གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐབས་དང་པོའི་བོད་ཀྱི་སྙན་ངག་པའི་མི་རབས་གསུམ་པའི་བགྲོ་གླེང་འདུ་ཚོགས་གྲོང་ཁྱེར་ཟི་ལིང་ནས་བསྡུས་པ།

2008-11-09 12:46:00 སྐྱ་བོ་དང་ཁྲི་སེམས་དཔའ། ཀློག་གྲངས། མཆན ཡོད།


༡ འདུ་ཚོགས་དངོས་ཀྱི་གནས་ཚུལ་རགས་པ།

  སྐབས་དང་བོའི་བོད་ཀྱི་སྙན་ངག་པའི་མི་རབས་གསུམ་པའི་བགྲོ་གླེང་འདུ་ཚོགས་དེ་ངེད་དྲ་བ་དང<<གངས་རྒྱན་མེ་ཏོག>>རྩོམ་སྒྲིག་ཁང་གཉིས་ཀྱིས་གཙོ་སྒྲུབ་བྱས་འོག༢༠༠༦ལོའི་ཟླ༧པའི་ཚེས༢༢ནས༢༣བར་ཨ་མདོའི་རིག་གནས་ཀྱི་ལྟེ་བར་འབོད་པའི་གྲོང་ཁྱེར་ཟི་ལིང་ནས་འཁྲུག་ཆ་དོད་ཅིང་སྨྱོ་ངམ་ཆེན་པོའི་ངང་བསྡུས། བོད་ཀྱི་སྙན་ངག་པའི་མི་རབས་གསུམ་པ་ནི་དེ་སྔ་སྐབས་གཉིས་པའི་སྙན་ངག་གྱེར་འདོན་འདུ་ཚོགས"ལང་ཚོའི་རྦབ་ཆུ"འི་སྟེང་ནས་གསར་དུ་ཚུགས་པའི་སྙན་ངག་གི་ཚོགས་པ་ཞིག་ཡིན་ལ་ད་བར་དྲ་ཐོག་དང་ཡིག་ཐོག་ནས་བོད་ཀྱི་རྩོམ་རིག་གི་གླེང་གཞི་ཆེ་ཤོས་ཤིག་ཏུ་འགྱུར་བཞིན་ཡོད་ཅིང་སྐབས་དེ་དང་བསྟུན་ནས་ཚོགས་མི་སོ་སོས་བརྗོད་བྱ་གསར་ཞིང་མཚོན་ཐབས་མི་འདྲ་བའི་སྙན་ངག་ཇི་སྙེད་བྲིས་ཏེ་ཚོགས་པ་འདིའི་རྣམ་པ་ངོ་མ་གྲུབ་ཐབས་བྱེད་ཀྱིན་ཡོད།
  ཚེས༢༢ཉིན་གྱི་སྔ་དྲོའི་ཆུ་ཚོད༡༠ཡི་སྟེང་ཐེངས་འདིའི་བགྲོ་གླེང་འདུ་ཚོགས་ཀྱི་དབུ་དངོས་སུ་བརྩམས་ཤིང་ཐོག་མར་འདུ་ཚོགས་ཀྱི་དང་བླངས་ལས་མི་སྐྱབས་ཆེན་བདེ་གྲོལ་དང་ཁྲི་སེམས་དཔའ་གཉིས་ཀྱིས་སོ་སོར<<བྱ་བ་ལམ་དུ་སོང་བ་ཞིག་ལ་སྙན་ངག་རྙེད་བྱུང>>ཞེས་པ་དང<<གཏོར་བརླག་གི་ཡོན་ཏན་དང་ཉེས་དམིགས>>ཞེས་པ་སྒྲོག་སྦྱོང་གནང་སྟེ་བོད་ཀྱི་དེ་སྔའི་སྙན་ངག་རྩོམ་ཐབས་མི་འདྲ་བ་གསུམ་སྟེ་མེ་ལོང་མའི་ལུགས་དང༌། དོན་གྲུབ་རྒྱལ་རང་གྲོལ་གྱི་ལུགས། འཇུ་སྐལ་བཟང་གི་ལུགས་བཅས་དང་གྱེས་ཕྱག་འཚལ་ཞིང༌། མི་རབས་གསུམ་པ་ནི་ཚོགས་པ་ཞིག་ཡིན་པ་ལས་གྲུབ་མཐའ་ཞིག་མིན་པ་དང༌། གལ་ཏེ་མི་རབས་གསུམ་པ་འདྲེ་རེད་ཟེར་ན་འདྲེ་ཡིན། འོན་ཀྱང་ཉིན་མོར་རྒྱུ་བའི་འདྲེ་ལས་མཚན་མོར་རྒྱུ་བའི་འདྲེ་མིན་པ་སོགས་གསལ་བཤད་གནང་ནས་མི་རབས་གསུམ་པར་འཇུག་པའི་ཐོག་མའི་སྒེའུ་ཁུང་དེ་ཧ་ཅང་དཀར་ཆ་ལྡན་པར་ཕྱེ། དེའི་འཕྲོར་ཚོགས་མི་གཙོ་བོ་རེ་རྐང་གླིང་དང་མདའ་བཙན་པོ། རྨོག་རུ་ཤེས་རབ་རྡོ་རྗེ། དུང་བཅས་ཀྱིས་མི་རབས་གསུམ་པ་ནི་སྙན་ངག་གསར་བའི་དཔུང་ཤུགས་གསར་བ་ཞིག་ཡིན་པའི་ཆ་ནས་དེས་བོད་ཀྱི་དེང་རབས་རྩོམ་སྟེགས་ཀྱི་གྲུབ་ཆ་གཙོ་བོ་ཟིན་ཡོད་པ་དང༌། དེ་ནི་སེམས་དང་གཤིས་ཀ་ལ་ཉེ་བ་ཞིག་ཡིན་པ། མི་རབས་གསུམ་པའི་ཚོགས་པ་བྱུང་བ་ནི་བོད་ཀྱི་དེང་རབས་སྙན་ངག་ནི་ལོ་རྒྱུས་ཀྱི་དཀྱོགས་མཚམས་གསར་བ་ཞིག་ཏུ་སླེབས་པའི་རྟགས་མཚན་ཡིན་པ་དང༌། བོད་ཀྱི་དེང་རབས་སྙན་ངག་གི་དུས་ཀྱི་ཆ་ནས་དེང་རབས་ཀྱི་དུས་ཕྱི་མར་སླེབས་ཡོད་པ་མཚོན་ཚུལ་སོགས་ཀྱི་ཐད་ནས་རང་རང་གི་ལྟ་བ་གླེང་སྟེ་བགྲོ་གླེང་གི་ཚ་རླབས་འཕྱུར་ཏུ་བཅུག  དེའི་རྗེས་སུ་སློབ་གླིང་སྙན་ངག་པའི་འཐུས་ཚབ་ཁུ་བྱུག་སྔོན་མོ་དང་གྲྭ་གཞོན་སྙན་ངག་པ་གཟི་མིག་གསུམ་པ་གཉིས་ཀྱིས་སོ་སོར་སློབ་གླིང་དང་དགོན་པའི་ཚབ་བྱས་ནས་མི་རབས་གསུམ་པའི་ཚོགས་འདུ་དང་བོར་བཀྲ་ཤིས་རྟེན་འབྲེལ་ཞུས། དེ་ནས་ཚོགས་འདུར་ཟུར་ཞུགས་བྱས་པའི་ན་གཞོན་རྩོམ་པ་པོ་ཨ་བུའམ་རྡོ་སྦིས་ཆོས་སྐྱོང་ལགས་ཀྱིས་མི་རབས་གསུམ་པ་ཞེས་པའི་ཚོགས་པ་དེ་ནི་མིང་དོན་མཚུངས་པའི་བོད་ཀྱི་སྙན་ངག་གི་ཚོགས་པ་ཞིག་ཡིན་པར་ཁས་བླངས་ཏེ་ཚོགས་པ་དེའི་དམིགས་གཞི་དང་གནས་བབས་ཀྱི་ཕྱོགས་ནས་ཕ་རན་སིའི་བསྡུས་བརྗོད་རིང་ལུགས་དང་ཆ་འདྲ་བའི་ཕྱོགས་ཀྱང་མང་བོ་ཡོད་ཚུལ་གྱི་རྒྱུ་མཚན་ཞིབ་པར་གླེང༌།
    དེའི་འཕྲོར་ཚོགས་མི་སོ་སོས་སྙན་ངག་གྱེར་འདོན་བྱས་ཤིང་སྙན་ངག་པ་མདའ་བཙན་པོས<<རི་རབ་དག་ཤོག་བུ་ཞིག་ལྟར་ཁུར་རྗེས>>ཞེས་པ་དང<<ཁང་བ་འདིའི་ནང་ནས>>ཞེས་པ་གཉིས་གྱེར་འདོན་བྱས་ཤིང་སྙན་ངག་དེ་གཉིས་ཀྱི་ནང་མཇེ་ངན་དང་རླིག་རྩིད་སོགས"ཐ་ཤལ"གྱི་ཐ་སྙད་དག་ལྷུག་པའི་རང་བཞིན་ཅན་གྱི་ཚིག་གི་ཕྲེང་བར་བརྒྱུས་ཡོད་པ་དེས་ཚོགས་མི་ཡོངས་ཀྱི་དགོད་ཁ་བསླངས་ཤིང་ཐེངས་འདིའི་འདུ་ཚོགས་ལ་དོ་སྣང་བྱ་སའི་ཡུལ་ཆེན་པོ་ཞིག་ཏུ་གྱུར། སྙན་ངག་པ་རེ་རྐང་གླིང་དང་སྐྱབས་ཆེན་བདེ་གྲོལ། ཁྲི་སེམས་དཔའ། རྨོག་རུ་ཤེས་རབ་རྡོ་རྗེ། དུང༌། གཟི་མིག་གསུམ་པ། ཁུ་བྱུག་སྔོན་མོ་བཅས་ཀྱིས་མི་རབས་གསུམ་པ་ཁོ་ནར་ཡོད་པའི་རྩོམ་གཤིས་ཀྱིས་ཕྱུག་པའི་སྙན་རྩོམ་དག་འཕྲོ་རིམ་འཕྲོར་གྱེར་འདོན་བྱས་པས་མི་རབས་གསུམ་པ་ནི་ངེས་པ་དོན་གྱི་སྙན་ངག་གི་དཔུང་ཚོགས་ཆེན་པོ་ཞིག་ཡིན་པའི་བདེན་དོན་ངོ་མ་བོད་ཀྱི་རྩོམ་རིག་གི་དུས་རབས་ལ་ར་གསལ་བོར་སྤྲད། དེའི་ཞོར་དུ་མགོ་འཛིན་པ་དུང་ལགས་ཀྱིས་མི་རབས་གསུམ་པའི་ཚབ་བྱས་ནས་ཚོགས་མི་གཙོ་བོ་གཞན་དག་སྟེ། རྔ་བའི་གཉན་དང་བླུན་པོ་སྙུག་ཐོགས། འཐོར་རླུང༌། ཀན་སུའུ་ཡི་རི་སྔོན་བླ་མ་ཐར་དང་མཚོ་བུ་དགའ་བདེ། གཉའ་གོང་ལྷ་བྷེ། བསྒྲལ་རྡོ། ངལ་རྫི། མདོ་སྨད་ཧེ་རུ་ཀ ཟི་ལིང་གི་རུས་པ་འམ་མདོ་འཛིན་པ་ཚེ་བཀྲ རྨ་ལྷོའི་མར་ཁུ་རྒྱལ་མཚན་དང་ས་དཀྱིལ་ཚེ་བཀྲ  ཁྱུང་བཟང༌།  རོང་བོ་གངས་དཀར། མོག་ཟླ།   མཚོ་ལྷོའི་གཡང་ནོར་བུ་རྒྱལ་མཚན་དང་ཁེར་སྐྱེས། པེ་ཅིང་གི་ལྡོང་བུ་དང་སྐྱ་བྷ། མཚོ་བྱང་གི་འབྲོག་བསམ་གཏན། བོད་ལྗོངས་ཀྱི་ཁ་བ་དཀར་བོ་དང་འབའ་སེང་སྨྱོན། ལྡོང་སྨིན་དྲུག  བདེ་ཆེན་གྱི་ཀླུ་ཚང་རྟ་མགྲིན་ཐར། ཕྱི་གླིང་དུ་བཞུགས་པའི་ཚེ་རིང་སྐྱིད་དང་ཙོང་ཁ་ཚེ་བརྟན་རྒྱལ་སོགས་འདུ་ཚོགས་དངོས་ལ་ཞུགས་མ་ཐུབ་པར་ཡིད་ཧ་ཅང་ཕམ་པའི་ཚུལ་བསྟན།སྔགས་མང་ཞིབ་འཇུག་ཁང་གི་མགོ་དཔོན་ཧཱུྃ་ཆེན་དང་རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་གི་སློབ་མ་དཔལ་མགོན་ཚེ་རིང་གཉིས་ཀྱང་ཚོགས་འདུར་ཟུར་ཞུགས་བྱས་ནས་རྩོམ་རིག་གི་ལས་འགུལ་འདིའི་གནས་ཚུལ་དངོས་ལ་རྒྱུས་ལོན་བྱས།
    ཕྱི་དྲོར་གྲོང་ཁྱེར་ཟི་ལིང་གི་སྤྱི་གླིང་ག་གེ་མོ་ཞིག་ནས་ཆང་སྟོན་དང་ཟས་སྟོན་ལ་རོལ་ཅིང་རླངས་འཁོར་གྱི་རྐྱེན་པས་རྗེས་སུ་ལུས་པའི་ཚོགས་མི་འབྲུག་ལྗང་དང་འབྲོང་ཕྲུག་གཉིས་ཀྱང་ཕེབས་ཏེ་རང་རང་གི་སྙན་ངག་གྱེར་འདོན་བྱས་ཤིང་ཚོགས་མི་ཕན་ཚུན་བར་གྱི་བགྲོ་གླེང་གི་རྒྱ་ཇེ་ཆེར་བཏང་ནས་མི་རབས་གསུམ་པ་ནི་སྙན་ངག་གི་ལྟ་བ་དང་ཐབས་རྩལ་གང་གི་ཆ་ནས་ཀྱང་དད་ཡུལ་ཞེན་ཡུལ་ངེས་གཏན་མེད་པའི་མི་རབས་ཤིག་དང༌། འཐོབ་འོས་པའི་རྩོམ་སྟེགས་ཀྱི་གོ་ས་གཞན་ལ་མི་སྟེར་བའི་མི་རབས་ཤིག  དོན་གྲུབ་རྒྱལ་རང་གྲོལ་དང་འཇུ་སྐལ་བཟང་སོགས་ཀྱི་གྲིབ་མའི་འོག་ནས་ངལ་གསོ་རྒྱག་པར་མི་སྤྲོ་བའི་མི་རབས་ཤིག  སྙན་ངག་པ་དང་སྲོལ་རྒྱུན་གྱི་དོན་སྙིང་འོག་གི"མཁས་པ"གཉིས་སོ་སོར་དགར་མཁས་པའི་མི་རབས་ཤིག་ཡིན་པའི་གླེང་གཞི་གཅིག་གི་སྟེང་དུ་བབས་ནས་རྗེས་ཕྱོགས་ཀྱང་གསར་རྩོམ་གྱི་རྒྱུན་མུ་མཐུད་དུ་བསྐྱང་རྒྱུའི་ཆོད་སེམས་བརྟན་པོ་བཞག  དེ་ནས་རང་ཤུགས་སུ་"མི་རབས་གཉིས་པ"རུ་མི་རྩི་ཀ་མེད་དུ་གྱུར་བའི་སྙན་ངག་པ་མཚོ་སྐྱེས་དང་བོད་ཀྱི་རྩོམ་རིག་གསར་བའི་ཡིག་སྒྱུར་བ་དང་རྩོམ་པ་པོ་མཛེས་སེ་གཉིས་ཀྱང་ཚོགས་འདུར་ཞུགས་ཤིང་མཚོ་སྐྱེས་ལགས་དང་མི་རབས་གསུམ་པའི་ཚོགས་མི་ཁ་ཤས་ཀྱི་བར་དུ་ཛ་དྲག་ཆེ་བའི་རྩོད་གླེང་ཤོར།  ཆང་རག་གི་ངར་ཤུགས་ལ་བརྟེན་པའི་ཚོགས་མི་ཁ་ཤས་ཀྱིས་སླར་ཡང་སྙན་ངག་གྱེར་འདོན་བྱས། བོད་རིག་པའི་འབུམ་རམས་པ་རྡོ་སྦིས་ཚེ་རིང་རྒྱལ་དང༌། <<གངས་རྒྱན་མེ་ཏོག>>དུས་དེབ་ཀྱི་གཙོ་སྒྲིག་པ་འཕགས་པ་ཐར་སོགས་ཀྱང་མགྲོན་དུ་ཕེབས་ནས་མི་རབས་གསུམ་པའི་གནས་ཚུལ་ལ་དངོས་སུ་རྒྱུས་ལོན་བྱས་ཤིང་འཕགས་པ་ཐར་ལགས་ཀྱིས་ཐེངས་འདིའི་འདུ་ཚོགས་ལ་ཆེད་སྒྲིག་ལེ་ཚན་སྒྲུབ་སྟངས་སྐོར་ནས་ཚོགས་མི་སོ་སོའི་བསམ་འཆར་བསྡུ་ལེན་བྱས། མཚན་མོ་ཚོགས་མི་ནང་ཁུལ་གྱི་བར་ལའང་བྱེ་བྲག་གི་ལྟ་བའི་ཐོག་ནས་རྩོད་པ་ཤོར།
    ཚེས༢༣ཉིན་ཚོགས་མི་དུང་དང་རྨོག་རུ་ཤེས་རབ་རྡོ་རྗེ། ཁུ་བྱུག་སྔོན་མོ་བཅས་བྱ་བའི་དགོས་དབང་གི་རྐྱེན་པས་ཕྱིར་རང་སར་ལོག་རྗེས་ཚོགས་མི་གཞན་དག་གིས་ཟི་ལིང་གི་སྙན་ངག་པའི་སྡེ་ན"གནའ་མཁར་འདྲེ་བཞི"རུ་གྲགས་མྱོང་བའི་སྙན་ངག་པ་ཞི་བདེ་ཉི་མ་དང༌། འབྲོང༌། རྡོ་གྲགས་བཅས་དང་མཉམ་དུ་ཆང་རག་འཐུང་བཞིན་ཁ་བརྡ་གློད་ཅིང་ཁོ་ཚོས་མི་རབས་གསུམ་པའི་ཚོགས་པ་དེ་ནི་རྟེན་འབྲེལ་ཞུ་ཡུལ་ཅིག་དང༌། གླེང་རིན་ཡོད་པ་ཞིག  ཕ་ཤུལ་བུ་ཡིས་ཟིན་པའི་རྟགས་ཤིག་ཡིན་ཚུལ་སོགས་གླེང་ཞིང་མི་རབས་གསུམ་པའི་ཚབ་མཚོན་བརྩམས་ཆོས་འགའ་འང་གྱེར་འདོན་བྱས་ནས་བགྲོ་གླེང་གི་རྣམ་པ་རྒྱ་བསྐྱེད་ལ་ཚོགས་ཐེངས་རྗེས་མ་རེབ་ཀོང་གསེར་མོ་ལྗོངས་ནས་བསྡུ་རྒྱུ་ཡིན་པའི་འཆར་ཟིན་ཡང་བཀོད། རེབ་ཀོང་ནས་ཡོང་བའི་སྙན་ངག་པ་རེ་རྐང་གླིང་དང་མདའ་བཙན་པོ་གཉིས་ཀྱིས་དེའི་ཕྱོགས་ནས་འགན་འཁུར་རྒྱུ་ཡང་ཐག་གིས་བཅད།
     ཚོགས་འདུ་གྲོལ་རྗེས་ཟི་ལིང་གི་གྲུ་ག་སོ་སོ་ནས་དེའི་སྐོར་ནས་གླེང་མོལ་མང་པོ་བྱེད་ཀྱིན་པ་ཐོས་ལ་མི་རེ་འགས"ཁོ་ཚོ་འཚོག་ན་ནང་ཁུལ་ནས་འཆམ་མཐུན་མ་བྱུང་བར་རྡུང་རེས་རྒྱག་ཁོ་ཐག་རེད"ཟེར་བའི་ལུང་བསྟན་ལྟ་བུའི་སྐད་ཆ་བཤད་ཀྱིན་པ་དེའང་ཆུ་ནང་ལ་རྡོ་གཡུག་པ་བཞིན་ངལ་བ་འབྲས་མེད་དུ་གྱུར། མདོར་ན་འདུ་ཚོགས་འདི་ནི་རང་དབང་ལྡན་པ་ཞིག་དང༌། རླབས་ཆེ་བའི་རྩོམ་རིག་གི་ལས་འགུལ་ཞིག  ཕན་ཚུན་བར་དུ་མཆོག་དམན་ཤོར་མེད་པར་འདྲ་མཉམ་ལྡན་པ་ཞིག  ལང་ཚོའི་སྟོབས་ཤུགས་དང་དབྱངས་གསལ་གྱི་མཛེས་སྡུག་མཚོན་པ་ཞིག་ཏུ་ངོས་མི་འཛིན་ཀ་མེད་བྱུང་ངོ༌།།

༢ དངོས་སུ་ཞུགས་པའི་ཚོགས་མི་དང་མི་སྣ་གཞན་དག་ངོ་སྤྲོད།

1 ཚོགས་མི།
མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་རྩོམ་སྒྲིག་པ་ཁྲི་སེམས་དཔའ།     
རྨ་ལྷོ་ཚགས་པར་ཁང་གི་གསར་འགོད་པ་རེ་རྐང་གླིང༌།            
རྨ་ལྷོ་རྫོང་གསེར་ལུང་ཞང་སློབ་ཆུང་གི་དགེ་རྒན་མདའ་བཙན་པོ།     
མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་སྤྱི་ཁྱབ་རྩོམ་སྒྲིག་པ་སྐྱབས་ཆེན་བདེ་གྲོལ།                   
རྨ་ཆུ་རྫོང་ཝ་བན་ཚང་སློབ་ཆུང་གི་དགེ་རྒན་རྨོག་རུ་ཤེས་རབ་རྡོ་རྗེ།
ནུབ་བྱང་དགེ་ཐོན་སློབ་ཆེན་གྱི་སློབ་མ་དུང༌།             
ཀོས་ནན་རྫོང་མང་ར་དཀྱིལ་སྙིང་སློབ་གྲྭའི་དགེ་རྒན་འབྲོང་ཕྲུག
ཀོན་ནན་རྫོང་བྱ་མདོ་དཀྱིལ་སྙིང་སློབ་གྲྭའི་དགེ་རྒན་འབྲུག་ལྗང༌། 
མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ་དང་<<ཁུག་རྟ>>དུས་དེབ་ཀྱི་རྩོམ་སྒྲིག་པ་ཁུ་བྱུག་སྔོན་མོ། 
བླ་ནག་ཤེས་རིག་ཁྱབ་སྤེལ་ལས་གྲྭའི་ལས་མི་གཟི་མིག་གསུམ་པ།
2 ཟུར་ཞུགས་པ།
<<སྦྲང་ཆར>>རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་ཨ་བུ།
སྔགས་མང་ཞིབ་འཇུག་ཁང་གི་མགོ་དཔོན་་ཆེན།
རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་གི་སློབ་མ་དཔལ་མགོན་ཚེ་རིང༌།
མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་དགེ་རྒན་དོན་གྲུབ་ཚེ་རིང་ངམ་མཚོ་སྐྱེས།
མཚོ་སྔོན་སྲིད་གྲོས་ཀྱི་དྲུང་ཡིག་འཇིགས་མེད་རྡོ་རྗེའམ་མཛེས་སེ།
<<གངས་རྒྱན་མེ་ཏོག>>གི་གཙོ་སྒྲིག་པ་འཕགས་པ་ཐར།
ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་མ་འབུམ་རམས་པ་རྡོ་སྦིས་ཚེ་རིང་རྒྱལ།
མཚོ་སྔོན་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་ཀྱི་རྩོམ་སྒྲིག་པ་ཞི་བདེ་ཉི་མ།
མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་མགོ་འཛིན་པ་འབྲུག་ལྷ་རྒྱལ་ལམ་འབྲོང༌།
མཚོ་སྔོན་བརྙན་འཕྲིན་ཁང་གི་གསར་འགོད་པ་རྡོ་གྲགས།
3 ལས་མི་གཞན་དག
དང་བླངས་ལས་མི། སྐྱབས་ཆེན། ཚེ་རིང་བཀྲ་ཤིས།        
མགོ་འཛིན་པ། ལྷ་མོ་སྐྱབས།         པར་ལེན་པ། རྡོ་རྗེ་ཚེ་བརྟན། སྐྱབས་ཆེན།
སྒྲ་ལེན་པ།་ཆེན།                       བརྙན་ལེན་པ། སྐལ་ལྡན་རྒྱ་མཚོ།
རྩིས་གཉེར་བ། ཚེ་རིང་བཀྲ་ཤིས།     དོ་དམ་པ། ཚེ་རིང་བཀྲ་ཤིས་ཆུང་བ།
        
༣ འདུ་ཚོགས་ཀྱི་འདྲ་པར་བདམས་བཀོད། 
         
        བགྲོ་གླེང་གི་ཚོགས་ར་དངོས།
         
        སྐྱབས་ཆེན་བདེ་གྲོལ་གྱིས་ཚོགས་གཏམ་སྒྲོག་འདོན་བྱེད་བཞིན་པ།
         
        ཁྲི་སེམས་དཔའ་ཡིས་ཚོགས་གཏམ་སྒྲོག་འདོན་བྱེད་བཞིན་པ།
         
           རེ་རྐང་གླིང་གིས་སྙན་ངག་གྱེར་འདོན་བྱེད་བཞིན་པ།
         
        མདའ་བཙན་པོས་རང་གི་ལྟ་ཚུལ་གླེང་བཞིན་པ།
         
        དུང་གིས་འདུ་ཚོགས་ཀྱི་མགོ་འཛིན་བཞིན་པ།
         
        རྨོག་རུ་ཤེས་རབ་རྡོ་རྗེས་སྙན་ངག་གྱེར་འདོན་བྱེད་བཞིན་པ།
         
        ཁུ་བྱུག་སྔོན་མོས་སྙན་ངག་གྱེར་འདོན་བྱེད་བཞིན་པ།
         
        རྡོ་སྦིས་ཆོས་སྐྱོང་གིས་དཔྱད་གཏམ་སྤེལ་བཞིན་པ།
         
         གཟི་མིག་གསུམ་པས་རོལ་དབྱངས་དང་འགྲོགས་ཏེ་སྙན་ངག་གྱེར་འདོན་བྱེད་བཞིན་པ།
         
         མཉམ་པར།
         
         འབྲོང་ཕྲུག་གིས་སྙན་ངག་གྱེར་འདོན་བྱེད་བཞིན་པ།
         
         འབྲུག་ལྗང་གིས་ཟས་སྟོན་གྱི་སྐབས་སུ་རང་གི་ལྟ་ཚུལ་གླེང་བ།
         
         འཕགས་པ་ཐར་གྱིས་གསུང་བཤད་གནང་བཞིན་པ།   
         
         མཚོ་སྐྱེས་ཀྱིས་བསམ་ཚུལ་བརྗོད་བཞིན་པ།
         
         
         མཛེས་སེ་ཡིས་གསུང་བཤད་གནང་བཞིན་པ།
         
         ཞི་བདེ་ཉི་མས་རང་གི་ལྟ་ཚུལ་སྤེལ་བཞིན་པ།
         
         ཆང་གིས་བཟི་རྗེས་ཀྱི་མཉམ་པར།
         
༤ འདུ་ཚོགས་ཀྱི་ཚབ་མཚོན་ཚོགས་གཏམ།
  
       1 སྐྱབས་ཆེན་བདེ་གྲོལ་གྱི་ཚོགས་གཏམ།

                               ༼བྱ་བ་ལམ་དུ་སོང་བ་ཞིག་ལ་སྙན་ངག་རྙེད་བྱུང༌།༽
༄༅།། མི་རབས་གསུམ་པའི་གསར་བུ་རྣམ་པ།
      ཕྱི་ནས་བལྟས་ན་ཧ་ཅང་ལྷིང་འཇགས་ཡིན་འདྲའི་དུས་རབས་འདིས་འུ་ཅག་ཐུན་མོང་གི་སེམས་པ་ནད་དང་འཁྲུལ་སྣང་གིས་ཟིན་དུ་བཅུག་ཡོད་ལ་འུ་ཅག་གི་རྣམ་ཤེས་རྟ་རྔ་འདྲ་བོ་འདི་ཡང་རྟེན་ས་ཆགས་ཡུལ་མེད་པར་ཕྱི་རོལ་ཡུལ་གྱི་ཟིང་ཆ་གཞན་ཞིག་གི་ཁྲོད་འཁྱམ་དུ་བཅུག་ཡོད། འུ་ཅག་གིས་འཚོ་བ་རོལ་སའི་གངས་ཅན་བསིལ་མོའི་ལྗོངས་འདི་ཡང་མ་བཅོས་ལྷུན་གྱིས་གྲུབ་པའི་ཞིང་ཁམས་ཤིག་ནས་ཤེས་རིག་ལྡན་པར་རློམ་ཞིང་ཆ་ལུགས་ཙམ་གཙང་མར་བགོ་མཁན་ཚོས་ཐེར་ཚལ་སྦར་ཚལ་དུ་གཤགས་ཀྱིན་པའི་དར་གོས་ཡུག་གཅིག་ཏུ་སྒྱུར་བཞིན་ཡོད་པ་རེད། སྐབས་འདིར་དགུང་ཉི་མ་སེར་བོ་ནི་གསར་དུ་སྐྱེས་པའི་མེ་ཏོག་དག་ཚ་བས་སྐེམ་མཁན་ཞིག་དང་དུང་ཟླ་བ་དཀར་བོ་ནི་མཚམས་མེད་པར་གློ་ལུ་རྒྱག་གིན་པའི་རྒན་པོ་ལོ་ལོན་ཞིག་སྟེ་དེ་གཉིས་ཀྱིས་དམ་ལ་བཏགས་པའི་དུས་ཚོད་ཀྱི་འཁོར་ལོ་ནི་མི་ཚེར་རིན་ཐང་དང་ཚེ་སྲོག་ལ་སྙིང་བོ་ལེན་བྱེད་ཅིག་ཏུ་མ་གྲུབ་པར་སེམས་ཁྲལ་དང༌། ན་ཟུག  ཞེ་འགྲས། སྡུག་ཡུས། རྨི་ལྟས་ངན་པ་དང་ལས་དབང་སྐྱོ་བོ་སོགས་མཚོན་བྱེད་དུ་འགྱུར་གྱིན་འདུག  དེ་དང་དེ་ལྟ་བུའི་ཁོར་ཡུག་ཅིག་ནས་ང་ཚོས་མེས་པོའི་ཞབས་རྗེས་ཀྱིས་བསྐུངས་པའི་ཐར་ལམ་མ་རྙེད་ལ་མ་འོངས་པའི་བདེ་སྐྱིད་འཚོལ་བྱེད་ཀྱི་ལྡེ་མིག་དེའང་མ་རྙེད། སྲོལ་རྒྱུན་དང་དེང་རབས་སམ། ནང་རོལ་དང་ཕྱི་རོལ་ལམ། རང་བྱུང་ངམ་ཚན་རིག་ཟེར་བའི་རལ་གྲི་རྣོན་པོ་དེ་གཉིས་ཀྱི་སོ་བར་ནས་ང་ཚོ་ཉ་མོ་རྙི་ལ་ཚུད་པ་ལྟར་ཉམ་ཆུང་གིས་སྡོད་དགོས་བྱུང༌། ཁ་རོག་གེར་སྡོད་དགོས་བྱུང༌། ཅི་ལ་འང་ཕོག་ཐུག་མི་གཏོང་བར་སྡོད་དགོས་བྱུང༌། ང་ཚོས་རང་ཉིད་བོར་སོང༌། སྦྲ་ནག་བོར་སོང༌། འབྲོག་གཡག་གིས་གཤགས་ཀྱིན་པའི་ཐང་ཆེན་པོ་དག་ཨམ་ཕྲག་ནང་གི་ཤོག་ཧྲུལ་དང་འདྲ་བར་བོར་སོང༌།
        འོན་ཀྱང༌། ང་ཚོས---------སྙན་ངག་རྙེད་བྱུང༌།
        དེ་ནི་ང་ཚོས་ཁོག་སྟོང་ཀླད་སྟོང་གིས་རྙེད་པ་ཡིན་པས་དེ་ཡིས་ང་ཚོའི་རྣམ་ཤེས་དང་ཚེ་སྲོག་གི་ཚབ་བྱ་བཏུབ་ཅིང་ང་ཚོའི་འབྱོར་ཕྱུག་དང་རྒྱན་
ཆ་ཡི་དོད་ཀྱང་བྱ་ཐུབ་པ་ཡིན།
        དེ་ལྟ་ནའང་འདི་ནི་ཡ་མ་གཟུགས་ཀྱི་འཇིག་རྟེན་ཡ་མ་གཟུགས་སུ་མཐོང་སའི་མེ་ལོང་ཆག་པོ་ཞིག་ལས་གཞན་ཅི་ཡང་མ་ཡིན་མོད་དེ་ཉིད་སློབ་
དཔོན་དབྱུག་པ་ཅན་གྱི་ལག་གི་སྨྱུག་མ་ཚིགས་དྲུག་གི་དབྱུག་པ་དེ་དང་ཆོས་གླུ་ལེན་མཁན་ཚོའི་ཕྱག་གི་བསྟོད་པའི་ལྷ་དར་དཀར་བོ་དང་མི་འདྲ་ལ་དོན་
གྲུབ་རྒྱལ་རང་གྲོལ་ལགས་ལྕེབས་སུ་འཇུག་བྱེད་ཀྱི་ལྕགས་ཐག་ཕྲ་མོ་དེ་དང་འཇུ་སྐལ་བཟང་ལགས་ཀྱིས་རྟག་པར་འབུད་དཀྲོལ་བྱེད་ཀྱིན་པའི་རང་
སེམས་གསོ་བའི་རྒྱ་གླིང་དང་སྒྲ་སྙན་འབྲུག་མགོ་མ་དང་ཡང་མི་འདྲའོ།།
         ཏག་ཏག་ལྷ་ཡིན་ན་ཕྱག་ཆ་དང་བདུད་ཡིན་ན་མཚོན་ཆ་མི་འདྲ་བའི་དབང་བའི་ང་ཚོའི་མིང་ལ་མི་རབས་གསུམ་པ་ཟེར་བ་ཡིན།མི་ལ་ལས"ཁྱོད་ཚོས་དེ་ལྟ་བུའི་གསར་བརྗེའི་ཁ་གཡང་ཞིག་བསྒྲགས་ནས་ཅི་བྱེད།    སྙན་ངག་ཞེས་པ་དེ་རིག་པ་ནང་ལ་བཀུག་ནས་ཁུ་སིམ་མེར་བྲིས་པས་མི་ཆོག་གམ།  དེར་ད་དུང་ཚོགས་པ་ཞེས་པའི་ཞྭ་མོ་ཞིག་སྐོན་དོན་གང་ཡིན"ཟེར་ངེས། གནས་ལུགས་འདི་ངེད་ཅག་གིས་མ་ཤེས་པ་མིན་ནའང་དུས་ནམ་ཡང་རང་ཤོང་སྤྱིལ་བུ་ནས་སྙན་ངག་གི"བསམ་གཏན"སྒོམ་པའི་ཨུ་ཚུགས་འདིས་ཐེངས་མང་བོར་ང་ཚོར་ཚོར་བ་གཞན་ཞིག་འཚོལ་བའི་གོ་
བརྡ་སྦྲན་ལ། སྐད་ཆ་བཤད་རོགས་ཤིག་དང་དཔུང་བ་མཉམ་གཤིབ་ཀྱིས་མདུན་དུ་སྐྱོད་རོགས་ཤིག་ཡོད་ན་ཤོག་བུའི་ངོས་ཀྱི་སྙན་ངག་དེ་མ་ཡིན་པའི་སྙན་ངག་གཞན་ཞིག་རོལ་བའི་སྐལ་བ་ཡོད་སྣང་སྐྱེ།  དེའི་ཕྱིར་ང་ཚོའི་ཚོགས་པ(གཞན་དུ་ཤོག་ཁ་རུའང་བོས་འདུག)ལ་ཞུགས་པའི་མི་སུས་ཀྱང་གཅིག་གིས་གཅིག་འཁྲིད་འདོད་དམ་གཅིག་གིས་གཅིག་ལ་སློབ་གསོ་གཏོང་བའི་ལས་དེ་བསྐྱུར་ནས་རང་གི་ནུས་ཚོད་ཀྱི་སྟོབས་ཤུགས་དེར་འགྲོགས་ནས"ཀུ་ཅོ"ཆེན་པོ་ཞིག་འདོན་འདོད་པ་ཙམ་མ་གཏོགས་དམིགས་ཡུལ་གཞན་པ་གང་ཡང་འཆང་མེད།
    ཏག་ཏག"ཀུ་ཅོ"ཆེན་པོ་དེ་ནི་རང་གྲོལ་ལགས་ཀྱི<<ལང་ཚོའི་རྦབ་ཆུ>>འི་ནང་གི"འོད་གསལ་གྱི་ལམ་ཆེན"དང"བདེ་སྐྱིད་ཀྱི་འཚོ་བ""གཟི་བརྗིད་ཀྱི་ལས་འགན"ལྟ་བུ་ཞིག་མ་ཡིན་པར་ཆང་གིས་བད་རྗེས་ཀྱི་སྨྱོ་བཤད་དང་ཁེར་རྐྱང་གི་སུན་སྣང༌། གང་ལའང་གཏད་སོ་་་བྲལ་བའི་སྣང་བ་སོགས་ལྷན་ཅིག་ཏུ་བསྡེབས་པ་ལས་བྱུང་བ་ཞིག་ཡིན་པས་དེས་རང་རེའི་དེང་རབས་རྩོམ་རིག་གི"ཕུགས་བསམ་རིང་ལུགས་པ"ཚོའི་རྣ་བར"མ་མི་མིན་མེད"ཁོ་ན་བླུགས་ངེས།  
    གྲོགས་པོ་ཚོ། ང་ཚོ་ནི་པད་མར་ཆགས་པའི་བུང་བ་དེ་མིན། ང་ཚོ་ནི་མཛེས་མར་སྐེད་པ་ཡོད་མེད་ལ་དཔྱད་མཁན་དེ་མིན།  ང་ཚོ་ནི"རྒྱུགས་ཤིག"དང"མཆོངས་ཤིག"ཟེར་མཁན་དེའང་མིན། ང་ཚོ་ནི<<མེ་ལོང་མའི>>དཔེ་མཚམས་གཅོད་བྱེད་དུ་བཞག་པའི་ཕྱེ་མ་ལེབ་ཤི་བོ་དེའང་གཏན་ནས་མིན་ནོ།།
                                                    ༢༠༠༦ལོའི་ཟླ༧པའི་ཚེས༢༣ཉིན་ཟི་ལིང་ནས།

            2 ཁྲི་སེམས་དཔའི་ཚོགས་གཏམ།
                                        ༼"གཏོར་བརླག"གི་ཡོན་ཏན་དང་ཉེས་དམིགས།༽
    ཐག་ཉེ་རིང་གི་གྲོགས་པོ་རྣམ་པས་དཀའ་ཚེགས་ལ་མ་འཛེམས་པར་མི་རབས་གསུམ་པའི་བགྲོ་གླེང་འདུ་ཚོགས་འདིར་ཞུགས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ནས་སྙན་ངག་ཅེས་པའི་རྩོམ་རིག་གི་རྣམ་པ་འདིར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འདིས་ད་གཟོད་འུ་ཅག་ལྷན་དུ་བསྡུས་ཤིང་དེ་རིང་གི་ལྷན་འཛོམས་ཀྱི་གོ་སྐབས་འདི་བསྐྲུན་པ་རེད། དེ་བས་སྙན་ངག་ཇི་སྲིད་དུ་གནས་པའི་སྨོན་ལམ་བཏབ་པ་ཡིན།
      གཤམ་དུ་མི་རབས་གསུམ་པ་དང་འབྲེལ་བའི་གཏམ་ཐོར་བུ་ཞིག་གྲོགས་པོ་ལྷན་རྒྱས་ཀྱི་སྙན་ལམ་དུ་བསྒྲག་རྒྱུ་ཡིན།
      དང་བོ། མི་རབས་གསུམ་པ་ཞེས་པའི་ཚོགས་པ།
     སྙན་ངག་གི་ཚོགས་པ་ཞིག་ཡིན་པའི་ཆ་ནས། སྤྱིར་ན་ཐུན་མོང་གི་ལྟ་བ་དང་ཐུན་མོང་གི་སྙིང་སྟོབས་ཤིག་ཡོད་ན་འགྲིག་མོད། འོན་ཀྱང་ང་ཚོར་ཐུན་
མོང་གི་ལྟ་བ་ཟེར་བ་ཆགས་མེད་པའི་མི་ཚད་ད་དུང་འགལ་ཟླར་གྱུར་འདུག་པའི་སྣང་ཚུལ་ཡང་མཆིས། དེ་བས་ང་ཚོའི་ཚོགས་པ་འདི་དགོན་པ་ཞིག་ཡིན་
པའི་དབང་དུ་བཏང་ན་འདིའི་ནང་དུ་ས་སྐྱ་བ་ཡོད་ལ། དགེ་ལུགས་པ་དང་རྙིང་མ་བའང་ཡོད་པ་རེད། ཡིན་ན་ཡང་ང་ཚོ་ལྷན་དུ་འདུས་ནས་ཕན་ཚུན་
ལ་དཀྱེལ་ཡངས་དང་བརྩི་བཀུར་གྱི་རྣམ་འགྱུར་འཛིན་པ་འདི་ནི་ཚོགས་པ་འདིའི་ཡོན་ཏན་མ་རེད་ཅེས་སུ་ཡིས་སྨྲ་བར་སྤོབས་ཏེ་མི་སྤོབས་སོ།།
        ཐུན་མོང་གི་སྙིང་སྟོབས་ཟེར་ན། ང་ཚོར"གཏོར་བརླག"གི་སྙིང་སྟོབས་ཆེན་པོ་ཞིག་མངའ་འོ་སྙམ། དེ་ནི་མི་རབས་དང་བོ་བཞིན་མི་རིགས་དང་
ལ་རྒྱ་ཁོ་ན་གླེང་བ་ལས་བརྒལ་ཅིང༌། མི་རབས་གཉིས་པ་བཞིན་སྦྲ་ནག་དང་རྩྭ་ཐང་ཁོ་ན་བརྗོད་པ་ལས་ཀྱང་འདའ་སྟེ་ང་ཚོས་བྱ་དངོས་གསར་བ་གང་
མང་ཞིག་སྙན་ངག་གི་ཡིད་བརྙན་དུ"ནང་འདྲེན"བྱས་ཤིང༌། ཐ་ན་ཀུན་སྤྱོད་དང་མི་ཆོས་སོགས"གནས་ལུགས་ཁུངས་བཙུན་པོ"དག་ཀྱང་རྡོག་བརྫིས་
སུ་བཏང་ནས་མཚན་མ་དང་ཁུ་བ། འཁྲིག་སྤྱོད་སོགས"ཐ་ཤལ"གྱི་ཐ་སྙད་རྣམས"ངོ་ཚ་བར་དགའ་བའི་ཀློག་པ་པོ"རྣམས་ཀྱི་མིག་ལམ་དུ་བསྟར་བ་
རེད། ད་དུང་གནའ་བོའི་རྒྱ་གར་གྱི་ནག་མོ་ཁོལ་དང་དབྱིག་གཉེན་སོགས་ཀྱི་ཚབ་ཏུ་པོ་ཏི་ལེར་དང་ཤིག་སེ་ཕེར་སོགས་བསྟེན་ནས་བོད་རང་གི་སྙན་ངག་
གི་ལམ་ལུགས་ཡོད་ཚད་ལ་གཏོར་བརླག་བཏང་ངོ༌།།
    དེར་མ་ཟད། མི་རབས་གསུམ་པའི་སྙན་ངག་པའི་ཁྲོད་ན་རིགས་བཀར་བའི"དུར་ཁྲོད་སྙན་ངག་པ"དང༌། "ན་ཟུག་སྙན་ངག་པ" "ཨ་རག་སྙན་
ངག་པ" "ཆར་བའི་སྙན་ངག་པ"སོགས་ཆོ་ལོ་སྐྱིད་པོ་རེ་ཡང་རྩེད་མཚར་གྱི་ཚུལ་དུ་འདོགས་ཀྱིན་འདུག དོན་དུ་འདི་ནི་དངོས་གནས་རྩེད་མཚར་ཙམ་
དུ་ཟད་མོད་ཀྱང༌། ཁོ་བོས་ནི་སྣང་ཚུལ་རིགས་ཤིག་ཏུ་ངོས་འཛིན་རྒྱུ་ཡིན་ལ་མ་རེད་ཅེས་ཀྱང་སུ་ཡིས་བསྒྲུན་ནུས།
    འདི་ཡང"གཏོར་བརླག"ཅིག་ཨེ་རེད།
    ང་ཚོས་སྙན་ངག་བཟུང་བའི་རྣམ་འགྱུར་ཡང་སྔོན་མ་དག་དང་ཁྱད་ཆེན་པོ་ཡོད་སྲིད་དེ། གཤམ་དུ་དཔེར་བརྗོད་དང་བཅས་བཀོད་ན།
མར་ཁུ་རྒྱལ་མཚན་ན་རེ། བཤད་བཏང་ན་ཚང་མ་མིག་ཆུ་རེད།
སྐྱབས་ཆེན་བདེ་གྲོལ་ན་རེ། སྙན་ངག་ནི་རང་ཉིད་ཀྱི་ཆེད་དུ་འབྲིའོ།།
འབྲོང་ཕྲུག་ན་རེ། ང་ལ་ཆང་ཡོད། སྙན་ངག་ཡོད། ཆུང་མ་མེད། དངུལ་ལོར་མེད།
འབྲུག་ལྗང་ན་རེ། དོ་ནུབ་ང་དུར་ཁྲོད་ཡིན།
རེ་རྐང་གླིང་ན་རེ། སྨད་འཚོང་མ་སངས་རྒྱས་སྒྲོལ་མ་ནི་ལྷ་མོ་ཞིག་གོ།
ཁྲི་སེམས་དཔའ་ན་རེ། སྙན་ངག་ནི་ན་ཟུག་གིས་འབྲི་དགོས།
མདའ་བཙན་པོ་ན་རེ། མིའི་རིགས་ཀྱིས་ཆེས་གསར་དུ་བསྐྲུན་དཀའ་བ་ནི་འོད་ཟེར་གྱི་ལམ་རེད།
རི་སྔོན་བླ་མ་ཐར་ན་རེ། སྙན་ངག་ནི་ཉི་མ་ལྟར་འོད་ཆེ།
རྨོག་རུ་ཤེས་རབ་རྡོ་རྗེ་ན་རེ། སྙན་ངག་ནི་རང་སེམས་ཀྱི་སྐྱོ་སྡུག་མཐའ་དག་ཕྱི་རུ་ལུད་པའི་གླུ་དབྱངས་ཤིག་གོ
……
    གཉིས་པ། "གཏོར་བརླག"གི་ཡོན་ཏན།
    "གཏོར་བརླག"ནི་གསར་གཏོད་རིགས་ཤིག་གི་སྔོན་འགྲོ་སྟེ། "གཏོར་བརླག"གིས་རྙིང་བ་རྣམས་བཅོམ་ཞིང་མཁྲེགས་འཛིན་གྱི་བསམ་བློ་དང་
རྒས་འཁོགས་ཀྱི་ལམ་ལུགས་རྣམས་ཀྱང་གཏོར་བར་བྱེད་པས། "གཏོར་བརླག"གི་དཔུང་ཚོགས་ཁད་ཁད་ཀྱིས་ཆགས་པ་དེས་ང་ཚོའི་སྙན་ངག་གསར་
བ་འདིར་ཁ་དབུགས་གསར་བ་ཞིག་འབྱིན་པའི་གོ་སྐབས་བསྩལ་ཅིང༌། ཀློག་པ་པོ་དང་རྒན་རབས་སྐོར་ཞིག་གི་ཀློག་འདོན་དབང་ཆ་བཙན་གྱིས་འཕྲོག་
པས། ཁོ་ཚོས་སྨྲ་ལྕེའི་སྟ་རེ་ང་ཚོ་སྟེ་མི་རབས་གསུམ་པའི་ཕྱོགས་སུ་གཡུག་སྟེ་སྨྱོན་པ་དང་ཁྲམ་པ་སོགས་ཀྱི་མིང་གང་འདོད་དུ་སྦྱར་ཞིང་དམའ་འབེབས་
དང་ཁྱད་གསོད་བྱེད་འགོ་བརྩམས།
    ལ་ཤས་ཀྱིས་ཁྱོད་ཚོ་ནི་ཁྱི་རེད་ཟེར།
    ངས་ལན་དུ། ང་ཚོ་ནི་ཁྱི་ཡིན། ཡིན་ན་ཡང་གནམ་གྱི་སྐར་མ་ཨ་མཚར་དུ་བཟུང་ནས་ཟུག་སྐད་འབྱིན་པ་མིན།
    ལ་ཤས་ཀྱིས་ཁྱོད་ཚོ་ནི་འདྲེ་རེད་ཟེར།
    ཡང་ལན་དུ། ང་ཚོ་ནི་འདྲེ་ཡིན། ཡིན་ནའང་ང་ཚོ་མཚན་མོ་རྒྱུ་བ་མ་ཡིན་པར་ཉིན་མོར་རྒྱུ་བའོ།།
    ཁྱེད་རྣམ་པས་བོད་ཀྱི་ཉག་ཕྲ་བའི་རྩོམ་སྟེགས་ལ་ཐེངས་གཅིག་གཟིགས་དང༌། མི་རབས་གསུམ་པ་ནི་ནད་ཡམས་ཤིག་དང་འདྲ་བར་དུས་དེབ་སོ་
སོའི་དཀར་གཙང་གཙང་གི་ཤོག་ངོས་སུ"གཏོར་བརླག"གི་སྙན་ཚིག་གང་སར་གཏོར་འདུག་པས། ནད་དུག་ནད་དུག་གིས་སེལ་དགོས་ཞེས་པ་ལྟར་
དབུགས་ཀྱི་རྒྱུ་བ་འགག་ལ་ཉེ་བའི་དུས་དེབ་དེ་དག་ཀྱང་འཁྲུག་ཆ་དོད་པོར་བཏང་སོང་བ་མ་ཡིན་ནམ།
    དེས་ན། འདི་ནི་མི་རབས་གསུམ་པའི་གནམ་ས་ཞིག་སྟེ"གཏོར་བརླག"གི་གནམ་ས་ཞིག་གོ།
    གསུམ་པ། "གཏོར་བརླག"གི་ཉེས་དམིགས།
    "གཏོར་བརླག"ལ་ཉེས་དམིགས་བགྲང་གིས་མི་ལང་བ་ཞིག་འདྲེན་རྒྱུ་ཡོད་པའང་ཆོས་ཉིད་དོ།།
    "གཏོར་བརླག"གི་ཆེད་དུ"གཏོར་བརླག"བྱེད་པ་ནི་ནག་ཉེས་ཤིག་སྟེ། ངས་སྒྱུ་རྩལ་འཚོལ་སྙེག་བྱེད་དོ་ཟེར་ནས་ཚིག་གི་རོལ་རྩེད་ཁོ་ནས་རང་
ཉིད་འཐོམ་པར་བྱེད་པ་ལྟ་བུ།
    ང་ནི"གཏོར་བརླག་པ"ཞིག་ཡིན་ཞེས་བཅོམ་ཆག་སྐྱ་ཉིལ་གྱི་སྦྱོར་བ་ལ་འཇུག་པ་སྟེ། གཞན་གྱི་བསང་ཁྲི་བཤིག་པ་དང་ད་དུང་བོད་མིའི་དད་པ་ནི་
སྒོར་མོ་སུམ་བརྒྱས་ཁུགས་སོ་ཞེས་འུད་སྒྲོག་པ་ལྟ་བུ།
    "གཏོར་བརླག་པ"ཡི་གྲལ་དུ་ཚུད་ཐབས་སུ་ཆང་རག་རྒྱུན་དུ་བསྟེན་པ་སྟེ། ངས་ཆང་བཙན་པོ་ཤེད་ཀྱིས་འཐུང་ནས་སྙན་ངག་སྐྱུགས་སོ་ཞེས་གཞན་
ལ་ངོམ་སོ་བྱེད་པ་ལྟ་བུ།
    "གཏོར་བརླག་པ"ཞིག་ཡིན་ཚུལ་གྱིས་འགན་འཁྲི་དང་སྒྱུ་རྩལ་གཉིས་ཁ་ཁར་བགྲང་པ་སྟེ། ངས་སྙན་ངག་གི་སུ་ལའང་བྲིས་པ་མིན་པར་རང་ཁོ་
ནའི་ཆེད་དུ་བྲིས་སོ་ཞེས་སྒྱུ་རྩལ་འཚོལ་སྙེག་དང་འགལ་བ་ལྟག་སྤྲོད་དུ་གྱུར་འདུག་པ་ལྟ་བུའོ།།
    ང་ཚོ་མི་རབས་གསུམ་པར་འབོད་པའི་ཁྲོད་དུའང་གོང་བཞིན་མིང་དོན་མི་མཚུངས་པའི"གཏོར་བརླག"པ་ཡོད་སྲིད་ལ། ཡོད་ཀྱང་ཡོད་པ་རེད། དེ་
བས་སྤང་བླང་གི་བློ་མིག་ཡངས་པོར་ཕྱེས་ནས་བོད་རྩོམ་གསར་བའི་ལོ་རྒྱུས་སྟེང་གི་ལས་འགུལ་རླབས་པོ་ཆེ་འདི། ཡང་དག་པའི་ལམ་དང་བདེ་ཐང་གི་
ལམ་ཞིག་ཏུ་བསྐྱལ་རྒྱུ་ནི་ཁོ་བའི་རེ་བ་ཡིན་ལ། འདིར་བཞུགས་སྤུན་ཟླ་རྣམས་ཀྱི་རེ་བའང་ཡིན་པར་སྨོན། ཐུགས་རྗེ་ཆེ།
   
     ༥ དེ་སྔ་དུས་དེབ་དང་དྲ་བར་བཀོད་ཟིན་པའི་མི་རབས་གསུམ་པའི་སྙན་ངག་རིང་མོ་གྲགས་ཆེན་འགའ་ཞིག་གི་ཁ་བྱང༌།
    
     ཁྲི་སེམས་དཔའི་<<ཉི་འོད་ལམ་ལམ་ཁྲོད་ཀྱི་ལྷ་ས། ཟླ་འོད་བསིལ་བསིལ་ཁྲོད་ཀྱི་ལྷ་ས>>
     རེ་རྐང་གླིང་གི<<སྨད་འཚོང་མ་སངས་རྒྱས་སྒྲོལ་མར་ཕུལ་བ>>
     སྐྱབས་ཆེན་བདེ་གྲོལ་གྱི<<འཇིག་ཉེན་གྱི་ཚོར་བ་ཐོག་མ>>
     རི་སྔོན་བླ་མ་ཐར་གྱི<<སྟོང་བསམ་གྱི་སྒྲུབ་ཕུག>>
     མདའ་བཙན་པོའི<<ང་དང་འབྲོང་རྒོད་ཀྱི་རུས་པ་འཐོར་བའི་མྱ་ངན་གྱི་སྐོར>>
     གཉན་གྱི<<ལག་རྩལ>>
     ངལ་རྫིའི<<འདོད་ཁམས>>

༦ བགྲོ་གླེང་འདུ་ཚོགས་སུ་གྱེར་འདོན་བྱས་པའི་ཚབ་མཚོན་སྙན་ངག་འགའ།
     
              ༼ཁང་བ་འདིའི་ནང་ནས༽
                        མདའ་བཙན་པོ།
ཁང་བ་འདིའི་ནང་ནས
ངས  རང་གི་རྐང་སྣམ་ཁ་སྐོར་སྒྱིད་ཁུགས་སུ་ཕུད་ནས
མཇེ་ངན་འདི་རྩ་བ་ནས་གཅོད་ཐབས་མི་འདུག་ཅེས
ཆགས་སྲེད་སྒྱེ་གང་མཉམ་དུ་སུ་ཞིག་ལ་སྒུག་དགོས

ཁང་བ་འདིའི་ནང་ནས
ངས  རང་གི་རླིག་རྩིད་ཡོད་ཚད་ཐག་པ་ཞིག་ཏུ་བརྒྱུས་ནས
མྱོས་བུམ་ལྷུག་ལྷུག་བྱེད་པའི་བུ་མོ་ཞིག་ལ
འདི་ཁྱོད་ཀྱི་རྐང་སྣམ་ཁ་ཐིག་བྱོས་ཞེས
བརྩེ་དུང་སྤར་མོ་གང་དང་ལྷན་དུ་སྟེར་སྲིད་དམ

ཁང་བ་འདིའི་ནང་ནས
ངས   བུ་མོ་ཞིག་གི་མཆུ་སྒྲོས་ལ་མཆུ་སྒྲོས་གླན་གྱིན
རང་གི་ཕོ་མཚན་མོའི་མོ་མཚན་ལ་ཤེད་ཀྱིས་རྫོང་གིན
དམྱལ་བའི་སྡུག་བསྔལ་འདི་ནས་བོར་འགྲོ་ལ
བདེ་བའི་ཞིང་ཁམས་འདི་མས་རྙེད་འགྲོ་ཞེས
སྙིང་ཉེ་བའི་བུ་ཆུང་ཞིག་འཇོག་ཐུབ་བམ

          
     ༼གཅེར་བུར་བུད་ནས་ཁྱོད་ལ་བལྟས་པ༽
                              རེ་རྐང་གླིང༌།

བྱེ་ཐང་དུ་གཅེར་བུར་ཀན་རྐྱལ་དུ་ལོག་ནས
ཁྱོད་ལ་བལྟས་དུས
སྐྱེས་པ་ཕོ་ཡིས་རྒྱུ་མཚན་གྱིས
བརླན་བཤེར་གྱི་སྤྲིན་པ་རེ་རེ
མཛེས་སྡུག་གི་ལྷ་མོ་རེ་རེར་འཁྲུལ་འགྲོ

ཆགས་སྲེད་ཀྱིས་མནར་བའི་ནམ་མཁའ་ཆེན་པོ་འདི་ནི
ལྷ་མོ་ཞིག་གི་མིག་ཡ་གཅིག་ལ་ཁྲུན་ཐག་བཅད་པས
ཁྱོད་ཀྱི་མཛེས་སྡུག་དེ་ཡང
བྱེ་ཐང་སྐྱ་བོ་དེའི་སྒལ་གཞུང་དུ་ནུབ་ངེས་ལ
ནུ་འབུར་དང་བརླ་ཤ
མཚན་མ་བཅས་ཀྱི་མཚོན་དོན་དུ་བབས་པའི
བྱེ་སྒང་གི་ཉམས་འགྱུར་རེ་རེ
ཁྱོད་ཀྱི་བླ་སྲོག་རྐུ་བའི་མཛེས་པ་རེ་རེ་ཡིན་ལ
བུད་མེད་ཀྱི་གཟུགས་རིས་ལྟ་བུའི་སྒྲེན་གཟུགས་དེས
ཁྱོད་ལ་འདོད་སྲེད་ཀྱི་བསླུ་བྲིད་ཅིག་གཏོང་ངེས

དུས་དེ་ནས་བཟུང་སྟེ
བུད་མེད་ཅིག་གིས
རང་གི་ཁ་གཏད་དུ་གྱུར་བའི་བུད་མེད་གཞན་ཞིག་ལ
ཉལ་བོ་བྱེད་འདོད་ཀྱི་འདོད་གཏམ་བཤད་ངེས

བྱེ་ཐང་དེ་ཁྱོད་ཀྱི་གཅེར་བུར་བུད་པའི་ལུས་པོ་དེ་ཡིན་ན
ནམ་མཁའ་དེ་ཉིད་ཀྱི་རང་ལུས་གསལ་བོར་སྟོན་བྱེད་ཀྱི་མེ་ལོང་ཞིག་དང་འདྲ་བས
ཁྱོད་ཀྱིས་ནམ་རྒྱུན་རང་ལུས་ལ་ཅེར་བཞིན་རང་སྲོག་ཐེངས་ཤིག་གཅོད་ངེས

        ༼ཕུན་སུམ་ཚོགས་པའམ་མ་ཚོགས་པ།༽
                                           སྐྱབས་ཆེན་བདེ་གྲོལ།
རལ་གྲིའི་གྲིབ་མ་ཡིས་དལ་མོར་དྲུད་ཡོང་བའི
ཁྲག་དེས  དར་གོས་དམར་བོ་ཁ་གང་དང་འདྲ་བར
གངས་ཁྲོད་ན་ལྷབ་ལྷུབ་ཏུ་བུ་ཡུག་གིས་གཡོ་བའི་མེ་ཏོག་དེའི
ནམ་མཁའ་སྐྱ་སིང་ངེའི་ཕྱོགས་སུ་གཏད་པའི
མིག་ཟུང་ཡོངས་སུ་བསྒྲིབས

ས་རུབ་སོང  ཆུ་ཚོད་འཁོར་ལོའི
རྒྱུ་མ་དང་ནང་ཁྲོལ་གཞན་དག
རྨི་ལམ་གྱི་ཆུ་ངོས་སུ་གཡེང་སྟེ་ཡུན་རིང་བར་ལུས
སྤྲིན་པའི་མལ་ཐུལ་གྱིས་གཡོགས་པའི་འདོད་སྲེད་དག
ཤོག་དངུལ་བརྒྱ་ལོར་ཞིག་སིལ་མ་མང་བོར་གྱེས་པ་བཞིན
ཕྱོགས་ཕྱོགས་སུ་འཐོར་ཞིང
སླར་ཡང་འགས་ལ་ཉེ་བའི་མེ་རྟ་ཞིག་ཏུ་གྲུབ

སྐབས་དེར   སེང་གེ་སྨྱོན་པ་ཞིག་མུན་པ་དང་བཅས་ཏེ
ཚུར་འོངས་ཤིང  ཞེ་སྡང་གི་མཆེ་བའི་རྩེ་མོར
སྙན་ངག་གི་འོད་ཟེར་ཟ་ཟི་འཕྲོ   མཆེ་བར་ནས
སྲིད་པའི་ཕུན་ཚོགས་ཧྲུག་ཆག་ཏུ་ལྡོད་ཀྱིན་པའི
སྐད་ཅིག་མ་དེ   བསྐལ་བ་སྟོང་དང་འདྲ་བར
ཡུན་རིང་བོར   ཕར་བསྲིངས

རླུང་གི་ནུ་འབུར་གྱིས་ནོན་པའི
རླུང་གི་ངོ་གདོང་འདི
སྐབས་འགར་བྱེ་མ་ཟགས་པ་བཞིན་མེད་པར་འགྱུར་ལ
རེས་འགར་རྡོ་རྗེ་ཕ་ལམ་གྱི་གོང་བུ་བཞིན
མཁྲེགས་པོར་འགྱུར
ཆགས་པའི་མེ་སྟག་གིས་ཅུང་ཙམ་བསྲེགས་པ་ནི
དམྱལ་བའི་གཏིང་རིམ་གྱི་མྱུ་གུ་ཕྲ་མོ་དེ་ཡིན

ཁ་བཏགས་ཀྱི་ཕུང་བོ་དང་ཚེར་མའི་རྩེ་མོ་མར་ནོན་ཅིག
གྱང་ངོས་ཀྱི་བུད་མེད་དང་ཆུ་ནང་གི་ཉ་མོ་བསུབ་པར་མཛོད་ཅིག
བཞོས་མ་ཐག་པའི་འབྲི་འོ་ཤེལ་དམ་གང་བོ་དེ་འཐུང་རྗེས
བསང་ཤིང་གིས་གྲུབ་པའི་ནགས་ཚལ་དེས་ཁྱོད་རང་གཉིད་དུ་ཡུར་བར་བྱེད་ཅིང
བརྡར་བའི་རྡོ་དང་བརྐོས་པའི་རི་མོ་དང་འདྲ་བའི
རྨི་ལམ་དག་མེད་པར་འགྱུར་ངེས

ལྕགས་མཁར་གྲུ་བཞི་འདི་ནི་བཙོན་ཁང་ཞིག་ཡིན་ལ
སྟོང་གསུམ་གྱི་ཁམས་ཆེན་པོ་སྐར་མའི་ཕྲ་ཚོམ་གྱིས་བརྒྱན་པ་འདི་ཡང
བཙོན་ཁང་ཞིག་ཡིན  འོན་ཀྱང་སྟབས་ལེགས་ན
རང་སེམས་ལས་འདོད་པའི་རོལ་རྩེད་ལ་གོམས་པའི་གར་མཁན་མ་ཞིག་སྐྱེ་སྲིད་ལ
མོས་ཁྱོད་ཀྱི་གློ་སྙིང་གི་གདན་གྱི་ཤོག་བུ་དཀར་བོ་དེ་གར་སྟེགས་བྱས་ནས
རྦ་རླབས་སྔོན་པོ་དང་འགྲོགས་པའི་གར་སྟབས་ཀྱིས
མུ་ཏིག་དང  བྱུ་རུ   ཨིན་དྲ་རྙིལ 
དེ་དག་ལས་ཀྱང་མཛེས་པའི་ཆུ་ཤེལ་གྱི་ཟེགས་མ་མཁའ་ལ་གཏོར་ངེས

ནམ་ལངས་པ་ནི་སྤྲང་མོ་ཞིག་གིས་མིག་ཟུང་ཕྱེ་བ་དང་འདྲ་ལ
ས་རུབ་པ་ནི་ནད་པ་ཞིག་གིས་ཐོག་གོས་གྱོན་པ་དང་འདྲ་ནའང
དུས་ཚོད་ཀྱི་འགྱུར་ཁུགས་དང་འགྲོགས་ཏེ་ཐང་སྟོང་ཞིག་ནས་ཡུན་རིང་བར་བསྡད་རྗེས
ཁྱོད་དང་ལྷན་དུ་ཐག་རིང་ལ་འགྲོ་རོགས་ནི
སྟག་མོའི་ངར་སྐད་དང   གཟིག་མོའི་ཐིག་ལེ་མ་ཡིན་ནམ
                                7/20/06 ཟི་ལིང༌།
               
   ༼ཁྱོད་ཀྱི་ངོ་གདོང་ནི་མྱ་ངམ་ཐང་ཞིག༽
                              ཁྲི་སེམས་དཔའ།

གཡོ་ཟོལ་དང་སྒམ་ཚུགས་ཀྱི་བཟོ་ལྟ་ཤར་བའི་མི་ཚོགས་ཀྱི་ཀློང་ནས
སྐྱི་ལྤགས་ཀྱི་རོལ་རྩེད་ཡོད་ཚད་མངོན་ཞིང  སླར་ཡང་འཇིག་ཤུལ་དུ
མཛེས་སྡུག་གི་ཡུལ་ལྗོངས་ཡལ་སོང  བསྟོད་སྨོན་དང་ཁ་གཡང་དག་ཀྱང་རྫོགས་སོང
ཡོད་ཚད་ནི་ས་ཧཱ་ར་ལྟ་བུའི་མྱ་ངམ་གྱི་ཐང་ཆེན་ཞིག   དེ་བཞིན་གྱི་ངོ་གདོང་ཞིག

བྱེ་མ་ཁ་ཤས་རླུང་གིས་ཁུར་བ་ལྟ་བུའི
ཁྱོད་ཀྱི་འདོད་བློ་ཐན་ཐུན་དང  ཁྱོད་ཀྱི་ཉམ་ཆུང་བའི་རྒྱབ་གཟུགས་རབ་རིབ་དེ
རེས་གསལ་རེས་མོག་ངང་འགུལ་ཞིང་སྐྱོད་དུས  མིག་ཟུང་གི་རྒྱལ་མོར
ནམ་མཁའ་ཤོང་ནའང  སྔོ་བསང་གི་ཁ་དོག་བོར་བརླག་ཐེབས་འདུག་པས
ཁྱོད་ཀྱི་ངོ་གདོང་ནི་མྱ་ངམ་ཐང་ཞིག་སྟེ
སྟོང་ཞིང་འཇགས་ལ   དྲན་གདུང་བསྐྱེད་ཅིང   སྡུག་བསྔལ་ཙམ་ཡང་སྣོན
ད་དུང   ཕམ་ཉེས   འཇིགས་སྐྲག
བརྗོད་མི་བཏུབ་པའི་ཚོར་སྣང་གཞན་དག་ཀྱང་ཕྱོགས་བཞི་ནས་འཚང་འོངས

ཨོ  མྱ་ངམ་ཐང་ལྟ་བུའི་ཁྱོད་ཀྱི་ངོ་གདོང་དུ  རང་བྱུང་གི་གྲོག་ཤུར་གང་མང
སོ་སོར་གྱེས་ཏེ   ཆར་ཆུ་ལ་སྨོན་པའི་སྟ་གོན་ཀུན་ནས་མཛད་འདུག་ཀྱང
རླུང་བུ་ཤུགས་ཀྱིས་ལྡང་སྟེ  སྐྱ་ཐང་ཐང་གི་གཞི་ནས
སེམས་ཁྲལ་གྱི་ས་རྡུལ་དྲག་ཏུ་བསླངས་ཤིང
འུ་ཐུག་པའི་འོ་དོད་ལྷང་ལྷང་འབོད
                    ༢༠༠༦ ༧ ༡༩ཉིན་ཟི་ལིང་དུ།

  ༼མཚམས་ལན་རེར༽
                  རྨོག་རུ་ཤེས་རབ་རྡོ་རྗེ།

མཚམས་ལན་རེར
ངས་རང་དང་ཁ་ཐག་ཉེ་བའི་བྱ་བ་དག་སྣང་མེད་དུ་བཞག་ནས
རྒྱང་རིང་གི་འཐོབ་པར་དཀའ་བའི་སྐར་འོད་ཟ་ཟི་དེ་སྙེག་གིན་ཡོད
དེ་ནི་དགོས་མཁོ་ཅི་ཞིག་གི་ཆེད་དུ་ཡིན་ནམ

མཚམས་ལན་རེར
ངས་གཞན་གྱི་སྡིགས་མོའི་སྐད་ཆ་ཚིག་གཅིག་ཀྱང་མི་ཐེག་པར
ལན་དུ་སྐད་ཆ་རྫ་རྡོ་འདྲ་བ་རེ་བརྗོད་དགོས་བྱུང་གི་འདུག
དེའང་ཅི་ཞིག་གི་རྐྱེན་གྱིས་ཡིན་ནམ

མཚམས་ལན་རེར
ངས་མངོན་སུམ་ལས་རྨི་ལམ་སྐྱིད་པོ་རེད་བསམ་བྱུང
མཚམས་ལན་རེར
ངས་རང་དོན་ལས་གཞན་དོན་རླབས་ཆེན་རེད་འདོད་བྱུང

མཚམས་ལན་རེར
ངས་རང་ཉིད་ཀྱང་བརྗེད་དེ་ར་བཟི་ནས་འགྱེལ་འགྲོ

     ༼ཕ་ཡུལ་གྱི་ཁ་བ་འབབ་སྟངས༽
                                       དུང༌།

སྟག་ཤར་གཅིག
རྟ་ཐོག་ནས་གློ་བུར་ལྷུང་དུས
ཕ་ཡུལ་གྱི་ཁ་བའང་གློ་བུར་དུ་བབས་བྱུང

དུས་ཚོད  ཁོར་ཡུག  བར་ཐག་གི་རྐྱེན་གྱིས
བདེན་རྫུན་དང་ལེགས་ཉེས་དབྱེ་འབྱེད་དཀའ་བ་ཇི་བཞིན
ཕ་ཡུལ་གྱི་ཁ་བས་རི་ལ་ཐང་མེད་པར་བཀབ་སོང

ངུ་ཤུབ་ཐན་ཐུན་མིག་ཆུ་དང་བཅས་ཏེ་འཐོར་དོན
ཕ་ཡུལ་ནས་ཕ་ཡུལ་ལ་སླེབས་ཐབས་མི་འདུག

 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།