གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་རབས་གསུམ་པའི་དགེ་མཚན་གླེང་བ།

2010-12-30 21:18:00 བྱང་ཁུ་ལོ། ཀློག་གྲངས། མཆན ཡོད།

 

    མི་རབས་གསུམ་པ་སྲ་མོ་ལྕགས་ཡིན་མི་ཤེས་ལ།།
    མི་རབས་གསུམ་པ་ལྕགས་ཀྱི་རྩི་རེད་མི་ཟེར་བར།།
    མི་རབས་གསུམ་པ་ང་ཡི་གྲོགས་གཉེན་མིན་ན་ཡང།།
    མི་རབས་གསུམ་པའི་དགེ་མཚན་བརྗོད་ལ་དང་བ་སྐྱེས།།
      ཁོ་བོས་མི་རབས་གསུམ་པར་བསྟོད་པའི་མེ་ཏོག་འབུལ་མཁན་མང་བོ་ཞིག་མ་མཐོང་ལ་སྨད་པའི་མཆིལ་ཞགས་འཕེན་མཁན་མང་མ་ཡིན་པ་རིག་ཡོད།མི་རབས་གསུམ་པའི་ཚོགས་པ་ལ་ལྟ་ལོག་གི་ཚོགས་པ་དང་བསྟན་བཤིག་གི་ཤོག་ཁག་ཅེས་དམོད་མོ་བོར་ཞིང་།མི་རབས་གསུམ་པའི་སྙན་ངག་པ་ལ་ལྟ་ལོག་པ་དང་བསྟན་བཤིག་མཁན་ཞེས་སྙིགས་མའི་གྲས་སུ་འདེད་པ་ནི་སྐྱོ་བ་ལས་དགའ་བ་ག་ལ་སྲིད།མི་རབས་གསུམ ་པ་སྤྱི་ཚོགས་སུ་བུད་པ་དེས་རང་ཉིད་སྒམ་པར་འདོད་པའི་མཁས་མིང་ཅན་གང་མང་ཞིག་གི་ཉྭ་ཤ་འདར་དུ་བཅུག་ལ་མགོ་བོ་ཆུང་དུ་བཏང་།སྒལ་ཚིགས་མེད་པའི་མི་བུ་གང་མང་ཞིག་ལ་སྒལ་ཚིགས་སྐྱེས་སུ་བཅུག་ལ་བདག་མཐོང་དུ་བཅུག  བླ་སྤྲུལ་གང་མང་ཞིག་གི་ཕོར་བའང་གྲ་ཆག་གྲུ་ཉམས་སུ་བཏང་བས་སྤྱི་ཚོགས་འ་འུར་ཟང་ཟིང་དུ་བཟོས།སྤྱི་ཚོགས་འུར་ཟིང་དུ་བཟོས་པ་དེས་བླ་སྤྲུལ་ཚང་མ་དབང་སྒྱུར་བ་མིན་ལ་རང་ཉིད་བྲན་གཡོག་ཏུ་སྡོད་དགོས་དོན་མེད་པའི་རྟོགས་པ་སད་དུ་བཅུག་ལ།རྒན་པོ་དབྱུག་པ་ཅན་དེའི་གསུང་ལས་འདའ་མི་རུང་བའི་ལོ་རྒྱུས་ལའང་བཞི་ཤད་བཀོད།༚སུས་ཀྱང་བཤད་མ་ཕོད་པའི་ཕོ་མཚན་མོ་མཚན་གྱི་གསང་བ་ཁང་བ་འདིའི་ནང་ནས་བརྗོད་བྱུང་བས་མི་རབས་གསུམ་པའི་སྙན་ངག་པ་ནི་སྙིང་སྟོབས་ཀྱིས་ཕྱུག་པའི་ཕོ་རྒོད་བཤད་ཕོད་པ་ཏག་ཏག་ཡིན་པ་ཤེས་འོང་།མི་རབས་གསུམ་པས་བོད་ཀྱི་འཆི་ལ་ཉེ་བའི་རྩོམ་རིག་ལ་སྐྱེས་སྟོབས་ཀྱི་ལང་ཚོ་བསྩལ་ཞིང་ཤི་ལ་ཁད་ཀྱི་རྩོམ་པོ་དག་ལ་བསྐྱར་གསོན་གྱི་སྨན་མཆོག་བླུད།མི་རབས་གསུམ་པས་ང་ལྟ་བུ་དང་ཁྱེད་ལྟ་བུ།ཁོའམ་ཁོ་མོ་ལྟ་བུ་ལ་ངར་བསླངས་ནས་བོད་ཀྱི་རྩོམ་རིག་ལ་ལག་རྗེས་འཇོག་གིན་པ་ཁྱེད་ཅག་གི་མིག་ལ་ནད་བྱུང་བས་མ་རིག་པ་ཡིན་ནམ་རྣ་བར་ཁྲོ་ཆུ་བླུགས་པས་མ་གོ་བ་ཡིན།སུམ་རྟགས་ཀྱི་ཐོབ་ཐང་ལ་གསལ་ཆ་མེད་ཀྱང་སྙན་ངག་ཐན་ཐུན་འབྲི་བར་དགའ་བའི་ན་གཞོན་རྩོམ་དགའ་དག་ཀྱང་མི་རབས་གསུམ་པའི་བྱས་འབྲས་ལས་བྱུང་བ་ཤས་ཆེ་བར་འདུག་པས།མི་རབས་གསུམ་པས་བོད་ཀྱི་སྐད་དང་ཡི་གེ་ཡི་བཀོད་སྤྱོད་ཀྱི་ཁྱབ་རྒྱ་ཆེ་རུ་བཏང་ཡོད་ལ་སྤུས་ཚད་མཐོ་རུ་བཏང་ཡོད་པ་ནི་ཁོ་བོས་སྙིང་ནས་ཡི་རང་བྱེད་ཅིང་།མི་རབས་གསུམ་པའི་སྙན་ངག་པ་ནི་བླང་དོར་རྟོགས་པའི་ཕོ་རྒོད་སྒྲུབ་ཕོད་པ་རྐྱང་རྐྱང་རེད་ཅེས་ཀྱང་བརྗོད་འདོད་དོ།རེ་ཞིག་འདི་ཙམ་གྱིས་ཆོག་པར་བྱ་ཞིང་ཁོ་བོས་མ་ཤོད་ས་དང་མ་མཐོང་ས་ཡོད་ན་ཁ་སྐོངས་ཆོག་ལ་འཁྲུལ་གཞི་ཡོད་ན་མི་རབས་གསུམ་པ་ཚོར་དགོངས་འགལ་མེད་པར་ཞུའོ།
                ༢༠༡༠.༡༢.༢༨ལ་བྱང་ཁུ་ལོར་འབོད་པས་བྲིས།
རང་མོས་རང་གྲོལ་གྱིས་ཁྱེར་འོངས་པ་ཡིན་ཡང་མི་རབས་གསུམ་པས་དར་སྤེལ་བྱས་པས་དེ་ལྟར་དུ་བྲིས།
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།