབས་སྙན་ངག་གསར་བའི་འཕྱོར་གོས་སྤྲས་འདུག་ལ།ཁོང་ཚོས་བོད་ཀྱི་རྩོམ་རིག་དེ་སྲོལ་རྒྱུན་རྩོམ་རིག་གི་མཛེས་སྣང་འདུས་ལ་དེང་རབས་རྩོམ་རིག་གི་མཚོན་ཐབས་གསལ་བའི་རྣམ་པ་གསར་བ་ཞིག་ཏུ་འཁྲིད་པར་ཨ་འཐས་བྱས་མྱོང་བ་ཁོང་ཚོའི་བརྩམས་ཆོས་བཀླགས་མྱོང་མཁན་དག་གིས་ཤེས་ནི་རེད།བོད་མིའི་འདུ་ཤེས་འཛིན་སྟངས་དང་རིན་ཐང་ལྟ་ཚུལ།མཛེས་དཔྱོད་ལྟ་བ་བཅས་ཀྱི་ཁམས་དང་མོས་ངོར་འཚམ་ཞིང་དེང་རབས་སྙན་ངག་གི་བཅུད་ཀྱིས་གཏམས་པའི་བརྩམས་ཆོས་དེ་དག་ནི་ལོ་རབས་དེར་མཚོན་ནས་བཤད་ན།ཤིན་ཏུ་གླེང་རིན་ཡོད་པ་ཞིག་ཡིན་པ་མ་ཟད།བོད་ཀྱི་དེང་རབས་རྩོམ་རིག་གླེང་དགོས་ན་གཡོལ་ཐབས་བྲལ་ལ་མི་གླེང་ཐུ་མེད་དུ་གྱུར་བའི་རྩོམ་པ་པོ་གསུམ་མ་ཡིན་ནམ།
   སྙན་ངག་པ་དེ་དག་གི་རྗེས་ནས་བོད་ཀྱི་རྩོམ་སྟེགས་ལ་གཡོ་སྐྱོམས་དྲག་པོ་སྟེར་ནུས་པའི་སྙན་ངག་པ་གཤའ་མ་ཞིག་འཚར་བསྐྱེད་བྱུང་མ་ཐུབ་པར་མངོན།སྙན་ངག་པ་དཔའ་རྩེ་དང་འབྲོང་།གཅན་མེ་སྟག་གཙོས་སྙན་ངག་འབྲི་མཁན་མི་ཉུང་བ་ཞིག་ཆར་རྗེས་ཀྱི་ཤྭ་འོད་བརྡོལ་བ་བཞིན་བོད་ཀྱི་རྩོམ་སྟེགས་སུ་ཐོན་མྱོང་བ་དོན་དངོས་ཡིན་མོད།དེ་དག་ནི་ཚད་རིམ་ངེས་ཅན་ཞིག་གི་སྟེང་ནས་བཤད་ན་གོང་གི་སྐར་ཆེན་གསུམ་ལས་འདའ་འགོངས་བྱེད་མ་ཐུབ་པར་སྣང་།དེ་ལྟར་བོད་ཀྱི་རྩོམ་སྟེགས་ནས་སྲོལ་རྒྱུན་ལ་འཁྲེང་ཞེན་དང་སྲོལ་རྒྱུན་གྱི་ཆེད་དུ་འོ་དོད་ཀྱི་སྐད་འབོད་རིང་མོ་བྱས།དེ་ལྟར་བོད་ཀྱི་རྩོམ་རིག་གི་སྣང་ཚུལ་དེ་ལོ་རབས་བརྒྱད་ཅུ་བའི་གཞོན་ནུ་ཚོས་སྲོལ་རྒྱུན་རིག་གནས་བརྒྱུད་འཛིན་བྱེད་འདོད་ཀྱི་ཚོར་བ་ངུ་ཤུམ་པའི་ཀློང་ནས་དུས་ཡུན་རིང་བོར་ལུས།དེ་ལྟར་མི་ལོ་འགར་བོད་ཀྱི་རྩོམ་རིག་གི་མཁའ་དབུགས་སློག་པ་འཁོར་རྒྱུགས་ཅན་ལས་ཐོད་བརྒལ་གྱི་ཆ་ཆེན་པོ་བྱུང་མ་ཐུབ་སྙམ།བོད་ཀྱི་རྩོམ་རིག་ཉིད་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་གྲག་མེད་སོ་ན་གནས་སྐབས་མི་རབས་གསུམ་པ་ཞེས་པའི་ཚོགས་པ་ཞིག་གིས་རང་རེའི་རྩོམ་སྟེགས་སུ་རྩོམ་རིག་གི་དར་ཆ་ཆེན་པོ་ཞིག་འཕྱར་ནས་ལམ་ལ་ཆས་པ་རེད།ན་གཞོན་ལ་གདན་ཐོབ་མེད་ཁར་གཞོན་ནུའི་མཚར་སྣང་གཞོམ་རྒྱུ་ནི་འུ་ཚོའི་སྲོལ་རྒྱུན་ཞིག་ཡིན་ལ།སྲོལ་རྒྱུན་དེས་གཞོན་ནུ་ཚོའི་ཚོར་བའི་འཇུ་ཐག་དུམ་སེར་གཅོད་ཅིང་བསམ་བློའི་གཤོག་རྩ་རྨང་ནས་འབྲེག་ལ་མཁས་ནའང་།གོར་མོ་རྡོ་ལས་གྲུབ་པའི་སྲ་མཁྲེགས་ཀྱི་འདུ་ཤེས་དེས་གཞོན་ནུ་ཚོའི་མཚར་སྣང་འགོག་ག་ལ་ཐུབ།གཞོན་པའི་སྣང་བ་མེ་ལས་དབལ་ཚ་ཞིང་བློ་རིག་སྐྱེན་པོ་གློག་ལས་མྱུར་བའི་བསྟན་བཤིག་གི་སྡེ་དེས་རྩོམ་རིག་གི་དད་འདུན་དང་སྒྱུ་རྩལ་གྱི་བསླུ་བྲིད་ལྡོག་མ་ནུས་པར་སྲོལ་རྒྱུན་གྱི་ལམ་བུ་མཁྲེགས་པོ་གཞོན་ནུའི་ངར་ཤུགས་ཀྱིས་ཕྱི་བརྟོལ་ནང་བརྟོལ་བྱས་ནས་བོད་ཀྱི་རྩོམ་སྟེགས་སུ་ཐོན་པ་རེད།དུས་སྐབས་དེ་ནི་བོད་དུ་འབོལ་རྩོམ་གྱིས་རྩོམ་རིག་གི་ཞིང་ས་བཟུང་ཡོད་པའི་ཡུལ་དུས་དམིགས་བསལ་བ་ཞིག་རེད།སྐུ་ཞབས་ཞོགས་དུང་གིས་བརྩམས་པའི་དཔྱོད་ཤེས་རྒྱང་འབོད་ཀྱི་དེབ་སྒོར་བཀྲམ་པ་ནས་བཟུང་།རིམ་གྱིས་བདག་དཔེ་ཚོགས་ཀྱི་ཚ་རླབས་ཀྱིས་གཞོན་སྐྱེས་མང་པོ་ཞིག་གི་མིག་ཟུང་འབོལ་རྩོམ་གྱིས་འཕྲོག་པ་རེད།དུས་སྐབས་དེར་མཚོན་ན་བོད་ཀྱི་སྙན་ངག་དང་བརྩམས་སྒྲུང་གི་ཚ་རླབས་རེ་ཞིག་འཇགས་ཀྱིན་པའི་སྒང་དེ་འདྲ་ཞིག་ལ།མི་རབས་གསུམ་པས་བོད་ཀྱི་རྩོམ་རིག་གི་ཞིང་སར་བདག་པོ་རྒྱབ་པ་ནི་བོད་ཀྱི་རྩོམ་རིག་གི་ཚོགས་པ་ཞིག་ཡིན་པའི་ངོས་ནས་བཤད་ན་ཤིན་ཏུ་དཔྱད་འཇོག་བྱེད་རིན་ཡོད་པ་ཞིག་རེད་འདོད།བསྟན་བཤིག་ཚ་བོའི་གཞོན་ནུའི་ངར་ཤུགས་དང་ལང་ཚོའི་གསོན་ཤུགས།རྩོམ་རིག་གསར་བའི་སྒྱུ་རྩལ་གྱི་ཀློང་ཡངས་ས་དང་འཇིངས་ཟབ་སར་འཇུག་འདོད་པའི་བློ་ཡིས་བོད་ཀྱི་རྩོམ་སྟེགས་སྟེང་གི་སྔོན་རབས་པ་མི་ཉུང་བ་ཞིག་ལ་དངོས་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་དང་ཕོག་ཐུག བསམ་གཞིག་གི་འདྲི་རྟགས་བཅས་བྱིན་པ་རེད་ལ།དེར་འབྲེལ་ནས་མི་རབས་གསུམ་པའི་སྐོར་ལ་དྲ་དེབ་སྟེགས་གསུམ་ནས་དཔྱད་གླེང་གི་མཉམ་འུར་ཤུགས་དྲག་པོ་ཞིག་བྱུང་བ་རེད།ང་རང་ངོས་ནས་མི་རབས་གསུམ་པའི་སྐོར་ལ་རང་གི་ལྟ་ཚུལ་ཙམ་འཆད་ན།མི་རབས་གསུམ་པ་ནི་བོད་ཀྱི་རྩོམ་རིག་གི་ཚོགས་པ་ཞིག་ཡིན་པའི་ཆ་ནས།དུས་སྐབས་དམིགས་བསལ་བ་དེ་འདྲའི་ཁྲོད་དུ་བོད་ཀྱི་རྩོམ་རིག་གི་ཞིང་སར་བདག་པོ་བརྒྱབ་པ་ནི་ཡི་རངས་བྱེད་དགོས་པའི་གནས་འབའ་ཞིག་ཏུ་འཁུམ།རྩོམ་རིག་ནི་འབོལ་རྩོམ་དང་མཚན་ཉིད་རིག་པ།ཚན་རིག་བཅས་ཀྱི་རིག་ཚན་གཞན་དང་མི་འདྲ་དོན་ཡང་།རྩོམ་རིག་ལ་དཔྱོད་ཤེས་ཀྱི་ཕན་ན་ཚོར་ཤེས་ཟེར་བའི་མིའི་རྣམ་ཤེས་ལ་ངར་ལྡུད་ཐུབ་ཅིང་དབང་རྩ་སྐྱོམས་པར་བྱེད་ནུས་པའི་ནམ་མཁའ་འབྱམས་ཀླས་པ་དེ་ཡོད་པས་ཡིན།རྩོམ་རིག་གི་ནམ་མཁའ་ཀློང་ཡངས་པོ་དེར་འཇུག་པར་སྒྱུ་རྩལ་གྱི་བློ་སྦྱོང་མཐོན་པོ་ཞིག་དང་དངོས་བརྒྱུད་ཀྱི་མྱོང་སྣང་རྣལ་མ་ཞིག་མཁོ་བ་ནི་ཤར་ནུབ་རྩོམ་སྟེགས་སྟེང་གི་སྐར་ཆེན་ཚོའི་བཞུད་ལམ་ལ་བལྟས་པས་ཤེས་འོང་།མི་རབས་གསུམ་པའི་རྩོམ་པ་པོ་མི་ཉུང་བ་ཞིག་ལ་མཚོན་ན།ལྟོས་བཅས་ཀྱིས་སྒྱུ་རྩལ་གྱི་རྟོག་པ་མཐོ་ཞིང་ཚོར་ཤེས་ཀྱི་ཤེད་མོང་རྒྱས་ཡོད་པས།ཁོ་ཚོས་རྩོམ་རིག་མཚན་ཉིད་པའི(纯文学)ལམ་བུར་འཚོལ་དཔྱོད་དང་དེའི་ལམ་ཁར་ཞུགས་པར་སྟ་གོན་བྱེད་ཀྱིན་ཡོད་པ་ནི་ང་རང་ངོས་ནས་སྤྲོ་བ་རྒྱས་པའི་དོན་བྱ་ཞིག་ཡིན་པ་མ་ཟད།བོད་ཀྱི་རྩོམ་རིག་འཕེལ་བའི་ལོ་རྒྱུས་ཀྱི་ངོས་ནས་བཤད་ཀྱང་ལྟས་ལེགས་པོ་ཞིག་ཀྱང་ག་ནས་མིན། ཡིན་ནའང་ངས་མི་རབས་གསུམ་པ་ཞེས་པའི་ཚོགས་པ་འདི་ཉིད་ནུབ་གླིང་དང་རྒྱ་ནག་གི་རྩོམ་རིག་འཕེལ་བའི་ལོ་རྒྱུས་སྟེང་སྔར་བྱུང་མྱོང་བའི་གྲུབ་མཐའ་ལྟ་བུ་ཞིག་ཏུ་བལྟ་རྒྱུ་མིན།རྒྱ་ནག་དང་ལྷག་དོན་ནུབ་གླིང་གི་རྩོམ་རིག་ལོ་རྒྱུས་སྟེང་གི་གྲུབ་མཐའ་དེ་དག་ནི་རང་འགུལ་དང་རང་བཟོས་སྒོ་ནས་བྱུང་བ་ཞིག་མ་ཡིན་པར།སྙན་ངག་གཙོས་རྩོམ་རིག་གི་གྲུབ་མཐའ་དེ་ཚོའི་རྒྱབ་ལྗོངས་ན་མཚན་ཉིད་རིག་པའི་སྡོམ་རྒྱ་ཆེན་པོ་ཞིག་དང་སྤྱི་ཚོགས་ཀྱི་རྒྱུ་རྐྱེན་མོད་པོ་ཞིག་ཡོད་པ་ངས་འདིར་མ་བཤད་ཀྱང་ཚང་མས་ཤེས་གསལ་ལྟར་རེད།ཉེ་བའི་ཆར་བོད་དུ་བདག་དཔེ་ཚོགས་དང་མི་རབས་གསུམ་པ།ན་གཞོན་གསར་བ་བཅས་ཀྱི་ཚ་རླབས་མཆེད་མྱོང་ཡོད་ནའང་།ངས་ནི་དེ་དག་ཚང་མ་རིག་གནས་སྣང་ཚུལ་ཞིག་གི་མཐོང་སྣེ་ནས་བལྟ་བ་ལས་ལྟ་གྲུབ་དང་མཚན་ཉིད་ཚང་བའི་གྲུབ་མཐའ་དང་ཚོགས་པ་གང་རུང་ལ་བལྟ་རྒྱུ་མིན།རྒྱུ་མཚན་ནི་དེ་དག་གང་ལ་མཚོན་ནའང་རང་ཉིད་ཀྱི་གྲུབ་མཐའ་འམ་ཚོགས་པའི་ལྟ་གྲུབ་མཚན་ཉིད་པ་ཞིག་དང་ཡན་གར་བའི་རྩོམ་རིག་གི་ལངས་ཕྱོགས་བརྟན་པོ་ཞིག་མེད་པས་ལན་སྙམ།དེ་ལྟ་བུ་ཞིག་ཡིན་དོན་ཡང་ཡར་དེད་ན་ཁུངས་འདེད་རྒྱུ་མེད་པ་ཞིག་མ་ཡིན།སྤྱིར་བོད་ལ་མཚོན་ན་དེང་རབས་རྩོམ་རིག་གི་ངོས་འཛིན་མི་གསལ་བ།རྩོམ་པ་པོ་དང་སྙན་ངག་པས་དོན་དམ་བོད་སྤྱི་ཚོགས་ལ་ཐོན་པའི་ནུས་པར་མཐའ་སྡོམ་འགོད་མཁན་མེད་པ།མི་ཚེ་གང་བོ་རྩོམ་རིག་ལ་བསྟིམས་ཕོད་པའི་རུས་པ་མཁྲེགས་པོ་ཅན་གྱི་རྩོམ་པ་པོ་ཧ་ལམ་མེད་པ།བོད་མི་བྱིངས་ཀྱི་རྩོམ་རིག་རོལ་མྱོང་གི་ཆུ་ཚད་ཞན་པ་བཅས་ལ་འབྲེལ་བ་ངེས་ཅན་ཡོད།མི་རབས་གསུམ་པའི་ཚོགས་པ་སྤྱིའི་སྙན་ངག་གི་དགེ་མཚན་ལ་མཐའ་དཔྱོད་བྱེད་རྒྱུ་ནི་ང་ལ་མཚོན་ན་སྡོམ་ཚིག་འགོད་ཁག་པའི་གནད་དོན་ཞིག་རེད།རྒྱུ་མཚན་ཤིན་ཏུ་ནས་སླ་སྟེ།མི་རབས་གསུམ་པ་ནི་བོད་ཀྱི་རྩོམ་རིག་གི་ཚོགས་པ་ཞིག་ཡིན་ལ།དེའི་ཁྲོད་དུ་རྩོམ་འབྲིའི་ལངས་ཕྱོགས་མི་འདྲ་བའི་ན་གཞོན་སྙན་ངག་པ་དང་བརྩམས་སྒྲུང་བ།ལྷུག་རྩོམ་སྙན་ངག་འབྲི་མཁན།རྩོམ་རིག་མཐའ་དཔྱོད་པ་བཅས་མང་དུ་མཆིས་ན།དེར་ཧྲིལ་གྱིས་སྡོམ་ཚིག་རྡོག་རྡོག་ཅིག་འགོད་རྒྱུ་ནི་ཤིན་ཏུ་དཀའ་ལས་ཁག་པོ་རེད་བསམ།སྤྱིར་རྩོམ་རིག་ལ་ལེགས་ཉེས་བཟང་ངན་གྱི་མཚམས་ཚིགས་དགར་རྒྱུ་དེ་གཟབ་ནན་གྱི་ལས་ཀ་ཞིག་ཡིན་པས།བྱུང་རྒྱལ་དང་བསམ་གཞིག་སྔོན་དུ་མ་སོང་བར་བསྟོད་སྨད་ཅི་རིགས་ཀྱི་སྐད་ཆ་ལབ་ཀྱང་ཕན་ཆེན་པོ་མི་ཐོགས་མོད།འདིར་རང་གི་ལྟ་ཚུལ་ཙམ་བཤད་ན་འགལ་ཆ་ཆེར་མེད་འདོད།མི་རབས་གསུམ་པའི་སྙན་ངག་དང་བརྩམས་ཆོས་རེ་འགར་བལྟས་ན་ཤེས་ཐུབ་པ་ནི།ཁོ་ཚོའི་བརྩམས་ཆོས་ཀྱི་ཁྲོད་དུ་ནུབ་གླིང་རྩོམ་རིག་གི་གྲིབ་བརྙན་གསལ་བོ་ཡོད་པ་དེ་རེད།རྩོམ་རིག་གི་བློ་སྦྱོང་ཆེན་པོ་མངའ་བའི་འཕགས་མི་ཞིག་གིས་བོད་ཀྱི་ད་ལྟའི་རྩོམ་སྟེགས་ལ་མཐོ་ས་ནས་བལྟས་པའི་ཆ་འཇོག་ཅིག་བྱས་ན། ལམ་སེང་ཧ་གོ་འོང་བ་ནི་བོད་ཡིག་གིས་བྲིས་པའི་བརྩམས་ཆོས་དག་གི་ཁྲོད་ནུབ་གླིང་སོགས་ཀྱི་མཚོན་ཐབས་བཀོལ་བ་མང་དྲགས་པའི་སྣང་ཚུལ་དེ་རེད།རྒྱ་ནག་གིས་མཚོན་པའི་མི་རིགས་གཞན་ལ་སྔ་མོ་ནས་སོ་སོའི་མི་རིགས་དེའི་རྩོམ་རིག་གི་བླ་(文学的寻根问题)བཙལ་མྱོང་བའི་ལོ་རྒྱུས་ཡོད་པ་རེད།ད་ལྟའི་བོད་ཡིག་གི་ལམ་ནས་བྲིས་པའི་བརྩམས་ཆོས་དག་གིས་བོད་མའི་མཛེས་སྣང་དང་མཛེས་རྟོག་གི་ལྟ་བ་མཚོན་ཐུབ་ཀྱིན་ཡོད་དམ་མེད་ཅེ་ན།ང་རང་གི་བསམ་ཚུལ་ལྟར་ན་ཐུབ་ཀྱིན་མེད་འདོད།དེ་ཡང་གཙོ་བོ་ནུབ་ཕྱོགས་ལྟེ་བར་འཛིན་པའི(西方中心主义)རྔམ་ཟིལ་གྱི་ངོས་ནས་བཤད་ན།ནུབ་ཕྱོགས་ཀྱི་རིག་གནས་དེ་དམག་དོན་དང་དཔལ་འབྱོར།ཆབ་སྲིད།སྒྱུ་རྩལ་རྩོམ་རིག་བཅས་གཙོས་རིག་གནས་སྒྱུ་རྩལ་དང་འབྲེལ་བའི་རིག་ཚན་ཀུན་པོའི་ཁུངས་འཕེར་བདེན་དཔང་ལྟ་བུར་གྱུར་འདུག ནུབ་ཕྱོགས་ཀྱི་རིག་གནས་དེ་རིན་ཐང་ཐམས་ཅད་ལ་ཚད་གཞལ་བྱེད་ཀྱི་ཁྲེ་ཙེ་ལྟ་བུར་གྲུབ་འདུག ནུབ་ཕྱོགས་ཀྱི་གཞུང་ལུགས་དང་ལྟ་གྲུབ་གང་ང་ཚོའི་གཏམ་སྦྱོར་བྱ་འགུལ་གྱི་(话语活动)རྟེན་ཕུར་དུ་གྱུར་སྐབས།དཔལ་འབྱོར་གྱི་ངོས་ན་རྗེས་སུ་ལུས་པའི་རྒྱལ་ཁབ་དང་མི་རིགས་སོ་སོའི་རིག་ཚན་ཞིབ་འཇུག་པ་ཚོས།གཅིག་ནས་ནུབ་ཕྱོགས་ལྟེ་བར་འཛིན་པའི་རིག་གནས་ཀྱི་རྔམ་ཟིལ་ལ་ཞེད་པས་དང་།གཉིས་སུ་ན་སྔར་ཡོད་རང་ཉིད་ཀྱི་སྲོལ་རྒྱུན་རིག་གནས་ལ་དེང་རབས་རིག་གཞུང་གི་ཐབས་ལམ་བཀོལ་ནས་ཞིབ་ཏུ་འཇུག་རྒྱུའི་སྒོ་མ་རྙེད་པར་རྐྱེན་བྱས་ཏེ།རང་གི་ད་ཡོད་རིག་གནས་དེའི་ཁྱད་ཆོས་དང་ལོ་རྒྱུས་ཀྱི་དགོངས་པར་རྒྱབ་ཀྱིས་ཕྱོགས་ནས་ནུབ་ཕྱོགས་ཁོ་ནའི་རྗེས་སུ་འགྲོ་ལྡོག་བྱེད་ཀྱིན་མཆིས།ཕྱོགས་ལྷུང་གི་བཞེད་དགོངས་དེ་ལྟ་བུར་འགོག་སྨན་གྱི་གསོས་སུ་འགྱུར་རུང་བ་ནི།རང་གི་སྔར་ཡོད་སྲོལ་རྒྱུན་རྩོམ་རིག་ལ་འདྲིས་ཆ་མང་དུ་བཏང་ཐོག དེར་དེང་རབས་རིག་ཚན་གསར་བའི་ཐབས་ལམ་སྤྱད་དེ་བོད་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་རྩོམ་རིག་ལ་དཔྱད་འཇོག་བྱེད་རྒྱུ་ནི་གནད་ཀྱི་དམ་པ་རེད་འདོད།གནད་དོན་འདི་ལ་བསམ་གཞིག་གཏང་གིན་མེད་པ་ནི་མི་རབས་གསུམ་པའི་སྙན་ངག་གི་སྐྱོན་ཆ་ཨེ་ཡིན་ནམ་སྙམ་ཡོད།

   གཉིས། དོན་དངོས་སུ་བོད་དུ་འདི་ལྟ་བུའི་སྙན་ངག་གི་ཚོགས་པ་ཡོད་ན་རྩོམ་རིག་གར་སྟེགས་སུ་དགེ་བ་ཅི་ཡོད་པར་འདོད།
   བོད་དུ་འདི་ལྟ་བུའི་སྙན་ངག་གི་ཚོགས་པ་ཡོད་ན་རྩོམ་རིག་འཕེལ་རྒྱས་ཀྱི་ངོས་ནས་བལྟས་ན་སྣང་ཚུལ་ལེགས་པོ་ཞིག་རེད་འདོད།བོད་ཀྱི་རྩོམ་རིག་འདི་ཡང་འཛམ་གླིང་རྩོམ་རིག་གི་འཕེལ་ཕྱོགས་ལྟར་སྣ་མང་ཅན་དང་འཐུས་སྒོ་ཚང་བའི་ལམ་དུ་ཞུགས་དགོས་ན།ཚོགས་པ་འདི་ལྟ་བུ་ནི་དེར་འཇུག་པའི་ཉེར་ལྡོག་ལྟ་བུར་འཁུམ་ཡོད།མི་རབས་གསུམ་པའི་སྙན་ངག་པ་དང་བརྩམས་སྒྲུང་བ་རེ་ཟུང་གི་བརྩམས་ཆོས་ལ་དུས་རབས་ཉི་ཤུ་བའི་འཛམ་གླིང་རྩོམ་རིག་གི་གྲིབ་བརྙན་འདྲེས་ཡོད་པ་མ་ཟད།ཐ་ན་དུས་རབས་ཉེར་གཅིག་པའི་རྩོམ་རིག་གི་ཐབས་རྩལ་དང་ལྷུག་བརྗོད་སྤྲོས་སྟངས་ཇི་བཞིན་ཁོ་ཚོའི་བརྩམས་ཆོས་ཀྱི་ཟ་ཟུར་གང་རུང་ན་མངོན་གྱིན་ཡོད་ལ།སྣང་ཚུལ་འདི་ནི་བོད་ཀྱི་རྩོམ་རིག་ལ་མཚོན་ནས་བཤད་ན་གསོན་ཤུགས་དང་རེ་བ་ཡོད་པའི་རྨི་ལྟས་བཟང་པོ་ཞིག་རེད།དེ་ལྟ་མ་ཡིན་པར་སྔར་བཞིན་བོད་ཀྱི་རྩོམ་སྟེགས་འདི་ཉིད་གླུ་བརྒྱ་གདངས་གཅིག་དང་བྱ་བརྒྱ་འུར་རྡོ་གཅིག་གིས་དཀྲོག་ཐུབ་པའི་གནས་བབས་སུ་གྱར་བ་ཡིན་ན་འཕེལ་རྒྱས་ཞེས་པ་གླེང་ཐབས་བྲལ།དེང་གི་སྤྱི་ཚོགས་ནི་འཛམ་གླིང་ཧྲིལ་བོའི་ངོས་ནས་བལྟས་ན་རིན་ཐང་ལྟ་ཚུལ་མི་འདྲ་བ་དང་རིག་གནས་སྣ་མང་གདོང་གཏུག་བྱེད་པའི་དུས་རབས་ཤིག་ཡིན་ཁར།བརྡ་འཕྲིན་གྱིས་མི་སེམས་ཀྱི་ལྷིང་འཇགས་རྨང་ནས་དཀྲོགས་ཐུབ་པའི་ཟང་ཟིང་གི་འཕྲོ་འདུ་ཤིན་ཏུ་རྒོད་པའི་དུས་རབས་ཤིག་ཀྱང་ཡིན་པས།དེང་རབས་བོད་མིའི་འདུ་ཤེས་འཛིན་སྟངས་དང་བསམ་པའི་འཁྱེར་སོ་གཉིས་ལ་འཚམ་པའི་རྩོམ་རིག་གི་རྣམ་པ་གསར་བ་ཞིག་ལ་འཚོལ་སྙེག་བྱ་རྒྱུ་ནི་ཁ་ཚ་དགོས་གཏུག་ཏུ་གྱུར་འདུག་སྙམ།མི་རབས་གསུམ་པའི་སྙན་ངག་དང་བརྩམས་སྒྲུང་རེ་འགའ་ནི་མཚོན་ཐབས་དང་བརྗོད་བྱ་གང་ཐད་ནས་ལོ་རབས་བརྒྱད་ཅུའི་རྩོམ་འབྲིའི་རྣམ་པ་ལས་ཆེས་ཆེར་འགོངས་ཡོད།འོན་ཀྱང་མི་རབས་གསུམ་པ་གཙོས་དེང་གི་ཕྱི་རབས་པ་མང་པོར་སྐྱོན་ཆ་ཆེན་པོ་ཞིག་ཡོད་པ་ནི།རྩོམ་རིག་གི་སྐད་ཆའི་གནད་དོན་རེད་སྙམ།ལོ་རབས་བདུན་ཅུ་བའི་རྗེས་དང་བརྒྱད་ཅུའི་རྗེས་ཀྱི་རྩོམ་པ་པོ་ཚོར་ཐུན་མོང་གི་སྐྱོན་ཆ་ཞིག་ཡོད་པ་དེ་གང་ཡིན་ཞེ་ན།བོད་རང་གི་སྐད་ཆའི་རྗོད་པ་སྤེལ་སྟངས་རྣལ་མར་འདྲིས་ཆ་མེད་པ་དང་ཐ་སྙད་ཀྱི་ཞུན་བརྡར་ཡག་པོ་ཞིག་ཆོད་ཀྱིན་མེད་པ་དེ་རེད་སྙམ། རྩོམ་རིག་ནི་སྐད་ཆའི་སྒྱུ་རྩལ་ཡིན་པས།དེའི་དངོས་པོའི་འདེགས་བྱེད་ཀྱང་སྐད་ཆ་ཡིན།ཚད་རིམ་ངེས་ཅན་ཞིག་གི་སྟེང་ནས་རྩོམ་རིག་ལ་བྱང་ཆ་དོད་མིན་ནི་སྐད་ཆའི་རྗོད་པ་སྤེལ་སྟངས་ལེགས་མིན་དང་ཐ་སྙད་ཀྱི་ཞུན་བརྡར་ཆོད་ཡོད་མེད་ལ་ཅིག་བལྟས་པས་ལམ་སེང་ཤེས་འོང་།ཐབས་རྩལ་དང་སྒྱུ་རྩལ་བློ་སྦྱོང་གི་ཚད་དེ་ལྟོས་བཅས་ཀྱིས་ཇེ་ལེགས་སུ་ཕྱིན་ཡོད་ཀྱང་།བོད་ཡིག་གི་ཡིག་རྩ་འཁོས་ཞན་དུ་འགྲོ་བཞིན་འདུག་པ་ནི་གནད་དོན་ཞིག་ཏུ་གྱུར་འདུག  རྩོམ་ཡིག་དག་བོད་ཡིག་གི་ལམ་ནས་བྲིས་ཡོད་ཀྱང་རྗོད་པ་སྤེལ་སྟངས་འཆལ་འཆོལ་ཅི་རིགས་ཡོད་པ་ནི་བོད་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་རྩོམ་རིག་འདི་ཉིད་འཕེལ་རྒྱས་འགྲོ་མིན་གྱི་འགག་རྩ་ཞིག་རེད་འདོད།སྐད་ཆ་ནི་བསམ་བློའི་ཤུན་སྐོགས་ཡིན་པར་མ་ཟད།དེ་བསམ་བློ་ཡང་ཡིན།དེ་བས་མི་རིགས་ཤིག་གི་རྩོམ་རིག་འཕེལ་རྒྱས་འགྲོ་བའི་ཉེར་ལེན་ནི་མི་རིགས་དེའི་རྩོམ་པ་པོ་དག་རང་གི་སྐད་རིགས་ལ་བྱང་ཆ་ཡོད་རྒྱུ་དེ་རེད་སྙམ།

   གསུམ། ལ་ལས། རང་ཉིད་མི་འཇོན་པོ་ཞིག་ལ་རློམ་ནས་ཚོགས་པ་འདི་ལ་དགག་རྒྱག་དང་དམའ་འབེབས་བྱེད་ཀྱིན་པར་ལྟ་ཚུལ་ཅི་ཡོད།
   ཚོགས་པ་ཞིག་ལ་མཚོན་ན་དྲང་ལྡོག་གང་ཐད་ནས་དགག་རྒྱག་སྤྲོས་མཁན་ཡོད་ན་དེ་ནི་ང་ལ་མཚོན་ན་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་རེད་འདོད། གོང་ནས་ཀྱང་ངས་ཟུར་ཙམ་གླེང་མྱོང་བ་ཇི་བཞིན།བོད་ནས་རིག་གནས་དང་རྩོམ་རིག་གི་སྣང་ཚུལ་གསར་བ་ཞིག་ཐོན་མ་ཐག་དེ་ལ་འབུར་འཇོམས་དང་ཁྱད་གསོད།ཕུད་རྒྱག་བཅས་བྱས་ནས་ཚོགས་པ་དང་མི་སྒེར་གང་རུང་བས་མཐར་འདེད་གང་ཐུབ་བྱེད་ངེས་པ་ནི་འུ་ཚོའི་སྲོལ་རྒྱུན་ཞིག་རེད་འདོད།རྩོམ་རིག་གི་བློ་སྦྱོང་ཅི་ཡང་མེད་པར་མི་རབས་གསུམ་པའི་རྩོམ་རིག་ལ་དམོད་བོར་མཁན་དང་དགག་རྒྱག་སྤྲོས་མཁན་དག་ནི་དོན་གྱིས་རང་ཉིད་ཀྱི་ནང་མཚང་ཕྱིར་བསྟན་པ་ཙམ་ལས་ཅི་ཡང་མེད་ལ།སྲོལ་རྒྱུན་རྩོམ་རིག་གི་ཤེད་མོང་ཡོད་ལ་དེང་རབས་རྩོམ་རིག་གི་བློ་མིག་ལྡོངས་ཡོད་པ་རེ་འགས་ཚོགས་པ་འདིར་དགག་རྒྱག་སྤྲོས་བཞིན་ཡོད་ལ།ཁོ་ཚོ་ནི་དོན་གྱིས་མེ་ལོང་མར་བརྟེན་ནས་ཐ་སྙད་སྒྲིག་སྟངས་དང་ཚིག་རྒྱན་སྤྲས་སྟངས་ཙམ་ལ་བྱང་བ་ལས་སྙན་ངག་ཅེས་པ་དོན་དམ་ཅི་ཞིག་ཡིན་མིན་ལ་མགོ་འཁོར་ནས་བསྡད་ཡོད་པ་དག་ཡིན་ངེས།ད་ལྟའི་བར་དུ་མི་རབས་གསུམ་པའི་བརྩམས་ཆོས་དག་འཛམ་གླིང་རྩོམ་རིག་སྤྱིའི་ཆོས་ཉིད་ཁྲོད་བཞག་ནས་གཟུར་གནས་ཀྱིས་དཔྱད་པ་གནད་ལ་འཁེལ་བ་གཏོང་མཁན་གཅིག་ཀྱང་མེད་ལ།རྩོམ་རིག་རང་སྟེང་གི་ལྟ་བ་དང་ཆོས་ཉིད།ཁྱད་ཆོས་བཅས་ལ་སྦྱར་ནས་དཔྱད་པ་གནད་དུ་ཐིངས་པ་གཏོང་ཐུབ་མཁན་ཡང་དེ་བས་ཀྱང་མེད།མིག་སྔའི་བར་དུ་མི་རབས་གསུམ་པའི་སྐོར་ནས་བརྒལ་བརྟག་བྱེད་མཁན་ཕལ་མོ་ཆེ་ནི་རང་གི་ཞེན་དོད་ལ་འཇུས་དྲགས་པ་དང་རྩོམ་རིག་གི་མཐོང་སྣེ་ནས་རང་གི་ལྟ་ཚུལ་ཐན་ཐུན་འདོན་མཁན་རེ་ཟུང་ཙམ་ལས།གཞུང་ལུགས་ཀྱི་ཟབ་ས་དང་ཚོར་ཤེས་ཀྱི་ཕྲ་ས་ནས་དཔྱད་པ་གཏོང་ཐུབ་མཁན་ཧ་ལམ་མེད་ཚོད་དུ་སྣང་།མདོར་ན་མི་རབས་གསུམ་པའི་བརྩམས་ཆོས་ལ་དགག་རྒྱག་སྤྲོས་མཁན་དག་གིས་ནི་རྩོམ་རིག་ལག་ཆ་རྐྱང་བར་ངོས་འཛིན་བྱེད་པ་དང་ཡང་ན་རྩོམ་རིག་ཉིད་ཁེ་ཕན་སྒྲུབ་བྱེད་འབའ་ཞིག་ཏུ་བལྟས་ཡོད་པ་ལས།ཁོ་ཚོས་རྩོམ་རིག་ནི་མཛེས་རྟོག་དང་ཡག་སྣང་།མཛེས་ཚོར།སྣང་བཤིག ད་དུང་མིའི་རྣམ་ཤེས་དང་བླ་སྲོག་ལ་ངར་ལྡུད་བྱེད་ཀྱི་ཡན་གར་བའི་རིག་ཚན་ཞིག་ལ་ཁྱོན་ནས་བལྟ་ཐུབ་མེད་པས།དེ་དག་གིས་ཅི་བཤད་ཀྱང་དོ་སྣང་བྱེད་རིན་དང་ཨ་ལན་འདེབས་རིན་མེད་པར་འདོད།

   བཞི། ཚོགས་པ་འདིའི་ཁྱད་ཆོས་དང་ཡོན་ཏན།མཉམ་འཇོག་དང་རྒྱུད་འཛིན་གང་ཞིག་བྱེད་དགོས་པའི་ཐད་མི་རིགས་གཞན་གྱི་རྩོམ་རིག་གི་སྣང་ཚུལ་དང་སྦྲགས་ནས་རང་གི་འདོད་ཚུལ་ལབ་ཅིག
   ཚོགས་པ་སྤྱིའི་ཁྱད་ཆོས་དང་ཡོན་ཏན་གྱི་སྐོར་གླེང་རྒྱུ་ནི་ང་ལ་མཚོན་ན་དཀའ་མོ་ཞིག་རེད།ཁོ་བོར་མཚོན་ན་རྩོམ་རིག་སྐོར་ནས་དྲན་རྟོག་ཐོར་ཙམ་བྱོ་རྒྱུ་ཡང་ཧ་ཅང་ཁག་པའི་གནས་ཤིག་རེད།   བསམ་གཞིག་གནད་ཐིངས་བྱས་ན་རང་ཉིད་ལ་ཁག་མི་འདུག་སྙམ་པ་རེ་སྐྱེས་འོངས།   རྒྱུ་མཚན་ཤིན་ཏུ་ནས་སླ་སྟེ།རྩོམ་རིག་ལ་ཐོག་དང་མཐའ་མེད།   རྩོམ་རིག་ལ་ཤེས་པ་ལས་གཞན་ཚོར་བ་ཟེར་བའི་རྣམ་ཤེས་ལ་སྐྱོམས་འདར་སློང་བྱེད་ཀྱི།   བླ་སྲོག་འཐོམ་སྦྲིད་གཏང་བྱེད་ཀྱི་ནམ་མཁའ་གཞན་ཞིག་ཡོད་པས་རེད།   ཡང་ཅིག་བཤད་ན་རྩོམ་རིག་ནི་ཡི་གེ་ཡིན་པ་མ་ཟད།   ཡི་གེ་ལས་འགོང་ཡོད་པས་ཡིན།ཡི་གེ་ནི་རྩོམ་རིག་གི་ཤུན་སྐོགས་ཡིན།  འགྲོ་མིའི་ཤེས་རིག་བྱུང་འཕེལ་གྱི་ལོ་རྒྱུས་ལས་ཤེས་རྟོགས་འདྲོངས་པ་ནི།  ཡི་གེ་གསར་བཟོ་མ་བྱས་པའི་གདོད་མའི་དུས་སྐབས་སུའང་རྩོམ་རིག་ཡོད་ཅེས་པ་དེའོ།རྩོམ་རིག་གི་བྱུང་བ་དང་མིའི་རིགས་ས་སྒང་ཟླུམ་པོ་འདིའི་སྟེང་དུ་བྱུང་བའི་དུས་ཡུན་གཉིས་ཁྱབ་མཉམ་ཡིན་རྐྱེན་རྩོམ་རིག་སྐོར་ནས་དྲན་འཆར་ཙམ་བྱོ་རྒྱུ་ཡང་ཁག་ངེས་ཨང་།མི་རབས་གསུམ་པའི་རྩོམ་འབྲིའི་ལངས་ཕྱོགས་སམ་ཁ་ཕྱོགས་དེ་ནི་ང་ལ་མཚོན་ན་ཁོ་ཚོའི་ཡར་སྔོན་གྱི་མི་རབས་དག་ལ་མེད་པའི་ཁྱད་ཆོས་དང་ཡོན་ཏན་ཡིན་རྒྱུ་རེད་བསམ།མི་རབས་གསུམ་པའི་རྩོམ་པ་པོ་ཁ་ཤས་ནི་རྩོམ་རིག་མཚན་ཉིད་པའི་ལམ་ཁར་ཞུགས་གྲབས་བྱེད་ཀྱིན་ཡོད་ལ།ཁོ་ཚོས་བོད་ཀྱི་རྩོམ་རིག་འདི་ཉིད་ལག་ཆའི་ངོ་བོ་ཞིག་ཏུ་མ་བལྟས་པར།བོད་མིའི་རྣམ་ཤེས་དང་བླ་སྲོག  བསམ་བློ  སྙིང་སྟོབས་བཅས་ལ་ངར་ལྡུད་བྱེད་ཀྱི་མཛེས་ཚོར་དང་ཚོར་སྣང་ཡག་པོ་ཞིག་ལ་བལྟས་ཡོད་པ་ནི།ད་ལྟའི་བོད་ཀྱི་རྩོམ་རིག་གི་མྱུར་བུལ་མགྱོགས་སུ་འཕེལ་བའི་ལྷན་ཅིག་བྱེད་རྐྱེན་ལྟ་བུར་གྱུར་ཡོད་སྙམ།བོད་དུ་རང་གྲོལ་ནས་བཟུང་དེང་རབས་རྩོམ་རིག་གི་འཕེལ་ཁ་དེ་དུས་རབས་བཅུ་དགུ་བའི་ནང་རྒྱ་ཁྱབ་ཀྱིས་འཛམ་གླིང་ལ་དར་བའི་དངོས་ཡོད་དགག་སྒྲུབ་རིང་ལུགས་ཀྱི་ཚད་ཤིང་ནས་ལམ་ལ་ཆས་པ་རེད་ལ།ད་ལྟའི་བར་དུ་རྩོམ་རིག་ནི་དངོས་ཡོད་སྤྱི་ཚོགས་ཀྱི་གནད་དོན་དང་ཉེས་མཚང་དྲུངས་ནས་འབྱིན་བྱེད་ཅིག ཡང་ན་ཐེར་འདོན་བྱེད་པའི་ལག་ཆ་ལྟ་བུར་ངོས་འཛིན་བྱས་འདུག  བག་ཆགས་དེའི་དབང་གིས།ད་ལྟའི་བོད་ཀྱི་རྩོམ་དགའ་མང་པོ་ཞིག་ལ་རྩོམ་རིག་ནི་ལག་ཆ་ལྟ་བུ་དང་ཡང་ན་ཁེ་ཕན་ཁོ་ན་སྒྲུབ་བྱེད་ལྟ་བུ་ཞིག་ཡིན་པའི་བག་ཆགས་བཞག་ཡོད། ལར་འཛམ་གླིང་རྩོམ་རིག་གི་ད་ལྟའི་འཕེལ་ཕྱོགས་ནི་བརྩམས་ཆོས་ཀྱི་བསྟན་དོན་ནམ་བསམ་བློ་གུད་དུ་བཞག་སྟེ།   ཚོར་སྣང་ངམ་འཆར་སྣང་རྐྱང་བ་ཙམ་ལ་འཐམས་འཁྱུད་བྱེད་པ་ལྟ་བུ་ཡིན།    རྩོམ་རིག་སྤྱིའི་ཆོས་ཉིད་ནི་ཐུན་མོང་ཅན་ནམ་ཁྱབ་གཟུགས་ཅན།ཡང་ན་འཐུས་ཚབ་རང་བཞིན་ཅན་ནས་མི་སྒེར་ཅན་དུ་འཕོས་ཏེ་སྒེར་མིའི་མཐར་ཐུག་གི་དགའ་སྐྱོ་ཆགས་སྡང་བརྗོད་རྒྱུ་དང་།   བསམ་བློ་ཅན་ནས་ཚོར་སྣང་ཅན་དུ་འཕོ་རྒྱུ་དེ་ཡིན།རྩོམ་རིག་གི་ཆེས་དཀའ་གནད་ཀྱང་སྒེར་མིའི་ནང་སེམས་ཀྱི་ཆགས་སྡང་དང་སྡུག་བསྔལ་དྲུངས་ནས་འབྱིན་རྒྱུ་དེ་ཡིན།   དངོས་ཡོད་རིང་ལུགས་ཀྱི་ཚབ་མཚོན་བརྩམས་ཆོས《ཞི་བདེ་དང་དམག་འཁྲུག》བཀླགས་ན་དེ་ལས་མཐོང་ནུས་པ་ནི་ཨུ་རུ་སུར་ཧྲ་ཧོང་གིས་དབང་སྒྱུར་བྱེད་སྐབས་ཀྱི་ལོ་རྒྱུས་བརྙན་རིས་རེད།   དངོས་ཡོད་རིང་ལུགས་ཀྱི་བརྩམས་ཆོས་འདི་དག་ལ་མཚོན་ན་བསྟན་དོན་ཆེད་དམིགས་ཀྱིས་གླེང་རྒྱུ་ནི་མདོ་དོན་ཡིན་ལ།ཚོར་སྣང་གྱི་སྔོན་འགྲོ་ལྟ་བུ་ནི་བསྟན་དོན་ཡིན་པས།ཚད་མཐོ་ས་ནས་གླེང་ན་བརྩམས་ཆོས་འདི་ལྟ་བུར་བསྟན་དོན་ལས་ཚོར་སྣང་མེད་ཅེས་བཤད་ཆོག འདི་དང་བསྡུར་ན《གཟུགས་འགྱུར་ཟིན་ཐོ》བཀླགས་མ་ཐག་དར་ཅིག་ལ་ང་ཚོས་འདིའི་བསྟན་དོན་ཐད་ཀར་ངོས་འཛིན་བྱེད་མི་ནུས་པར།རྨི་ལམ་དང་མངོན་སུམ་མཉམ་བསྲེས་ཀྱིས་གྲུབ་པའི་དྲ་རྒྱ་ཆེན་པོ་ཞིག་ཏུ་ལྟུང་གིན་པའི་ཚོར་སྣང་སྟེར་ངེས།དེ་མིན་རྩོམ་མཁན་ཁོང་གི《ས་དོང་》བཀླགས་ནའང་འཕྲལ་མར་བསྟན་དོན་བཤད་ཁག་པོ་ཡིན།  དེས་ང་ཚོར་བྱིན་པའི་ཅིག་ཅར་གྱི་ཚོར་བ་ནི་མི་གཤིས་ཅན་ཏུ་བྱས་པའི་ཙི་གུ་དེ་སྡུག་ཡུས་ཁྲོད་དུ་ལུས་པའི་སྣང་བ་ཙམ་རེད།  དེ་མིན་ད་དུང《སྦྲང་ནག》དང་《ཞེན་ཁ་ལོག་པ》གཉིས་བཀླགས་པ་ཡིན་ན།  དེ་གཉིས་ཀྱིས་ང་ཚོ་ཀློག་པ་པོ་དག་ཚོར་སྣང་ག་གེ་མོ་ཞིག་གི་ཁྲོད་སིམ་ཏུ་བཅུག་ཁར་ཚོར་བ་དེ་ལས་ཕྱིར་འོང་ཁག་པའི་འཆར་སྣང་བསྩོལ་ངེས།  དེ་བཞིན《ལོ་བརྒྱའི་ཁེར་ཧྲེང་》བཀླགས་ནའང་ཁེར་རྐྱང་དང་སུན་སྣང་གི་ཚོར་སྣང་ཙམ་སྟོབས་ངེས་ཡིན།   སྙན་ངག་གི་སྐོར་ནས་ཀྱང་རྒྱའི་ཧེ་ཙི་དང་ཀོའུ་ཁྲིན་སོགས་ཀྱི་བརྩམས་ཆོས་གླེང་ནས་གསལ་ཁ་གྲོལ་ན་མངོན་སུམ་གྱི་བདེན་པ་ར་འཕྲོད་མོད།   འདིར་ཡིག་ཚོགས་སྐྱུངས་ཕྱིར་མ་བཀོད།
   འཛམ་གླིང་གི་ད་ཆའི་རྩོམ་རིག་གནས་བབ་ལ་ཧོབ་བལྟ་བྱས་ན་ཚོར་སྣང་གིས་མངའ་བསྒྱུར་ཡོད་པ་མ་ཟད།   གང་ཟག་སྒེར་མིའི་ནང་སེམས་ཀྱི་ཚོར་འདུ་ཕྲ་ཞིང་ཞིབ་པ་དག་བསལ་བསེད་འདོར་ལེན་གྱིས་སྔོག་རྒྱུ་ནི་རང་དབང་ཙམ་དང་མཐའ་མཇུག་གི་གནས་མལ་ཙམ་དུ་གྱུར་ཡོད།   བདེ་ཐང་ཡིན་པའི་སྤྱི་ཚོགས་ཁྲོད་རྩོམ་རིག་ལ་འབབ་འོས་ཀྱི་གདན་ཐོབ་དང་ས་མིག་ཡོད་པ་མ་ཟད།   རྩོམ་རིག་རང་ལ་ཡོད་འོས་པའི་ལམ་བུ་དེའང་ཆེས་ཆེར་ཕྱེས་ཡོད་པ་རྟོགས་སླ།   གནས་བབ་འདི་འདྲའི་འོག སྙན་ངག་པ་ཚོས་ཀྱང་སྙན་ངག་པ་རང་གི་ཐུན་མོང་མ་ཡིན་པའི་ནང་སེམས་ཀྱི་ཚོར་བའི་སྐད་སྒྲ་འབྱིན་རྒྱུར་བརྩོན་ངེས།   སྙན་ངག་པ་ལ་མཚོན་ན་འདི་ནི་མཐར་ཐུག་གི་བསྟི་གནས་མ་ཡིན་ནམ།   མི་བུ་སྒེར་ངོས་ཀྱི་ནང་སེམས་གཤགས་ནས་སྟོན་རྒྱུ་དེ་སྒྱུ་རྩལ་ཀུན་པོའི་མཐའ་མཇུག་གི་འབབ་ཚིགས་ཡིན།   རྒྱ་ནག་གི་ལོ་རབས་བརྒྱུད་ཅུ་བ་དང་བོད་ཀྱི་ལོ་རབས་བརྒྱད་ཅུ་བ་ལྟ་བུར་མཚོན་ན།སྙན་ངག་པ་ཚང་མའི་སྒེར་ངོས་ཀྱི་སྐད་སྒྲ་དེ་སྤྱི་ཚོགས་ཀྱི་གནས་བབ་ཀྱིས་བསྐྲུན་པའི་ཐུན་མོང་གི་འུར་ཆོམ་དེས་མཐར་བསྐྲད་བཏང་མྱོང་ཡོད།འུ་ཚོའི་ལོ་རབས་བརྒྱད་ཅུ་བའི་ནང་བརྩམས་གྲུབ་བྱུང་བའི་སྙན་ངག་ཀུན་པོ་བཀླགས་ན་ཚང་མའི་སྙན་ངག་ཏུ་མངའ་བ་ནི་མི་རིགས་ཀྱི་བདེ་སྡུག་ཆེད་དུ་ཚོར་བས་ངུ་ཤུམ་བྱེད་ཀྱིན་པ་དེ་མ་ཡིན་ནམ།
    རྩོམ་རིག་སྤྱིར་འཕེལ་ཕྱོགས་ཀྱི་ཆོས་ཉིད་གསལ་བ་ནང་བཞིན།   རྩོམ་པ་པོའི་རྩོམ་འབྲིའི་ལངས་ཕྱོགས་ལའང་ཆོས་ཉིད་ཡོད།   འོ་ན་ཆོས་ཉིད་དེ་ནི་སྤྱིར་བཏང་།   དམངས་ཁྲོད་ཀྱི་རྣམ་པས་རྩོམ་འབྲི་མཁན—ཤེས་ཡོན་ཅན་གྱི་རྣམ་པས་རྩོམ་འབྲི་མཁན—མི་སྒེར་གྱི་ཆེད་དུ་རྩོམ་འབྲི་མཁན་བཅས་ཡིན་པར་འདོད།  དམངས་ཁྲོད་ནས་ཤེས་ཡོན་ཅན།   ཤེས་ཡོན་ཅན་ནས་མི་སྒེར་ཏུ་རིམ་པར་འཕོ་དགོས་པ་ནི་རྩོམ་པ་པོ་དག་ཆེད་ལས་རྩོམ་མཁན་དུ་འགྱུར་བའི་ཆོས་ཉིད་ཡིན་པ་འདྲ།   མི་རིགས་གང་ཡིན་རུང་སྒྱུ་རྩལ་གྱི་རོ་བཅུད་དྭངས་མ་གཞིབ་འདོད་ན་བར་བརྒལ་རང་བཞིན་གྱི་ལངས་ཕྱོགས་དེ་གསུམ་པོ་བརྒྱུད་དགོས་པ་འདྲ།
   ཁོ་བོར་མཚོན་ན་བོད་རང་གི་ད་ལྟའི་རྩོམ་པ་པོ་ཚོའི་རྩོམ་འབྲིའི་ལངས་ཕྱོགས་ནི་གོང་གསལ་སྐས་རིམ་གསུམ་པོ་ལས་བར་མ་དེ་འོས་བར་སྙམ།   ཤེས་ཡོན་ཅན་གྱི་རྣམ་པས་རྩོམ་འབྲི་རྒྱུ་དེ་དེང་སྐབས་ཕ་སྐད་མ་ཡིག་གི་སྒང་ནས་རྩོམ་འབྲི་གནང་མཁན་གྱི་རྩོམ་པ་པོ་ཚོའི་རྩོམ་འབྲིའི་ལངས་ཕྱོགས་སུ་ངོས་བཟུང་ན་འགྲིག སྙན་ངག་པ་དང་བརྩམས་སྒྲུང་བ།འབོལ་རྩོམ་པ།དཔྱད་བརྗོད་པ།   རྩོམ་རིག་སྨྲ་བ།རྩོམ་རིག་ཆེད་མཁས་པ་གང་ཡིན་རུང་ཤེས་ཡོན་ཅན་གྱི་རྣམ་པས་རྩོམ་འབྲི་རྒྱུ་ནི་སྐབས་དོན་གྱིས་བསྩལ་བའི་འོས་འགན་ཡིན་སྙམ།བོད་སྤྱི་ཚོགས་ལའང་དེང་རབས་སྤྱི་ཚོགས་ཀྱི་རྣམ་པ་ཡོངས་སུ་གྲུབ་རྗེས་རྩོམ་མཁན་ལ་ཤས་སྙན་ངག་མཚན་ཉིད་པའི་ལམ་ཁར་ཞུགས་ངེས་པ་ཆོས་ཉིད་ཅིག་ཡིན།   འོན་ཀྱང་ད་ལྟའི་འུ་ཚོའི་མི་རབས་འདི་ལམ་ཁ་དེར་ཞུགས་རྒྱུའི་རེ་བ་ནི་མག་མོག་ཙམ་ཏུ་སྣང་།   ཤེས་ཡོན་ཅན་གྱི་རྣམ་པས་རྩོམ་འབྲི་བ་དེ་རྩོམ་རིག་མཚན་ཉིད་པ་དང་བལྟོས་བཅས་ཀྱིས་བཤད་ན་དགོས་མེད་ཅིག་ཏུ་སྣང་ཡང་།   ད་ལྟའི་བོད་ཀྱི་སྤྱི་ཚོགས་གནས་བབ་ལ་མཚོན་ན་ཤེས་ཡོན་ཅན་གྱི་རྣམ་པས་རྩོམ་ལུས་ཐམས་ཅད་ལ་འཇུག་རྒྱུ་ནི་སྟོབས་ཤུགས་ཅིག་དང་བློ་འབྱེད་ཅིག   དགོས་དབང་ཅིག་ག་ནས་མིན།  འདུ་ཤེས་འཛིན་སྟངས་ཅན་དུ་བྱས་པའི་སྙན་ངག་འབྲི་སྟངས་འདིས་རྩོམ་རིག་ལ་ཕན་དགེ་བསྐྲུན་པ་མ་ཟད་དེ་ལས་ལྡོག་པའི་རྨ་ཡང་ཕབ་ངེས་མོད།   བོད་ཀྱི་ད་ལྟའི་གནས་བབ་ལ་གཞིག་ན་ལངས་ཕྱོགས་འདི་ནི་ངེས་པར་ལག་ལེན་ལ་བསྟར་དགོས་པ་ཞིག་ཏུ་མཐོང་མོད།མི་རབས་གསུམ་པ་ནི་བོད་ཀྱི་རྩོམ་རིག་གི་ཚོགས་པ་ཆེན་པོ་ཞིག་ཡིན་པས།ཁོ་ཚོའི་མ་འོངས་པའི་ལམ་ཁ་ཡང་རྩོམ་རིག་མཚན་ཉིད་པར་ཁ་ཕྱོགས་རྒྱུ་དེ་ཡིན་ན་ཤིན་ཏུ་ནས་འགྲིག་བསམ།རྩོམ་རིག་མཚན་ཉིད་པའི་ལམ་ཁར་ཞུགས་རྒྱུ་ནི་སྟབས་བདེ་སླ་བཅོས་ཤིག་ཁྱོན་ནས་མིན་པས།དཔེ་ཀློག་དང་བསམ་གཞིག  ཉམས་མྱོང་དང་བློ་སྦྱོང་།ནང་བསྟན་མཚན་ཉིད་རིག་པ་དང་བོད་ཀྱི་དམངས་ཁྲོད་རྩོམ་རིག  ལ་གཞས་དང་གླུ་ཤགས།མགུར་མ་བཅས་ལ་སློབ་སྦྱོང་ཤ་ཐང་དུ་འབད་ནས།བོད་མིའི་འདུ་ཤེས་དང་འོག་འགྱུའི་སེམས་བྱུང་།མཛེས་སྣང་གི་ལྟ་བ།རིན་ཐང་ལྟ་ཚུལ་བཅས་མཚོན་ནུས་པའི་རྩོམ་རིག་གི་མངོན་སྟངས་རང་ཡན་པ་ཞིག་ལ་ཁ་ཕྱོགས་རྒྱུ་ནི་དོན་དམ་པ་རེད་འདོད།འདིར་རྒྱུད་འཛིན་གྱི་སྐོར་ནས་ངེས་པར་དུ་རང་གི་བསམ་ཚུལ་ཙམ་བྱོ་དགོས་ཟེར་ན།ངས་བཤད་འདོད་པ་ནི།བོད་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་རྩོམ་རིག་པདྨའི་ཚལ་དེ་ཇེ་མཛེས་ཇེ་ཡག་ལ་གཏོང་བར་བསམ་གཞིག་གནད་སྨིན་གཏོང་རྒྱུ་ནི་མི་རབས་གསུམ་པ་བ་དག་གི་ཕྲག་ལ་བབས་ཡོད་པའི་གཡོལ་མེད་ཀྱི་འགན་ཁུར་ཞིག་ཏུ་སེམས།སྲོལ་རྒྱུན་མཁས་པ་དག་གིས་བརྩམས་གནང་མཛད་པའི་ཚིག་གི་གཏེར་བུམ་མང་པོ་བཀླགས་པ་ཡིན་ན།གཞི་ནས་སོ་སོའི་བརྩམས་ཆོས་ཁྲོད་དུ་བོད་རང་གི་རྗོད་པ་སྤེལ་སྟངས་གཤའ་མས་བཅུད་ཐོན་ངེས་ཡིན་ལ།ནུབ་གླིང་གཙོས་འཛམ་གླིང་གི་གྲགས་རྩོམ་མང་པོ་ཞིག་ལ་མཇལ་བ་ཡིན་ན་དེ་དག་གིས་ཁྱེད་ལ་སྟོབས་ངེས་པ་ནི།གྲགས་ཅན་རྩོམ་མཁན་ཚོའི་རྩོམ་འབྲིའི་བློ་སྦྱོང་དང་ཐབས་རྩལ་སོགས་རང་རྒྱུད་དུ་ལེན་ཐུབ་པར་མ་ཟད།རྩོམ་རིག་གི་རྟོག་པ་མཐོར་གཏང་ངེས་པ་ཐག་ཆོད་ཡིན།ནུབ་གླིང་གི་རྩོམ་རིག་སོགས་ལ་ཅི་ཙམ་ལད་བཟློས་དང་དེ་དག་གི་སྒྱུ་རྩལ་མཛེས་སྣང་ལ་འགྲམ་ཆུ་ཅི་ཙམ་ལྡང་ཡང་།མཐར་ཐུག་གི་འབབ་ཚིགས་དེ་བོད་རང་གི་ས་སྐྱེས་རྡོ་སྐྱེས་ཡིན་པ་མི་བརྗེད་པ་བྱ་རྒྱུ་ནི་རྒྱུད་འཛིན་དང་མཉམ་འཇོག་བྱ་དགོས་པའི་དོན་བྱ་ཆེན་པོ་རེད་བསམ།

   ལྔ། ཁྱེད་ལ། མི་རབས་གསུམ་པ་ཞེས་པའི་སྙན་ངག་གི་ཚོགས་པ་འདི།མ་འོངས་པའི་དུས་ཤིག་ན་བོད་ཀྱི་རྩོམ་རིག་གི་བརྡ་ཆད་ཅིག་ཏུ་འགྱུར་བའི་ཡིད་ཆེས་ཡོད་དམ།
  ཁྱེད་ཀྱི་འདྲི་ཚིག་འདི་ནི་མཐའ་སྡོམ་འགོད་ཁག་པའི་གནད་དོན་ཞིག་རེད་བསམ། མི་རབས་གསུམ་པ་ཞེས་པའི་ཚོགས་པ་འདི་ཉིད་མ་འོངས་པའི་དུས་ཤིག་ན་བོད་ཀྱི་རྩོམ་སྟེགས་ནས་རྩོམ་རིག་གི་བརྡ་ཆད་ཅིག་ཏུ་འགྱུར་མིན་དེ་གཙོ་བོ་ཚོགས་མི་ཁོང་ཅག་གི་འབད་འབུངས་དང་རྩོམ་རིག་གི་གྲུབ་འབྲས་ལ་བལྟ་རྒྱུ་ལས།ང་ལ་དེའི་ཕན་ནས་དཔྱད་འཇོག་བྱེད་པའི་སྤོབས་པ་བྲལ།དགོངས་དག  

   དྲུག  མཐར་ཁྱེད་ཀྱིས་བཤད་འདོད་ཅིང་ང་ཡིས་འདྲི་མ་ཐུབ་པར་ལུས་ཡོད་པའི་དྲན་ཚུལ་དག་གང་བྱུང་དུ་ལབ་ན་ཅི་འདྲ།
   ངས་བཤད་འདོད་པ་མང་པོ་ཞིག་བཅར་འདྲིའི་ཁྲོད་བཤད་ཟིན།ད་ཆེན་པོ་ཞིག་བཤད་རྒྱུ་མེད།མཇུག་མཐར་མི་རབས་གསུམ་པའི་རྩོམ་རིག་བརྩམས་ཆོས་དག་ལ་ཤར་ནུབ་རིག་གནས་ཀྱི་བཅུད་ཀྱིས་ལྟེམས་ཤིང་གསར་རྩོམ་གྱི་རྒྱུན་དབྱར་གྱི་ཤྭ་འོད་ལ་འགྲན་ཐུབ་པའི་སྨོན་འདུན་དང་ཁ་གཡང་གཙང་མ་དད་སེམས་ཀྱི་གཏིང་ནས་བསྒྲོན་པ་ཡིན། བཀའ་དྲིན་ཆེ། ད་ངས་བཤད་ཚར་སོང་།
 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།