གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་ཀྱི་རྩོམ་རིག་དང་མི་རབས་གསུམ་པ།

2011-05-11 09:58:00 ལྷམ་ཀོག ཀློག་གྲངས། མཆན ཡོད།


    མི་རབས་གསུམ་པ་ཞེས་པའི་སྙན་ངག་གི་ཚོགས་པ་འདི་མི་ཁ་དང་འཕྱ་དམོད་ཀྱི་འདམ་རྫོབ་ཁྲོད་ནས་འཕག་ཅིང་། ད་ཆར་རིམ་གྱིས་དཀར་ཕྱོགས་སུ་འགྲོ་བཞིན་འདུག་པའི་རྣམ་པ་འདུག དེ་ཡི་དན་རྟགས་ནི་ཁོ་བོས་བལྟས་ན་བོད་ཁུལ་གྱི་རྩོམ་རིག་དུས་དེབ་མིང་གྲགས་ཅན་སྦྲང་ཆར་དང་གངས་རྒྱན་མེ་ཏོག  དབུས་གཙང་ཁུལ་གྱི་དུས་དེབ་ཚད་ལྡན་དག་ནི་ཁོ་ཚོའི་སྙན་ངག་དང་ཁ་འབྲལ་ཐབས་མེད་པ་ཞིག་ཏུ་གྱུར་བའི་སྣང་ཚུལ་བྱུང་འདུག་པ་དང་།  བོད་ཀྱི་རྩོམ་སྟེགས་གླེང་ན་སྐྱབས་ཆེན་བདེ་གྲོལ་དང་རེ་རྐང་གླིང་མདའ་བཙན་པོ།  ཁུ་བྱུག་སྔོན་མོ་དང་མར་ཁུ་རྒྱལ་མཚན་སོགས་མི་གླེང་ཐབས་མེད་དུ་གྱུར་བའི་རྣམ་པ་ཤར་ཡོད།  ལྷག་པར་དུ་སྐྱབས་ཆེན་བདེ་གྲོལ་ལགས་ཀྱི་སྒྲུང་གཏམ་དང་སྙན་ངག་ནི་དུས་རབས་དང་ལོ་རབས་གང་འཚམ་ཞིག་གི་སྒལ་ཚིགས་ལྟ་བུར་ངོས་འཛིན་མཁན་ཡོད་པར་མ་ཟད།  ངོས་བཟུང་བ་ཙམ་མ་ཡིན་པར་ཁྱད་ཆོས་ཀྱང་ངོམ་རི་བ་ཞིག་ཡོད་པར་འདོད་ཡོད། འོན་ཀྱང་མི་རབས་གསུམ་པའི་སྙན་ངག་དང་སྒྲུང་གཏམ་ལ་ཆེད་དུ་དཔྱད་གཏམ་གཏོང་མཁན་ཞིག་བྱུང་མེད་པ་ནི་གྲུ་གཟིངས་སྒུལ་བ་ལ་གྲུ་ཁེམ་མེད་པའི་དཔེ་རུ་སོང་ཡོད་ཅིང་། ད་ལྟའི་སྐབས་སུ་བོད་ཕྱི་ནང་གང་ན་ཡང་དེང་རབས་རྩོམ་རིག་གི་དཔྱད་བརྗོད་པ་མིང་གྲགས་ཆེ་བ་ཞིག་ཡོད་པ་ནི་སྐུ་ཞབས་བདུད་ལྷ་རྒྱལ་ལགས་མོད།  ཁོང་གིས་ཀྱང་ད་སྔའི་བར་དུ་མི་རབས་གསུམ་པའི་སྙན་ངག་པ་སྐྱབས་ཆེན་གྱི་སྒྲུང་གཏམ་ཐད་ནས་ཆེ་མཐོང་གི་གཏམ་བཤད་གནངས་ཡོད་པར་ཐོས་ཀྱང་།  དེ་ལས་གཞན་མི་རབས་གསུམ་པའི་སྙན་ངག་ལ་བཟང་ངན་གྱི་དགེ་སྐྱོན་ཅི་གང་ཡང་གནངས་མི་འདུག  སྣང་ཚུལ་དེ་ནི་སྐུ་ཞབས་བདུད་ལྷ་རྒྱལ་ཁོང་ལ་མཚོན་ན་ད་ལྟའི་བོད་ཀྱི་རྩོམ་རིག་གི་གར་སྟེགས་ཆེན་པོ་འདིའི་འགན་འཁྲི་ཕྲག་སྟེང་དུ་བླངས་ཡོད་པའི་ཆ་ནས་ཁོང་གི་ཞན་ཆ་རང་རེད།  རྒྱུ་མཚན་མི་རབས་གསུམ་པའི་སྙན་ངག་གིས་དྲ་དེབ་ཡོངས་སུ་རྫོགས་པ་ཟིན་གྲབས་བྱས་ཚར་ཞིང་།ན་གཞོན་ལོ་ཆུང་དག་གི་མིག་དབང་ཡང་རྐུ་བཞིན་འདུག་པས། སྐུ་ཞབས་ཁོང་གིས་བཟང་ངན་གང་རུང་གི་ངོ་བོ་གསལ་འདོན་ཞིག་མི་བྱེད་རང་བྱེད་དུ་གྱུར་ཡོད་པའི་ཁར། བོད་ཀྱི་རྩོམ་རིག་གི་དཔྱད་བརྗོད་པ་སུ་ཡིན་རུང་ལེགས་ཉེས་འབྱེད་པའི་དུས་སུ་བབ་འདུག  གལ་ཏེ་མི་རབས་གསུམ་པའི་རྩོམ་རིག་ཞིང་ནང་གི་ལྡུམ་བུར་ལྟ་མཁན་ཞིག་ཡིན་རུང་ཞིང་ནང་ལ་བདག་པོ་རྒྱག་ཚད་ཅིག་ལ་བསླེབས་ཡོད།  དེའི་ཕྱིར་སྐུ་ཞབས་བདུད་ལྷ་རྒྱལ་གཙོས་རྩོམ་རིག་དཔྱད་བརྗོད་པ་དག་སྐུ་ཞབས་འཇུ་བསྐལ་བཟང་དང་ལྗང་བུ་གཅན་མེ་སྟག་རྣམ་པ་དང་འབོལ་བའི་ཁྲི་ལ་བདེ་བར་བཟིམ་པའི་ཆེ་གེ་མོ་དག་གི་སྙན་ངག་ཁོ་ན་གླེང་བ་ལས་འདས་ཏེ། མི་རབས་གསུམ་པའི་རྩོམ་རིག་གི་རྩྭ་ཐང་དུ་བསླེབ་ན་ཨང་།
     ཁོ་བོས་མི་རབས་གསུམ་པའི་རྩོམ་རིག་གི་ཁྱད་ཆོས་དང་ལྟ་གྲུབ་གླེང་བར་ཤེས་རབ་ཀྱི་རྩལ་གྱིས་མི་ལོངས་ཤིང་།  སྒྱུ་རྩལ་བློ་སྦྱོང་གིས་ཤེད་ཀྱིས་མི་སྤོབས་པས་ན་སྙན་ངག་གིས་མཚོན་པའི་བརྩམས་ཆོས་དག་ལ་དཔྱོད་པ་དཔྱད་ག་ལ་ནུས་མོད།  རང་གི་དགའ་ཕྱོགས་དང་མཐུན་པའི་སེམས་ཚོར་ཞིག་ནི་གླེང་བར་འདོད་ཡོད།  སྤྱིར་རྩོམ་རིག་བྱུང་འཕེལ་དང་རྩོམ་རིག་གི་དགེ་སྐྱོན།  ལྟ་གྲུབ་སོགས་གཅིག་གི་སྟེང་དུ་གཅིག་བརྩེགས་ཏེ་དཔྱད་ཤེས་པ་ཞིག་གིས་དཔྱད་ན་གཞུང་ལུགས་དང་མཐུན་མོད། ཁོ་བོ་ལ་ནི་གཞུང་ལུགས་ཀྱི་རྒྱབ་རྩ་གང་ཡང་མེད་ལ། དེ་ཀོ་འདི་རུ་གླེང་འདུན་ཡང་མེད། 
      ང་ཚོའི་བོད་པའི་རྩོམ་སྟེགས་སུ་ཡང་ད་ལྟའི་སྐབས་ནུབ་ལུགས་ཀྱི་གྲུབ་མཐའི་བྱུང་འཕེལ་ལྟར།  དེངས་རབས་རང་ལུགས་དང་།  དངོས་ཡོད་རང་ལུགས།  འཆར་ཡན་རང་ལུགས།  དེང་རབས་ཕྱི་མའི་རང་ལུགས་སོགས་ཀྱི་ཐ་སྙད་མིང་དུ་བྱུང་ཞིང་ཀུན་གྱིས་འབྲི་བཞིན་འདུག་མོད།  ཁོ་བོས་ནི་དེ་དག་གི་རྩ་བའི་ཁྱད་ཆོས་མི་འདྲ་ཚུལ་དང་དེ་དག་ནུབ་ཕྱོགས་སུ་ཅི་ལྟར་དར་སྤེལ་བྱས་ཚུལ་དེ་ཤེས་ཀྱང་མི་ཤེས་ལ་གླེང་ཡང་གླེང་རྒྱུ་མིན་པས་བཏང་སྙོམས་སུ་འཇོག་པར་བྱ།  ངེད་ཅག་བོད་པའི་རྩོམ་སྟེགས་ཁོ་ནར་བལྟས་པ་ཡིན་ན།  སྔོན་བོད་བཙན་པོའི་སྐབས་ནས་སིལ་བུའི་བར་དང་བོད་སིལ་བུའི་དུས་ནས་ལོ་རབས་བརྒྱད་བཅུ་བའི་བར་དུ་བོད་ཀྱི་རྩོམ་སྟེགས་སྟེང་དུ་ཐ་སྙད་མི་འདྲ་བ་ཆེན་པོ་གསུམ་བྱུང་ཡོད་པ་འདྲ།
     སྔོན་བོད་བཙན་པོའི་དུས་སུ་མགུར་ཞེས་པ་དང་།  བོད་སིལ་བུའི་དུས་སུ་སྙན་ངག་ཅེས་པ། ལོ་རབས་བརྒྱད་ཅུ་བའི་མགོ་ནས་བཟུང་རྩོམ་རིག་ཅེས་པའི་ཐ་སྙད་མི་འདྲ་བ་བྱུང་ཡོད་པ་དེ་བཞིན།  ཐ་སྙད་སོ་སོའི་སྐབས་ཀྱི་རྩོམ་རིག་གི་ངོ་བོ་དང་རྣམ་པ་རྒྱབ་ལྗོངས་ཀྱང་མི་འདྲ་བར་འདུག  བོད་བཙན་པོའི་སྐབས་ཀྱི་མགུར་གྱིས་མཚོན་པའི་རྩོམ་རིག་ནི་བོད་རང་གི་གཉུག་མའི་སྐད་དང་བྲོ་བས་ཕྱུག་ཅིང་།  ཡིག་ཐོག་ནས་སྦྱངས་པ་མ་ཡིན་པར་དམངས་དང་རང་བྱུང་ཁམས་བར་གྱི་འདུལ་སྦྱོང་དང་ལག་ལེན་ལས་བྱུང་བ་ཞིག་ཡིན་པས་མི་སྒེར་སོ་སོའི་ཆགས་པ་དང་སྡང་བ་མཚར་སྣང་ལ་དང་དོད་བྱས་པ་ཤར་སྟག་ཏུ་འདུག་མོད།  བོད་སིལ་བུའི་དུས་སུ་སྙན་ངག་ཅེས་པའི་ཐ་སྙད་བོད་ཀྱི་རྩོམ་སྟེགས་སུ་བསླེབས་པ་ནས་རིམ་གྱིས་མགུར་གྱི་རྒྱབ་ལྗོངས་སུ་བྲིས་པའི་ཚོས་མདངས་དེ་ཡང་སེར་པོར་བྲིས་ཤིང་། ད་དུང་རྩོམ་རིག་གི་སྐད་ཆ་དང་ལྟ་བ་སོགས་དཔེ་ཆ་ལས་སྦྱངས་ཤིང་།  མི་སོ་སོའི་སྒེར་གྱི་ཆགས་སྡང་དང་མཚར་སྣང་ལ་ཚོད་འཛིན་ཐེབས་པའི་ཁར།  དཔེ་དང་གཏན་ཚིགས་ཀྱང་རང་དང་ལྐོག་ཏུ་གྱུར་བ་གང་མང་ཞིག་ཏུ་སོང་བའི་ཁར།  ཟབ་ཅིང་རྒྱ་ཆེ་བའི་ཆོས་ལུགས་ཁོ་ནས་བྲན་ལྟ་བུར་བསྒྱུར་ཏེ། མི་སོ་སོའི་སྒེར་གྱི་རང་དབང་བའི་སེམས་ཚོར་དང་མ་འབྲེལ་བར་བཅོས་མའི་སྙན་ངག་མང་དུ་བྲིས་པར་བསྟུན། ང་ཚོའི་སྙན་ངག་གང་མང་ཞིག་བསྟོད་རྩོམ་དུ་སོང་ཡོད་པའི་རྒྱུ་དེ་ལ་ཐུག་ཡོད་པར་འདོད་དོ།། འོན་ཀྱང་འདི་དུས་སུ་གཏན་ནས་རྩོམ་པ་པོ་རང་རང་གི་སེམས་ཚོར་ལ་རྩིས་ཆེན་བྱེད་པའི་སྙན་ངག་གཅིག་ཀྱང་མེད་པར་ལབ་པ་མིན་མོད།  མང་ཆེ་བའི་ཕྱོགས་ནས་དེ་ལྟ་བུ་ཞིག་རེད་ཅེ་ན་མི་བསྐྱོན་པར་འདོད་ཡོད། ལོ་རབས་བརྒྱད་ཅུ་བའི་ལོ་མགོར་རྩོམ་རིག་ཅེས་པའི་ཐ་སྙད་འདི་བོད་ཀྱི་རྩོམ་སྟེགས་སུ་རྒྱ་ཆེན་པོ་བྱས་ཏེ་བྱུང་བ་དང་ལྷན་དུ།  བོད་ཀྱི་རྩོམ་སྟེགས་ཀྱི་རྒྱབ་ལྗོངས་ཀྱང་འགྱུར་ཡོད་ལ། སྐབས་དེར་སྤྱིར་བོད་རང་གི་ཆབ་སྲིད་དང་དཔལ་འབྱོར་གང་ཐད་ནས་འབབ་ཚིགས་ཆེན་པོ་ཞིག་ཡིན་པར་བསྟུན།  སྐུ་ཞབས་དོན་འགྲུབ་རྒྱལ་གྱི་ལང་ཚོའི་འབབ་ཆུས་མི་རང་ག་བའི་རྒྱུད་ཀྱི་ཉེ་རིང་ཆགས་སྡང་ལ་དཀྲུགས་བརྒྱབས་ཏེ་ན་གཞོན་དག་ལ་སྐུལ་འདེད་བཏང་བ་དང་།  བོད་ཀྱི་སྙན་ངག་གིས་མཚོན་པའི་རྩོམ་སྟེགས་དེ་ལྷ་ཡི་བཞུགས་ཁྲི་ནས་མི་ཡི་འདུག་སྟེགས་སུ་བསྒྱུར་ཅིང་།  མཚོན་ཐབས་ཀྱི་ཆ་ནས་མེ་ལོང་མའི་ལྷན་པ་འབྱར་ཡོད་རུང་།  བརྗོད་བྱའི་ཐད་ནས་འཕོ་འགྱུར་ཤིན་ཏུ་ཆེན་པོ་བྱུང་བར་མ་ཟད།  རྣམ་པའི་ཆ་ནས་ཀྱང་འགྱུར་བ་ཆེན་པོ་ཐེབས་ཏེ་མཚང་མིང་ལ་རྐང་ཆག་མ་དང་དངོས་མིང་ལ་རང་མོས་སྙན་ངག་ཟེར་བ་འདི་དབུ་བརྙེས་ཏེ་ལྟའི་བར་དུ་ལོ་ངོ་སུམ་བཅུ་ལྷག་ཕྱིན་ཡོད་ཅིང་།  དེའི་རིང་ལ་སྙན་ངག་པ་འཇུ་བསྐལ་བཟང་དང་། ལྗང་བུ།  གཅན་མེ་སྟག་སོགས་སྔར་ལས་མདུན་སྐྱོད་ཀྱི་ལམ་དུ་ཆས་ཏེ་འབྲས་བུ་ཕུན་སུམ་ཚོགས་པ་ལོན་ཡོད་པ་མིག་མཐོང་ལག་ཟིན་ཡིན་རུང་། དེ་དག་གི་རྗེས་ནས་ང་ཚོའི་རྩོམ་སྟེགས་སུ་རྩོམ་རིག་གི་རྐང་འཛིན་པ་ཞིག་བྱུང་མེད་པ་འམ་ཡང་ན། དེ་དག་གི་རྐང་རྗེས་ཁོ་ནར་ལག་རྗེས་གཏུགས་པ་ཙམ་ལས། གླེང་རིན་མེད་པ་དང་དཔྱད་རིན་མེད་པར་འདོད་པ་ནི་འདོད་མཁན་ཁྱེད་ཅག་ཕལ་ཆེར་ཕྱོགས་སུ་ལྷུང་བ་འམ་འཁྲུལ་བར་ཁོ་བོས་འདོད།
     རྒྱུ་མཚན་ནི་ཁོ་བོས་འདི་ནས་ཟུར་ཙམ་གླེང་འདོད་པའི་མི་རབས་གསུམ་པ་ཞེས་དཔུང་སྡེ་འདི་ཡིན་ཞིང་།  དེང་སྐབས་མི་རབས་གསུམ་པའི་སྙན་ངག་གིས་མཚོན་པའི་ཁོང་ཅག་གི་རྩོམ་རིག་ལ་གདེང་འཇོག་བྱེད་མཁན་མང་དུ་འགྲོ་བའི་རྣམ་པ་ཐོན་མོད།  སྔོན་མར་མི་མང་པོ་ཞིག་གིས་མི་རབས་གསུམ་པ་གླེང་བ་ནི་མཚར་འདོད་ཅིག་གམ།  ཡང་ན་འཕྱ་འདོད་ཁོ་ནར་ཕྱོགས་ཡོད།  དེ་ལྟར་བྱེད་མཁན་ཁོང་ཚོ་ལ་ཡང་ཁག་མེད་དེ།  མི་རབས་གསུམ་པའི་ཚོགས་མི་འགའ་རེ་ཡིས་མིང་བཟང་དུ་བཏགས་ན་གསར་རྟགས་སམ་མིང་བཙོག་ཏུ་བཏགས་ན་སྨྱོ་རྟགས་བསྟན་པ་མང་བས་ཡིན་སྲིད་མོད།  དེས་ཁོང་ཅག་གི་སྙན་ངག་གིས་མཚོན་པའི་རྩོམ་ཡིག་ལ་ཚད་ལེན་པ་ནི་སྐབས་སོ་སོར་ཕྱེས་མ་ཤེས་པའི་ནོངས་པ་ཁོ་ན་རེད། ཡང་འགའ་རེས་མི་རབས་གསུམ་པའི་སྙན་ངག་ལ་གོ་རྒྱུ་མི་འདུག  བརྡ་ལོག་དང་ཐ་སྙད་བཙོག་པ་མང་པོ་ཞིག་གིས་ལྷད་ཡོད་པར་བཤད་ཀྱིན་འདུག  དེ་ཡང་སྐབས་རེར་བདེན་པའི་ཆ་སྣང་མོད། དེ་ལ་སྐྱོན་དུ་བལྟ་བུར་མི་བྱ་སྟེ་གང་བུ་གསར་དུ་འབུས་མ་ཐག་པ་ཞིག་གཉོམ་ཆུང་བ་ལས་ཁོ་ལག་ཡོངས་སུ་རྒྱས་མེད་པའི་ཕྱིར་དང་། བྱེ་བྲག་གིས་སྤྱི་ལ་ཚོད་འཛིན་པ་ནི་རང་ཉིད་ཀྱི་རིག་པར་མཐུ་རྡུགས་པས་ལན་ཡོད་མེད་ལའང་བལྟ་དགོས།  མདའ་བཙན་པོའི་ཁ་བཙོག་སྙན་ངག་རེ་འགའ་ཀློག་པ་པོས་མཐོང་ཐུབ་ན་ཁོའི་སྙན་ངག་གཞན་དག་མཐོང་ཅི་ལ་མ་ཐུབ་པ་ཡིན་ནམ།  དེ་དང་དེས་མཚོན་པའི་མི་རབས་གསུམ་པའི་སྙན་ངག་གི་ཚད་གཞི་སྔོན་མའི་ལམ་དང་ལུགས་སྲོལ་དང་ཅུང་མི་མཐུན་སར་བསྙེགས་ཤིང་།  ཁྱད་ཆོས་དོད་པོ་ཞིག་གི་ལམ་དུ་སོང་བ་ཡོད་མེད་ལ་མི་བལྟ་བར་མི་རབས་གསུམ་པ་གླེང་བ་ནི་མདའ་ཤར་དང་འབེན་ནུབ་ཏུའོ།།  མི་རབས་གསུམ་པའི་སྙན་ངག་པ་དག་གི་སྙན་ངག་ནི་ཕྱོགས་གཅིག་ཏུ་མ་ངེས་ཤིང་།  རགས་ཙམ་གྱིས་བལྟས་ན་གོ་དཀའ་བའི་རིགས་ཤིག་དང་།  གོ་སླ་བའི་རིགས་ཤིག  བར་མ་དོའི་རིགས་ཤིག་གསུམ་དུ་འདུ།  སྐྱབས་ཆེན་བདེ་གྲོལ་དང་རེ་རྐང་གླིང་། མཚོ་བུ་དགའ་བདེ། བསྒྲལ་རྡོ། རྨོག་རུ་ཤེས་རབ་རྡོ་རྗེ་ཐེ་བའི་སྙན་ངག་གོ་དཀའ་བ་དང་།  མར་ཁུ་རྒྱལ་མཚན་དང་ཁུ་བྱུག་སྔོན་མོ།མདའ་བཙན་པོ། གུ་རུ་དོན་འགྲུབ།  ས་དཀྱིལ་ཚེ་བཀྲ བྱང་སྒྲ་སྙན། འབྲོང་ཕྲུག་སོགས་ཀྱི་སྙན་ངག་གོ་སླ་བ་དང་།  ཐོ་རངས་དང་དུང་སོགས་བར་མ་དོ་རུ་གནས་ཡོད།  སྐྱབས་ཆེན་དང་རེ་རྐང་གླིང་གཉིས་ཀྱི་སྙན་ངག་ལ་མཚོན་ན་གོ་དཀའ་བ་འདྲ་ཡང་།  སྙན་ངག་གི་མཚོན་ཐབས་དང་ཚིག་གི་ཞུན་བརྡར་མི་འདྲ་ཞིང་།  སྐྱབས་ཆེན་ཀྱི་སྙན་ངག་གིས་ནམ་རྒྱུན་སྟོང་བ་སྟོང་བའི་ངོ་བོ་ལྟ་བུ་ཞིག་ལ་བལྟས་ཏེ་འཇིག་རྟེན་གྱི་རི་ར་བ་ཁང་ཁྱིམ་དག་ལས་འཇིག་རྟེན་ལས་འདས་པའི་སྐབས་རེར་ཡོད་ཡོད་འདྲ་བ། སྐབས་རེར་མེད་མེད་འདྲ་བའི་དབྱིངས་ཤིག་སྟོན་པ་དང་འདྲ་ཞིང་།  སྣང་བརྙན་དང་གབ་ཤུགས་ཀྱིས་ཀློག་པ་པོར་ཧད་དུ་འཇུག་ཅིང་། མཚོན་བྱ་གང་ཡིན་པ་དེ་ལྐོག་ཏུ་སྟོན་པ་འམ། གཤིབ་བསྡུར་དང་བསམ་ཡན་རང་བཞིན་གྱིས་མངོན་འདུག་པས། ཤེས་རབ་རླབས་ཆེ་བའི་ཟིལ་ཞིག་མངོན་སྟངས་ལ་གཞིགས་ན་ཀློག་པ་པོ་ཚད་ངེས་ཅན་ཞིག་ཏུ་མ་བསླེབས་ཀྱི་བར་དུ་ཁེར་རྐྱང་དུ་ལྷུང་ཡོད་ངེས་རེད།  སྤྱིར་རེ་རྐང་གླིང་གི་སྙན་ངག་ཀྱང་གབ་དོན་དང་སྣང་བརྙན་གྱི་ཆ་ནས་སྐྱབས་ཆེན་དང་ཐག་ཉེ་ཡང་།  སྙན་ངག་རང་སྟེང་གི་རྗོད་བྱེད་ཀྱི་ཚིག་བེད་སྤྱོད་སྟངས་ལ་གྱོང་གཤིས་ལྡན་ཞིང་། ཀློག་པ་པོར་ཐོག་མར་འཇིག་སྣང་བསྐུར་བ་ནི་ཐ་སྙད་མཁྲེགས་པོ་དང་སྣང་བརྙན་འཚུབ་པོ་དེ་ཡིན་ཞིང་།  དེ་ནས་ཕར་སྙན་ངག་གི་ཁམས་སུ་བསྙབ་ཐུབ་པ་ཡིན་ན་ཆེས་དྭངས་གཙང་གི་ཆ་ཞིག་དང་བརྩེ་བའི་ཆ་ཞིག་ངེས་པར་དུ་ཁྱེད་ལ་བསྟེར་སྲིད།  ཁོང་གཉིས་སུའི་སྙན་ངག་ལ་ཡང་ཐུན་མོང་གི་ཆ་ཞིག་ཡོད་པ་ནི་སྙན་ངག་གི་མཛེས་ཚོར་རམ།སྙན་རོ་དེ་ཚིག་བྱེ་བྲག་པ་རེ་རེ་སྟེང་དུ་མི་གནས་པར་སྙན་ངག་གི་སྤྱི་ཁྱབ་ཀྱི་སྟེང་དུ་གནས་འདུག་ཅིང་།  སྙན་ངག་པ་འདི་གཉིས་ཀྱི་སྙན་ངག་གང་ཡིན་རུང་ཚིག་རྒྱན་གྱི་རྒྱལ་སྲིད་ཡོངས་སུ་ཉམས་པར་བྱས་ཤིང་། བཀླགས་པའི་མཐར་སླར་ཡང་བླ་འདར་བའི་ཚོར་བ་ཞིག་གིས་རྗེས་སུ་འཐེན་པ་དང་འདྲ།  ད་དུང་ཁོང་གཉིས་སུས་བྲིས་པའི་སྙན་ངག་ཞིག་ཡིན་ན་དེ་ལས་སྲོལ་རྒྱུན་གྱི་དཔེ་དང་དཔེ་ཅན་དང་དེང་རབས་སྙན་ངག་ཁྲོད་ཀྱི་སྣང་བརྙན་ཟེར་བའི་ཧེ་བག་ཡོངས་སུ་ཤེས་ཐུབ་པ་འདྲ།  དེ་མིན་དེང་རབས་སྙན་ངག་ཡིན་ཟེར་མཁན་གང་མང་ཞིག་ལ་སྣང་བརྙན་ཟེར་བ་དང་དཔེ་རྒྱན་ཟེར་བ་གཉིས་འདྲ་སེར་འདུག་པས་ཡོངས་སུ་དེང་རབས་སུ་ཕྱོགས་ཨེ་ཡོད་དམ་སྙམ་མོ།།  གཞན་ཡང་ཁུ་བྱུག་དང་མར་ཁུ་སོགས་ཀྱིས་མཚོན་པའི་སྙན་ངག་ནི་གོ་སླ་ཞིང་ཐད་སོར་གབ་ཤེད་དང་བསྡུས་གཟུགས་ཀྱིས་བཅིངས་པ་མྱོང་ཞིང་། འཇུག་བདེ་བས་ཀློག་པ་པོ་མེད་པའི་ཁེར་རྐྱང་གི་སྡུག་བསྔལ་དེ་མེད་པར་མ་ཟད།  སྙན་ངག་རེད་དང་མ་རེད་ཅེས་ཁ་རུབ་རྒྱག་པའི་ལས་དེ་ཡང་རྩོད་མི་དགོས་པའི་ཁར།  རྩོམ་སྒྲིག་པ་དག་གིས་དུས་དེབ་ཏུ་འགོད་རྒྱུར་ཡང་འཚེར་སྣང་སྐྱེས་མི་དགོས་པའི་ཕྱོགས་སུ་ཡོད་འདུག  ཡིན་རུང་ཁོང་ཅག་གི་སྙན་ངག་གི་རུས་དང་རྐང་ལ་ན་ཟུག་གློར་བརྡོལ་བ་རེ་ཡོད་ཡོད་དུ་སྣང་།  མི་རབས་གསུམ་པའི་སྙན་ངག་ནི་འཇུ་བསྐལ་བཟང་སོགས་ཀྱི་སྙན་ངག་དང་བསྡུར་ན།  བསྟན་བཤིགས་ཚ་ཞིང་ཚོར་བ་རྐྱེན་པའི་ཁར།  ཐ་སྙད་བཀོལ་སྟངས་ཕྱོགས་ནས་ཀྱང་།  རོ་སྒམ་དང་སྨད་ཚོང་མ།  མེ་ལོང་ནག་པོ་དང་། འབུ་སྦྲང་། ཁུ་ཁྲག  རྣག་ཁྲག  དེ་མིན་ཐ་སྙད་འཛེར་བོ་གང་ཞིག་གིས་ཀློག་པ་པོ་འཚེར་བ་ནས་ཞི་བ། ཞི་བ་ནས་བཀླག་འདོད་པའི་ཁྱད་ཆོས་གང་མང་ལྡན་ཡོད་པ་ནི་གཟུ་བར་གནས་ཤིང་། དཔྱོད་པ་དང་ལྡན་པ་ཞིག་ཡིན་ན་ནི་རྩོད་མེད་དུ་ཤེས་འོང་བའི་སེམས་ཚོར་ཞིག་ཁོ་བོར་སྐྱེས།
     འོན་ཀྱང་མི་རབས་གསུམ་པའི་སྙན་ངག་ནི་ཕྱོགས་ཡོངས་ནས་འབྲས་བུ་ཚད་དུ་ལོངས་ཡོད་པ་ཞིག་ཏུ་འདོད་ན་ནི་ངེད་ཅག་གི་ཕྱོགས་ལྷུང་ཁོ་ན་སྟེ།  སྤྱིར་བོད་པའི་དེང་རབས་རྩོམ་རིག་ནི་བྱིས་པ་ནུར་འགྲོས་ཅན་ཞིག་གི་ཚད་ལས་འཕགས་མེད་ན།  མི་རབས་གསུམ་པའང་དེ་ལས་འདའ་འགོངས་བྱས་ཡོད་པར་སུ་ཞིག་གིས་སྨྲ་ཐུབ།  ཚིག་གི་ཞུན་བརྡར་དང་ཐ་སྙད་ཀྱི་བཀོལ་ལུགས་གང་ཐད་ནས་མཚམས་རེར་བསྒྱུར་རྩོམ་གྱོང་བོ་ལྟ་བུའི་ཞན་ཆ་དང་། ཡང་ལན་རེར་བོད་རང་གི་རིག་གནས་དང་ཁ་གྱེས་ཏེ་གཞན་རྗེས་ཁོ་ནར་བརྩོན་པའི་སྣང་ལུགས་སོགས་ཡོད་པ་མངོན་སུམ་ཡིན་པས་དེ་དག་ལ་ཐུགས་གཟབ་གནང་དགོས་པ་འདྲ།  སྤྱིར་ཁོ་བོ་མི་རབས་གསུམ་པ་དང་འགྲོགས་འདྲིས་ཡོད་ཅིང་།  སྙན་ངག་ལ་ཡང་དགའ་མཁན་ཞིག་ཡིན་པའི་ཆ་ནས་ཁོང་ཅག་གི་སྙན་ངག་སོ་སོའི་ཁྱད་ཆོས་བྱེ་བྲག་ཏུ་བྱས་ཏེ་དཔྱད་དུ་རུང་ཡང་།  ཕྱོགས་གཅིག་ནས་ཁོ་བོའི་རྩོམ་ཧྲུལ་འདི་ཉོབ་ཡོད་པའི་ཁར་ཅེ་ཉོབ་ཏུ་འགྲོ་བར་དོགས་པ་དང་།  གཉིས་སུ་རྩོམ་རིག་སྒྱུ་རྩལ་གྱི་ལས་དང་པོ་བ་ཞིག་གིས་རལ་གྲིའི་ཁ་དང་ལྟག་རྒྱབ་ཀྱི་ཁྱད་མ་ཤེས་པར་གཡུག་རྐྱང་བྱེད་པ་ནི་མི་འོས་པར་རང་ལ་གསལ་བཏབ་ཏེ་མཚམས་བཞག་པའོ།།  མི་རབས་གསུམ་པའི་སྙན་ངག་པ་སུ་ཡིན་རུང་ཁོ་བོས་བཤད་ཉེས་དང་ནོར་ཉེས་ཀྱི་རིགས་ལ་དགོངས་དག་གནང་རོགས་ཞུ་ཞུ།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།