གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

"བོད་ཀྱི་མཛངས་མ"ཚེ་རིང་སྐྱིད་ཀྱི་སྙན་ངག་དང་འདྲ་པར་བདམས་བཀོད།

2009-06-12 16:13:00 ངེད་དྲ་བ། ཀློག་གྲངས། མཆན ཡོད།

 _U8T8234副本.jpg
    ཐེངས་འདིར་ཁྱེད་ལ་ངོ་སྤྲོད་བྱ་རྒྱུའི་བུད་མེད་སྙན་ངག་པ་འདིའི་མཚན་ལ་ཚེ་རིང་སྐྱིད་དང་སྨྱུག་མིང་ལ་ཆུ་མིག་ཏུ་འབོད། ཁོ་མོར་སྤྱི་ལོ༢༠༠༣ལོའི་ཟླ༡༠བའི་ནང་ལོ་དེའི"བོད་ཀྱི་མཛངས་མ"ཞེས་པའི་དབུ་རྒྱན་དང་མཚན་སྙན་ཐོབ་ཅིང་དེ་ནས་བཟུང་ཨོ་སི་ཁྲིར་ཨ(Austria)དང༌། འཇར་མན། (Germany)ཕ་རན་སི།(France) ཧང་ག་རི།(Hungary) པིལ་ཇེམ། (Blegium) ལེའུ་སིམ་པིར།(Luxembourg)ཨིན་ལན་སྒྲི། (England)ཐེ་ལན་སྒྲི(Thailand)སོགས་ཕྱི་གླིང་རྒྱལ་ཁབ་ཁག་ཏུ་བསྐྱོད་དེ་བོད་རིགས་བུད་མེད་ཚོའི་གནས་སྟངས་དང་འབྱུང་འགྱུར་སོགས་ཀྱི་ཐད་གཏམ་གླེང་དང་ཚོགས་འདུ་བསྐོངས་མྱོང་ལ་གར་སྟེགས་དེ་དག་གི་སྒང་ནས་བོད་ཀྱི་ཆོས་གོས་དང༌། ཞབས་བྲོ། འབྲོག་གླུ་སོགས་གོམས་གཤིས་དང་རིག་གཞུང་ཐུན་མོང་མ་ཡིན་པ་ཕྱི་གླིང་གི་མི་རིགས་མང་བོར་ངོ་སྤྲོད་བྱེད་པའི་ལས་ལ་འཇུས་མྱོང༌། ད་ལྟ་ཨིན་ཇིའི་རྒྱལ་ས་ལོན་ཏོན་དུ་སློབ་སྦྱོང་དང་ལས་ཀའི་ཞོར་དུ་རྩོམ་རིག་དང་སྙན་ངག་གསར་རྩོམ་གྱི་ལས་ལ་འཇུག་གིན་ཡོད།
  ཁོང་མོ་མདོ་སྨད་བསང་ཆུ་རྫོང་ཁོངས་ཀྱི་ཨ་མཆོག་སྡེ་བར་སྐྱེས་ཤིང་ད་ལྟ་མོ་ལོ༢༣ཡིན། ཨ་མཆོག་སློབ་ཆུང་དང༌། གཙོས་བོད་རིགས་སློབ་འབྲིང༌། བླ་བྲང་བོད་རིགས་སློབ་འབྲིང་སོགས་སློབ་གྲྭ་ཁག་ནས་མཐོ་འབྲིང་དང་བོའི་བར་སློབ་སྦྱོང་བྱས་ཤིང་སྤྱི་ལོ༡༩༩༩ལོར་དང་བླངས་ཀྱི་དམ་བཅའ་ཞིག་དང་ལྷན་དུ་རྒྱ་གར་ལ་སློབ་སྦྱོང་བྱེད་པར་སོང༌། ༢༠༠༣ལོའི་ཟླ་བདུན་པ་བར་དུ་རྒྱ་གར་ནས་ཨིན་ཡིག་གཙོ་བྱས་པའི་ཕྱི་ནང་གི་རིག་གནས་ལ་སྦྱངས་པ་བྱས་ཤིང་མི་ཚེའི་བསམ་བློ་དང་ལྟ་བ་ལ་ཁ་ཕྱོགས་ངེས་ཅན་ཞིག་རྙེད། དེར་མ་ཟད་ལོ་ངོ་དེ་དག་རིང་བྲིས་པའི་རྩོམ་ཡིག་ལ་བྱ་དགའ་མི་ཉུང་བ་ཐོབ་ཅིང་བོད་རིགས་བུད་མེད་ཚོའི་ལས་དབང་དང་བསམ་བློའི་ཁ་ཕྱོགས་ལ་སེམས་ཁུར་བྱ་མགོ་འང་ཚུགས། སྙན་ངག་བསྡུས་དེབ<<ལན་བུའི་གསེབ་ཀྱི་མིག་མདངས>>དང<<ཟླ་བའི་ཚོམ>>ཞེས་པ་གཉིས་སྔ་གཞུག་ཏུ་སྤྱི་ལོ༢༠༠༣དང་༢༠༠༤ལོར་པར་དུ་བསྐྲུན་ཡོད་ལ་སྙན་ངག་མི་ཉུང་བ་ཞིག་ཨིན་ཡིག་དང་རྒྱ་ཡིག་ཏུའང་བསྒྱུར་ཡོད་པར་མ་ཟད་ཨིན་ཡིག་གི་དུས་དེབ་ཁ་ཤས་སུ་འང་བཀོད་ཡོད།
  འདིར་ངེད་དྲ་བས་ཁོང་མོའི་མི་སྒེར་གྱི་ཆོག་མཆན་གྱི་ཐོབ་པ་བརྒྱུད་ཆེད་བསྒྲིགས་ལེ་ཚན་འདི་བཟོས་པ་ཡིན་ལ་སྤང་ལྗོངས་ཀྱི་འོ་དྲི་ཞིམ་པོས་ཁྱབ་པའི་བར་སྣང་ཞིག་ཁོང་མོའི་གདོང་གི་མཛེས་སྡུག་དང་གར་གྱི་ཉམས་འགྱུར། སྨྱུ་གུའི་རྩེད་འཇོ་བཅས་དང་འགྲོགས་ནས་ཁྱེད་ཀྱི་ལོངས་སྤྱོད་གསར་བར་འགྱུར་བའི་གདེང་ཚོད་ཀྱིས་ཕུལ་བ་དགེའོ།།
26副本.jpg
        
             སྲོད་དུས་ཀྱི་མིག་ཆུ

འདབ་ཆགས་ལྷོ་ལ་འཕུར་བའི་བསྟར་ཕྲེང་བསྒྲིགས་སོང༌།།
ཤིང་ལོ་རླུང་གིས་དེད་དེ་ཕྱོགས་བཞིར་འཐོར་སོང༌།།
སྐྱེ་འགྲོའི་ཡིད་ཀྱི་དུས་ཚིགས་ཁ་བས་བཅོམ་སོང༌།།
ངའི་སེམས་བྲེད་ཤ་ལངས་ནས་ཆག་གྲུམ་ཤོར་སོང༌།།

བརྩེ་མདངས་སེམས་སུ་ཟུག་པའི་མནར་གཅོད་དྲག་པོས།།
ལུས་སེམས་ཐལ་བར་གཤགས་འདྲའི་མྱ་ངན་ཆེ་སོང༌།།
མིག་ཟུང་ཆུ་ཡིས་སྒྲུབ་པའི་སྐྱོ་གདུང་གསེབ་ནས།།
འགོག་མེད་སེམས་གཞས་ཐར་ཐོར་ཤོར་ནས་བུད་ཐལ།།

ཁེ་གྲགས་དབང་འབྱོར་ཞན་པའི་ས་མཐའི་བུ་མོར།།
གདོང་ན་འཛུམ་མདངས་ཐོགས་པའི་གྲོགས་པོ་མང་ཡང༌།།
མི་གཤིས་དཔྱོད་པར་སླ་བའི་སྤྱི་ཚོགས་འདི་ནས།།
ང་ཡི་སྙན་ངག་དམར་བོ་ཁྱེད་ལ་ཐིམས་སོང༌།།

ཧི་མ་ལ་ཡའི་རི་རྒྱུད་ཁ་བས་གཡོག་དུས།།
ལྷོ་མོན་ཡུལ་ལ་འཕུར་བའི་ཁུ་བྱུག་དྲན་སོང༌།།
རྣོ་ངར་སྤུ་གྲི་ལྟ་བའི་གྲང་རླུང་དེ་ཡིས།།
གནོད་མེད་ཡང་འཕུར་ཡོང་བའི་སྨོན་ལམ་བཏབ་ཡོད།།

ང་ཡི་སེམས་སུ་ཟུག་པའི་དྲན་ཤིང་དམར་པོ།།
མི་ཚོགས་འཚང་ཁའི་བར་ནས་འབོར་ལ་ཉེ་སོང༌།།
ཕྱིར་དྲན་སྙིང་ན་ལུས་པའི་དུས་ཚིགས་རེ་རེ།།
མཆི་མའི་ཕྲེང་ཐག་བར་ནས་ག་ལེར་བཞུད་སོང༌།།

འགྲོ་ལམ་འདི་ནས་རྙེད་པའི་གསང་བ་དམར་པོ།།
ཁ་བའི་འདབ་མ་བཞིན་དུ་སེམས་ཁར་ལྷུང་དུས།།
དྲོད་ཀྱི་རླངས་པ་འཁོལ་བའི་ཁྲག་རྩ་འཁོལ་མ།།
རེ་ཞིག་ལྡིང་མཚམས་བཞག་སྟེ་འཁྱགས་ལ་འབྱར་སོང༌།།

རང་སེམས་གསོ་ཕྱིར་སྙན་ངག་འབྲི་ཁུལ་བྱེད་ལ།།
སྐྱོ་སྣང་སེལ་ཕྱིར་གླུ་རེ་ལེན་ཁུལ་བྱས་མོད།།
དམ་བཅའ་རལ་བར་གྱུར་བའི་དོན་དེ་དྲན་ན།།
མཆི་མའི་ཕྲེང་ཐག་རེ་རེ་གཅིག་འཐོར་གཉིས་འཐོར།།
                                 སྤྱི་ལོ༢༠༠༥ལོའི་ཟླ༤བའི་ཚེས༥ཉིན།

31副本.jpg
          
            འཛུམ་མདངས་དང་ངའི་ཁེར་ལབ།

ང་རང་འཛུམ་མདངས་ལ་ཧ་ཅང་སྐྲག
དེའི་ཤུགས་ན་ཅི་ཡོད་བསམ་ན
མེ་ཏོག་ལྟ་བུའི་འཛུམ་མདངས་དེ་ཚོ་མཐོང་མི་འདོད

མངོན་སུམ་དེ་རྨི་ལམ་ལས་རྩ་ཆེ་བས
ཚིམས་དཀའ་བའི་འདོད་ཞེན་དེ་ཆུ་བོ་བཞིན
ནམ་ཡང་ཐང་བདེ་ས་ཞིག་ནས་རང་དགར་བཞུར་ཆོག་ན
བདེ་དྲོད་གཞན་ཞིག་གང་ནས་འཚོལ
རྨི་ལམ་ལྟ་བུའི་འཁྲུལ་སྣང་འདི
ག་ལེར་ཆུ་གཉེར་བཞིན་ཡལ་འགྲོ་བས
ང་རང་ཁྱེད་ཀྱི་མགུལ་དུ་འཁྱུད་པར་སྐྲག་སྣང་ཆེ
                         ༢༠༠༥ ༩ ༢ ཉིན། Bombay


                སྙིང་ཉེ་ལགས། ང་ལ་མ་སྒུག་རོགས།

བྲང་གཞུང་དུ་ལུས་པའི་དམ་ཚིག་རླུང་གིས་ཁུར་ཞིང
སྙིང་ཁ་རུ་ལྷུང་བའི་ཞེན་ཆགས་ཆུ་ལ་ཐིམས་སོང་བས
སྙིང་ཉེ་ལགས  ང་ལ་མ་སྒུག་རོགས

མུན་པ་དང་གྲང་ངར་ཆེ་བའི་དོ་ནུབ
བསམ་གཞིགས་དང་ཤུགས་རིང་མང་བའི་དོ་ནུབ
མཆི་མ་དང་འཁང་ར་མོད་པའི་དོ་ནུབ
དོ་ནུབ  གནམ་འོག་ན་མྱ་ངན་ཁོ་ནའི་རོལ་དབྱངས་འཁྱིལ

ཟླ་འོད་དང་སྐར་ཚོགས་མེད་པའི་དོ་ནུབ
འཛུམ་མདངས་དང་དགོད་སྒྲ་བོར་བའི་དོ་ནུབ
ལྷིང་འཇགས་དང་སྤྲོ་སེམས་ཡལ་བའི་དོ་ནུབ
དོ་ནུབ  ངའི་འཇིག་རྟེན་ན་སྐྱོ་གདུང་གི་གླུ་གཞས་གྲགས

སྡོང་ལོ་རླུང་གིས་ཁུར་བའི་ཤག་སྒྲ་རེ་རེར
ངའི་གདུང་བ་སྐུར་ཞིང
ཤོང་དཀའ་བའི་མྱ་ངན་དྲག་པོ
ལོ་མ་རེ་རེ་དང་ལྷན་དུ་ཕྱོགས་གཞན་ལ་གཏོར
དོ་ནུབ  བྱང་ཐང་ན་གྲང་ངར་ཅི་འདྲའི་ཆེ

འཕྲེང་སེམས་ཀྱི་བར་ནས་མི་ཚོགས་ཀྱི་ངོ་གདོང་འཐུ་དུས
ངའི་འདོད་འདུན་ཡོད་ཚད་རླུང་གིས་ཁུར་ཞིང
ངའི་དུང་ཞེན་དམར་བོ་ཆུ་ལ་ཟགས་སོང
ངའི་རྣམ་ཤེས་མནར་གཅོད་ཀྱི་ཀློང་དུ་ཡོད་པས
ངའི་གློ་སྙིང་བྲང་གསུམ་དུ་ན་ཟུག་ཆེ
སྙིང་ཉེ་ལགས  ང་ལ་མ་སྒུག་རོགས

བྲང་གཞུང་དུ་ལུས་པའི་དམ་ཚིག་རླུང་གིས་ཁུར་ཞིང
སྙིང་ཁ་རུ་ལྷུང་བའི་ཞེན་ཆགས་ཆུ་ལ་ཐིམས་སོང་བས
སྙིང་ཉེ་ལགས  ང་ལ་མ་སྒུག་རོགས
          ༢༠༠༥ ༢ ༡༠ ཉིན་ཆག་གྲུམ་ཤོར་ཟིན་པའི་གཏམ་རྒྱུད་ཅིག་གི་ཆེད་དེ་མི་འདོད་བཞིན་སྙིང་ཉེ་བའི་མི་ཞིག་དང་འབྲེལ་ཐག་གཅད་པའི་ཕྱིར་བྲིས་སོ།།

88副本.jpg

            མི་ཚོགས་ཀྱི་འགྱུར་བག

དུས་ཚིགས་ཤིག་ལ   ཁ་རོག་གེར
ཁྱེད་ཀྱིས་ལྷད་མེད་ཀྱི་སེམས་པ་བཏེགས་ནས
ངའི་འཇིག་རྟེན་ལ་བཙན་འཛུལ་བྱེད་སྲིད་ལ
མཛེས་ཤིང་སྡུག་པའི་སྙིང་གཏམ་ཞིག་ཀྱང
ཁུ་སིམ་སིམ་ང་ལ་བརྗོད་སྲིད

ནམ་ཞིག་ལ  ཤེས་མེད་ཚོར་མེད་ངང
སོས་ཐབས་བྲལ་བའི་རྨ་ཁ་ཞིག་དང
བརྗོད་ཐབས་དབེན་པའི་ན་ཟུག་འཇོག་བཞིན
བརྩེ་མེད་ངང
འཇམ་ཅག་གེར་ང་དང་རྒྱང་ཐག་འགྱེད་ངེས
       ༢༠༠༥ ༥ ༡ཉིན་རང་ཉིད་ཀྱི་འདས་ཟིན་པའི་བརྩེ་དུང་གི་གྲོང་ཚོ་རུ་བྱུང་འདས་ཀྱི་གཏམ་རྒྱུད་བཀླགས་རྗེས།

118副本.jpg    
             ཚོད་ཚོད་ལ་ཁྱེད་རང་དྲན།

ཁྱེད་དྲན་འོང་དུས   བརྩེ་སེམས་ཀྱི་ཁུག་པ་རེ་རེ་ནས
འདས་སོང་གི་གཏམ་རྒྱུད་བཞུར་འོང་ལ
ཁྱེད་བསམ་འོང་དུས
མིག་མདུན་གྱི་རི་ལུང་ཐང་གསུམ་ལ
དྲན་སྣང་གི་ན་བུན་འཐིབས་འོང
ནམ་ཞིག་ལ  དྲན་པ་འདི་འཇའ་ཚོན་བཞིན་ཡལ་ལམ
ཅི་ཙམ་ལ་དྲན་སྣང་འདི་གསོན་པོ་རུ་ལྡིང་ངམ
ངས་རང་ཉིད་ལ
"ནམ་ཞིག་ལ་ཁོ་བོ་བརྗེད་ཐུབ་བམ"ཞེས་དྲིས་ན
"དེ་ནི་བརྗོད་ཐབས་བྲལ་བའི་གཏམ་རྒྱུད་ཅིག་རེད"ཟེར
ངས་རང་ཉིད་ལ
"དྭངས་གཙང་གི་བདུད་རྩིས་ཁྲུས་གསོལ་མ་བྱེད་ན་དྲན་སྣང་འདི་མི་ལོ་དུ་མའི་ལན་ཆགས་སུ་འགྱུར་ངེས"ཞེས་བཤད་འདོད

གཏམ་རྒྱུད་ཅིག་ངའི་ཤ་རུས་སུ་ནད་ཡམས་བཞིན་ཁྱབ་པ་ནས
ངས་རང་ཉིད་ཀྱི་གསོན་ཉམས་དང་བླ་སྲོག་བོར་སོང
དུས་དེ་ནས  ང་ཡི་རྨི་ལམ་དང་ཕུགས་བསམ་ཐ་དག
རླུང་གིས་ཁུང་ཞིང 
ཆུ་ཡིས་བསྣུབས
           ༢༠༠༥ ༦ ༨ཉིན་དེ་རིང་གི་ནམ་ཟླ་དང་བདག་གི་སེམས་ཁམས་ཞེས་པའི་ལེ་ཚན་ལས།
119副本.jpg
 
              སྐྱོ་བའི་མིག་ཆུས་བདག་གི་བྲང་གཞུང་བརླན།

གདུང་སེམས་ཉི་མར་བརྗོད་པའི་རི་གྲོང་ནས།།
སྙིང་ཁམས་ནད་ཀྱིས་མནར་འདྲའི་ན་ཟུག་ལྩི།།
བློ་ཕམ་ཟླ་བར་བརྗོད་པའི་གྲིབ་ངོགས་ནས།།
སྐྱོ་བའི་མིག་ཆུས་བདག་གི་བྲང་གཞུང་བརླན།།

རྔོན་པ་ཞེ་ནག་ཅིག་གི་འཇབ་རྒོལ་འོག
བཅོས་མེད་རྨ་ཁ་ལྩི་མོ་སྙིང་ལ་འཕགས།།
རྫ་ལམ་འབྲོང་ཁྱུས་ཁེངས་པའི་རི་ཁུལ་ནས།།
གློ་སྙིང་ས་ལ་ལྷུང་བའི་གཏམ་རྒྱུད་བཞག།

ཐོག་མའི་ལྷ་སྒྲུང་ལྟ་བུའི་འདུ་ཤེས་དེ།།
ཆར་ཤུལ་འཇའ་ཚོན་བཞིན་དུ་ཡལ་ནས་ཐལ།།
སེམས་མེད་རྔོན་པ་ཁྱེད་ཀྱི་གསང་རྣམ་ལས།།
བདག་གི་ལང་ཚོའི་རིན་ཐང་མེ་ལ་སྤར།།

ཁྱོད་ཀྱི་གདོང་འབག་རྫུན་མའི་ཟུར་ངོགས་ནས།།
ཁོ་མོའི་མཛའ་བ་རྩིས་མེད་ཆུ་ལ་གཡུག།
ཁྱོད་ཀྱི་ཚོན་རྩི་བྱུགས་པའི་ཚིག་ཟུར་ལས།།
ཁོ་མོའི་མདངས་ཞེན་རིན་མེད་ཐང་ལ་བཞག།

དངུལ་དང་དབང་གིས་ཁུགས་པའི་མི་ཚོགས་ཤིག
དྲག་བཞུར་གཙང་བོའི་རླབས་ལྟར་འཕྱུར་དུས་སུ།།
འབྱོར་ལྡན་བུ་མོར་མདངས་ཞེན་ཆེ་བ་དེ།།
ཨ་ཇོ་ལན་པར་བརྩིས་ན་ག་ལ་འགྲིག།

དེང་གི་མི་ཚོགས་དངུལ་དང་དབང་ལ་དགའ།།
འདི་འདྲའི་ལས་དབང་ཞིག་གི་གར་སྟེགས་ནས།།
ཨ་ཇོ་ཁྲེལ་གཞུང་མེད་པར་འགྲོ་རྒྱུ་ནི།།
བུ་མོར་ཕངས་སེམས་ཡོད་པའི་གཏམ་རྒྱུད་མེད།།
254副本.jpg
         

               རི་སྤྱང་གི་འཇབ་རྒོལ།

མེ་རི་འཕྱུར་ཤུལ་གྱི་མཐོ་སྒང་གི་ཡུལ་ལྗོངས
ནག་ཤུལ་རེ་འམ་ཡང་ན་སྐྱ་ཐང་ངེར
ལྗང་མདོག་དང་གསོན་ཤུགས་རིང་ནས་བྲལ
འཚོ་བའི་གཡོ་ཟོལ་གྱིས་བསླུས་ཟིན་པའི་རི་ཚོགས
གྲང་རླུང་དང་ཁ་བ་བརྡར་ཤུལ་ན
འབར་མི་ཚར་བའི་སྙིང་སྟོབས་ཤིག་གིས་བསླངས་འདུག
ཕུགས་བསམ་དང་འགྲོ་སྟངས་ཤིག་གིས་མནར་བའི་ལོ་ཟླ་འང
དངངས་སྐྲག་དང་ཕངས་སེམས་ཤིག་གིས་འབར་གྱིན་འདུག

ཐག་རིང་གི་གངས་རིའི་གཞིས་ཁྱིམ་དུ
རི་ཚོགས་དང་ལོ་ཟླ  ཡུལ་ལྗོངས་ཧྲིལ་བོ
ཡོད་ཚད་ཀྱིས་ཕ་ཡུལ་གྱི་ཆེད་དུ་འཕུར་བའི་དཔའ་རྒོད་ཚོའི་སླད
ལྕགས་ཁྲབ་དང་སྙིང་རུས་སྦྲེལ་བཞིན
ལྐོག་གཡོ་དང་ཚུལ་འཆོས་ལ་རྒོལ་ཞིང
གནས་ལུགས་དང་དྲང་བདེན་རུམ་པའི་གངས་རིའི་རི་ཚོགས
མེས་པོ་ཚོའི་ཁ་ཆེམས་དང་ལྷན་དུ་ཐོལ་གྱིས་འགྱིངས་ཡོད
ད་དུང་ཡང   ལོ་ཟླ་ཅི་ཙམ་ལ
ནམ་མཁའ་དང་ས་གཞིའི་བར་ནས
འདི་ལྟར་འགྱིང་ངམ
                   ༢༠༠༥ ༦ ༡༦ཉིན།
315副本.jpg
     
            མྱི་ཁ་འདི་ལྟར་འཚུབ་སོང༌་།

རི་རྒྱལ་ལྷུན་པོ་ལྟ་བུའི་བརྩེ་དུང་གི་གཏན་ཚིགས།།
མི་ཁ་གནམ་ལྕགས་ཐོག་གིས་ལྷག་མེད་དུ་གཏོར་སོང༌།།
གཙང་བོའི་བཞུར་རྒྱུན་ལྟ་བུའི་མཛའ་སེམས་ཀྱི་དར་སྐུད།།
ལས་དབང་རྡོ་རྗེའི་བྲག་རིས་དུམ་བུ་རུ་བཅད་སོང༌།།

ང་དང་གངས་རིའི་འཁྱམ་པོ་གཞན་ཡུལ་ནས་འཕྲད་པ།།
སྔོན་བསགས་བསོད་ནམས་བཟང་བོའི་ལས་འཕྲོ་རུ་ངེས་ཀྱང༌།།
མཛའ་གཅུགས་ཐལ་བར་གཏོར་བའི་གྱེས་གདུང་གི་གཞི་མ།།
མ་བཙལ་རང་འགར་རྙེད་པའི་ལན་ཆགས་སུ་གྱུར་སོང༌།།

ཁྱེད་སེམས་བདག་ལ་ཤོར་བའི་གཏམ་རྒྱུད་དེའི་གཞུང་ནས།།
བདག་ཡིད་ཁྱེད་ལ་གཏད་པའི་རི་མོ་ཞིག་བྲིས་ཀྱང༌།།
ལེ་དབར་སྟོང་གིས་ཆོད་པའི་ཕར་ཚུར་གྱི་ངོགས་ནས།།
བརྩེ་སེམས་འཇའ་རུ་གྱུར་བའི་ངང་ཚུལ་འདི་སྐྱོ་ཨང༌།།

རྒྱ་སྡེ་མི་ཁ་རླུང་ནག་འཚུབ་མ་བཞིན་ལྡང་ལ།།
མི་སེམས་རྣམ་རྟོག་ལ་ཁའི་ན་བུན་ལྟར་མཐུག་པོས།།
དྭངས་གསལ་ཆུ་ཤེལ་ལྟ་བུའི་མདངས་ཅན་གྱི་མཛའ་སེམས།།
ཕན་ཚུན་ཡིད་ཆེས་བོར་བའི་གཏམ་རྒྱུད་ཁྲོད་བརླག་སོང༌།།

མཛེས་མའི་འཇོ་སྒེག་མཐོང་ཡང་མིག་ཟུང་དེ་མི་འཕེན།།
འཕྱོན་མའི་བཅོས་འཛུམ་བསྟན་ཡང་འགྱུར་བག་ཅིག་མེད་ལ།།
ཨ་གསར་གློག་ལས་མྱུར་བའི་རང་གཤིས་ཤིག་མེད་པ།།
འདང་ཅན་དགའ་ལོར་དུང་བའི་གསང་རྣམ་ལ་ཐིམས་སོང༌།།

མི་ལ་མི་གཤིས་མེད་པའི་དུས་ཚིགས་ཀྱི་གཞུང་ན།།
གྲོགས་ལ་ཕྱི་ཐག་ཡོད་པའི་གཏམ་རྒྱུད་དེ་མེད་ཀྱང༌།།
འཁྲལ་འཁྲུལ་ལས་ལ་མི་གཞོལ་བདེན་དྲང་གི་གཤིས་ཀ།
འདང་ཅན་དགའ་ལོར་ཡོད་པའི་དམ་ཚིག་གི་ཐོག་མ།།

གར་སོང་གར་འདུག་ས་ནས་ཡང་ཡང་དུ་དྲན་མྱོང༌།།
ཕྱིར་དྲན་སྒྱུ་མའི་ཞིང་ནས་ཡང་ཡང་དུ་བཙལ་མྱོང༌།།
བྱམས་པའི་ལས་འཕྲོ་ཟད་པའི་དེ་རིང་གི་ནམ་ཟླ།།
བདག་ཡིད་འཁྱག་ལ་འབྱར་བའི་འཁྲུལ་སྣང་ཁྲོད་ཐིམས་སོང༌།།
P[副本.jpg
 
               ཕ་ཡུལ་དུ་ཇག་པ་མང་༌།

ཁ་བས་འདབ་མས་བཀླུབས་པའི་མཛེས་སྡུག་གི་ནོར་འཛིན་ཞིག་སྟེ
དྭངས་གཙང་གི་ཆུ་མོ་དང་བརྗིད་ཆགས་ཀྱི་རི་ཚོགས་ཐ་དག
ངའི་ཕ་ཡུལ་གྱི་མངའ་ཐང་ཡིན

སྤྲིན་དཀར་གྱི་འདབ་མ་བྲལ་བའི་སྔོ་བསང་གི་ནམ་མཁའ
ཆེས་གཙང་ཞིང་བསིལ་བའི་མཁའ་དབུགས་ཀྱིས་ཁྱབ་ཡོད
རང་བྱུང་གི་མཛེས་སྡུག་ལྷུན་གྱིས་གྲུབ་པའི་གཞུང་ན
ངའི་ཕ་ཡུལ་སྤོབས་པའི་ཁྲོད་འགྱིང་ཡོད

ཉམས་ཉེས་དང་བསླུ་བྲིད་ཀྱི་རླུང་ཁ་ནས
ཚེ་སྲོག་གྲངས་མེད་ཅིག་ཟུངས་ཁྲག་དང་རྣམ་ཤེས་བར་འབར་སོང
འདི་ནི  བདེན་སྣང་འདྲེན་པའི་མི་ཡུལ་གྱི་མཆོད་མེ་ཡིན་ལ
འདི་ནི  ལ་རྒྱས་སྤར་བའི་མེས་པོ་ཚོའི་རྣམ་ཤེས་ཡིན
ད་ལྟ  ངའི་ཕ་ཡུལ་དུ་མེད་མུག་དང་ཕམ་ཉེས་ཀྱི་མེ་རི་འཕྱུར་བཞིན་ཡོད

བཙན་དབང་དང་གཞན་བསྟེན་གྱི་གཉའ་གནོན་འོག་ཏུ
རང་དབང་གིས་རྒྱུ་བའི་རི་དྭགས་ཚོགས་ཀྱང་གནས་མལ་དང་བྲལ་ཞིང
མཛེས་སྡུག་གིས་སྐྱེས་པའི་སྡོང་ལོའི་ཚོགས་ཀྱང་དམར་གཤགས་བྱས་སོང
འདབ་ཆགས་ཚོའི་འཕུར་སྟངས་འཐོར་ཞིང
རི་རབ་ཀྱི་བརྗིད་ཉམས་བརླག་སོང
                        ༢༠༠༥ ༨ ༢༠ཉིན།

DSC00276副本.jpg
 
             ཕྱི་གླིང་ནས་བསྐུར་བའི་སེམས་འཕྲིན།

རྒྱ་གར་རྒྱལ་ས་ལྡི་ལིའི་ནུབ་ཕྱོགས་ཀྱི་མཐའ་རུ།།
ཆུ་བོ་ཡ་མ་ར་ནའི་འགྲམ་རྒྱུད་དུ་ཆགས་པའི།།
རིགས་མཐུན་སྤུན་ཟླས་གྲུབ་པའི་རི་གྲོང་དེའི་གཞུང་གི།
ང་ཡི་སྙིང་ཐུབ་དེ་ཚོ་ཡང་ཡང་དེ་དྲན་བྱུང༌།།

དུ་སྨུག་རླངས་སྤྲིན་འཐིབས་པའི་ཁང་ཆུང་དེའི་ནང་ནས།།
བུ་མོར་གཞན་ཡུལ་འགྲིམས་པར་གསོལ་སྟོན་དེ་བཤམས་དུས།།
ས་མཐའི་འཁྱམས་པོ་ང་ཚོའི་ལས་དབང་འདི་བསམ་ན།།
མིག་ཆུའི་ཕྲེང་ཐག་སྐྱེལ་མའི་གླུ་ཚིག་ཁྲོད་ཐིམ་སོང༌།།

གྱེས་ཁའི་གླུ་ཚིག་རེ་རེ་རྣ་ལམ་དུ་གྲགས་ན།།
མནན་ཡང་བཟོད་ཐབས་མེད་པའི་ན་ཟུག་ཅིག་འཕར་ཡོང༌།།
ནམ་མཇལ་ངེས་པ་མེད་པའི་འགྲོ་ལམ་འདི་སྒོམ་ན།།
བཤད་ཀྱང་རྫོགས་མཐའ་མེད་པའི་འཆར་ཡན་གྱིས་ཁེངས་སོང༌།།

ལྡི་ལི་གསར་བའི་རྒྱལ་སྤྱིའི་གནམ་ཐང་གི་མདུན་དུ།།
གྱེས་ཁའི་གདུང་བས་མནར་བའི་མི་ཚོགས་ཤིག་འཕྱུར་ལ།།
ཚེ་སྲོག་དམར་བོའི་གཤེད་མ་དུས་ཚོད་ཀྱི་ཐག་སྒྲས།།
ང་དང་བྱམས་པའི་ལག་ཟུང་དབང་མེད་དུ་དབྱེ་སོང༌།།

ང་དང་བྱམས་པ་བྲལ་བའི་སྐྱོ་སྣང་འདི་ཁུར་ཏེ།།
ཞེན་ཆགས་དམར་བོའི་བར་ནས་ཕྱི་མིག་ཅིག་ཤོར་སོང༌།།
ཆ་མེད་ཡུལ་དུ་འགྲོ་བའི་གོམ་ཁ་དེའི་བར་ནས།།
བྱམས་པར་འཁྲེང་སེམས་ཆེ་བའི་མཆི་མ་ཞིག་ལྷུང་སོང༌།།

འཁྲེང་ཞེན་ཕྱི་མིག་བྱམས་པའི་ངོ་གདོང་ནས་ལུས་སོང༌།།
སྐྱོ་བའི་མཆི་མ་བྱམས་པའི་བྲང་གཞི་ལ་ཟགས་སོང༌།།
དམ་བཅའ་རྡོ་ལ་བརྐོས་འདྲའི་དམིགས་འདུན་གྱི་ཆེད་དུ།།
བཟོད་མེད་གྱེས་གདུང་སེམས་ཀྱི་སེམས་ཀྱི་ལན་ཆགས་ལ་གྱུར་སོང༌།།

རྒྱུས་མེད་གྲོང་ཁྱེར་ཞིག་གི་གྲུ་ཟུར་ནས་ལངས་ཏེ།།
འབྲེལ་མེད་མི་ཚོགས་སྟུག་པོའི་རྔམས་ཁ་ལ་ལྟ་དུས།།
རིགས་མཐུན་ང་འདྲ་མེད་པའི་སྡུག་ཡུས་ཀྱི་མིག་ཆུ།།
ཡིད་མཐུན་བྱམས་པ་དྲན་པའི་བར་གསེང་ནས་ལྷུང་སོང༌།།

འདུ་འཛི་བྲེལ་བས་འདུར་བའི་སྲང་ལམ་གྱི་གཞུང་ན།།
ཚོར་བ་རྗེན་པར་མངོན་པའི་གཞོན་ནུའི་ཚོགས་མཐོང་དུས།།
མིག་ལ་མ་འཚམས་སེམས་སུ་འཚེར་སྣང་རེ་སྐྱེས་ཀྱང༌།།
བྱམས་པ་དྲན་ཚུལ་བསམ་ན་ཆེ་ཁག་རེ་འདོད་བྱུང༌།།

སྣ་ཚོགས་གློག་བཞུས་བརྒྱན་པའི་བྲོ་ཁང་གི་ནང་དུ།།
ཕན་ཚུན་དམ་དུ་འཁྱུད་པའི་སྙིང་གྲོགས་ཚོགས་མཐོང་དུས།།
ཧ་ཅང་ཐལ་ཆ་ཆེ་བའི་སྣང་བ་ཞིག་སླེབས་ཀྱང༌།།
མ་ཐུག་ཆུང་ལོ་བསམ་ན་བདེན་སྣང་རེ་སྐྱེས་སོང༌།།

ཟང་ཟིང་འུར་གྱིས་ཁེངས་པའི་ཆང་ཁང་གི་ནང་དུ།།
ཁ་ལྕེ་མཉམ་དུ་སྦྱོར་བའི་ཕོ་མོ་ཚོ་མཐོང་དུས།།
མི་ཚོགས་ཕྱི་ནང་མེད་པའི་འཁྲུལ་སྣང་རེ་སྐྱེས་ཀྱང༌།།
བྱམས་པ་དུང་ཚུལ་བསམ་ན་ལོས་ཡོན་རེ་བསམ་བྱུང༌།།

གུ་དོག་མཁྲེགས་འཛིན་རྒོད་པའི་སྤྱི་ཚོགས་དེའི་ཁྲོད་ནས།།
རླུང་ནག་འཚུབ་མ་ལྟ་བུའི་མི་ཁ་དེའི་གཞུང་ནས།།
རེ་ཞིག་རྒྱང་ལ་བཞུད་པ་འོས་མཚམས་སུ་འདོད་ཀྱང༌།།
བྱམས་པ་དྲན་ཚུལ་རྒོད་དུས་དོན་མེད་དུ་བསམ་བྱུང༌།།

ཆུང་ནས་རྨིས་པའི་རྨི་ལམ་སྙིང་རྗེ་དེའི་ཕྱིར་ཏུ།།
ཡུན་རིང་སེམས་སུ་ཉར་བའི་དམིགས་ཡུལ་དེའི་ཆེད་དུ།།
ཆ་མེད་རྒྱལ་ཁམས་འགྲིམས་པ་དོན་ཡོད་དུ་འདོད་ཀྱང༌།།
ཡིད་མཐུན་བྱམས་པ་དྲན་དུས་སུན་སྣང་གིས་ཁེངས་འགྲོ།

མིག་ཟུང་དབྱེ་མཚམས་བར་ན་ཡལ་མེད་དུ་གྱུར་བ།།
དུང་བའི་འཛུམ་གྱིས་ཁེངས་པའི་བྱམས་པ་ཡི་ཞལ་རས།།
གོམས་པའི་འདེགས་འཇོག་མཚམས་ན་བར་མེད་དུ་གྲགས་པ།།
སྐད་ངག་མགྲིན་དབྱངས་སྙན་པའི་བྱམས་པ་ཡི་གླུ་སྐད།།

མི་འགྱུར་མཛའ་སེམས་མཚོན་པའི་བདག་སྙིང་གི་དྲན་རྟེན།།
ཟུངས་ཁྲག་དམར་བོའི་སྲུབས་སུ་ཡལ་མེད་དུ་བྲིས་པའི།།
དམ་ཚིག་ཡིག་འབྲུ་སྔོན་པའི་མིག་ལམ་དུ་རྒྱུད་དུས།།
གཏམ་རྒྱུད་སྙིང་རྗེ་དེ་ཡི་མགོ་མཇུག་དེ་དྲན་བྱུང༌།།

མུན་ནག་ཁྲོམ་ར་འགྲིམ་པའི་ལས་དབང་འདིའི་ཟུར་དུ།།
བུ་མོའི་སྐྱོ་སྣང་ཟབ་མོ་ན་བུན་བཞིན་ཐིམ་སོང༌།།
ས་མཐར་ཁེར་རྐྱང་འཁྱམས་པའི་གོ་རིམ་འདིའི་གཞུང་ན།།
བརྩེ་བའི་ལན་ཆགས་ལྩི་མོ་རུམ་ཁ་རུ་ལུས་སོང༌།།

མ་དྲན་སྡོད་ཐབས་མེད་པའི་ངང་ཚུལ་འདི་བསམ་ན།།
དྲན་ཡང་མཇལ་རྒྱུ་མེད་པའི་སྐྱོ་སེམས་དེ་ཆེ་སོང༌།།
གདུང་བའི་མཆི་མ་འགོག་མེད་ངོ་གདོང་ལ་ལྷུང་དུས།།
སྙིང་སྡུག་བྱམས་པའི་ཞལ་རས་མིག་ཆུའི་ཁྲོད་ཐིམ་སོང༌།།

ཤེས་རིག་གླིང་དུ་འགྲིམས་རྒྱུའི་ཁྱེད་ཉིད་ཀྱི་ཆོད་སེམས།།
མི་རིང་མྱུར་ཏུ་འགྲུབ་པའི་རེ་སྨོན་གྱིས་ཁེངས་སོང༌།།
ནམ་ཞིག་རྨི་ལམ་ཁྲོད་ཀྱི་གྲོང་ཁྱེར་དེའི་གཞུང་ནས།།
ང་དང་བྱམས་པས་མཛེས་པའི་གཏམ་རྒྱུད་ཅིག་འབྲི་ཆོག།
       ༢༠༠༥ ༥ ༡༠ཉིན་འཇར་མན་གྱི་གྲོང་ཁྱེརRegensburgནས་ཆེས་སུན་སྣང་གི་ཚོར་བ་མཐུག་པས་བྲིས།

293444副本.jpg


293444副本.jpg
         
              མཚན་ལྗོངས་ཀྱི་ཁེར་ལབ།

ཡོ་རོབ་གླིང་ཕྲན་གྱི་སྣེ་མོ་ཞིག་ཏུ
ངས་རྩྭ་ཐང་གི་སྐར་ཚོགས་ལྟར་བཀྲ་བའི་གློག་འོད་ལ་ལྟ་བཞིན
ཨ་ཕ་དང་མཉམ་དུ་ལུག་མཐའ་རུ་ཉལ་དུས་ཀྱི
ཆུང་དུས་རྩེད་ར་དང་གནའ་སྒྲུང་དྲན་འོངས
སྔོ་དྭངས་ཀྱི་ནམ་མཁའ་རུ་ཟླ་བ་དང་སྐར་ཚོགས་ཁྲི་འབུམ
འཆར་ཚུལ་དང་འོད་སྣང་མི་འདྲ་བའི་སྣང་བརྙན་གསོན་པོ
ད་དུང་སྒོ་ཟོག་གི་འཁུན་སྒྲ་དང་ལུ་གུའི་འབའ་སྒྲ
རྨི་ལམ་ལྟ་བུའི་བྱིས་དུས་ཀྱི་འཚོ་བ་དང
འཕྲུལ་སྣང་ལྟ་བུའི་ཕ་ཡུལ་གྱི་མཛེས་ལྗོངས
ཡོད་ཚད་ཕ་ཡུལ་གྱི་བྲག་རོང་ནས་བཞུར་བའི་རྫ་ཆུའི་རྦབ་སྒྲ་བཞིན
ངའི་མིག་མདུན་ན་དྭངས་གཙང་གིས་འཕྱོ་ལ
ངའི་རྣ་ལམ་དུ་སྙན་དབྱངས་ཁྲོད་བཞུར
སྣ་ཚོགས་གློག་བཞུ་དང་ཞབས་བྲོ་ཁང་གི་སྒྲ་དབྱངས་ལྗིད་པོས
ངའི་འཆར་ཡན་དང་བསམ་གཞིགས་དཀྲོགས་ཤིང
ཕྱི་གླིང་གི་འཚོ་བ་དང་གྲོང་ཁྱེར་གྱིས
ང་ལ་གསལ་བརྡ་དང་སྐུལ་མ་གཏོང་ལ
སྲོད་དུས་ཀྱི་འདུ་འཛི་དང་དགོང་ཚོགས་རེ་རེ་ཡིས
ང་ལ་དྲན་གདུང་དང་ཁེར་རྐྱང་གི་གཏམ་རྒྱུད་བརྗོད་འོངས་པས
ང་མྱུར་ཏུ་ཕ་ཡུལ་ལ་ལོག་འདོད་དེ
རང་བྱུང་གི་མཛེས་སྡུག་རུམ་པའི་ཕ་ཡུལ་དྲན་འོངས
ང་ལ་ཕ་ཡུལ་གྱི་ནམ་ཟླ་མ་རག་པར་ཡན་རིང་འགོར་ཞིང
ངས་རྫི་བོའི་ལ་གཞས་མ་ཐོས་པར་ཡུན་རིང་འགོར
འདི་ལྟར་བསམ་ན  ངས་སིལ་ཆང་ཧུབ་ཀྱིས་འཐུང་འདོད་ལ
ངས་ཕ་ཡུལ་གྱི་རི་ལུང་ལྟ་བུའི་རྩྭ་ཐང་ཞིག་བཙལ་ཏེ
ཨ་ཕས་ལྷས་མཐའ་རུ་བཏབ་པའི་ཀི་རིང་བཞིན
རང་སེམས་གསོ་བའི་ཀི་རིང་འདེབས་འདོད
འོན་ཏེ   ན་ཟུག་འདི   ན་ཟུག་དེ
ལོ་ཟླ་གྲངས་མེད་ལ་ངའི་སེམས་ཁར་བབས་པའི་ན་ཟུག་ཡིན

kj副本.jpg

         ཨ་ཅེ་ལགས། གནས་ཡུལ་ཅི་འདྲ་རེད།

ངས་ཚོར་དུས  སྨྱུ་གུ་དང་དཔེ་དེབ་དེ་ངའི་ནོར་བུ་ཡིན་ལ
བཞོ་ལུང་དང་ནོར་ལུག་ནི་ཁྱེད་ཀྱི་རྒྱན་ཆ་ཡིན
ངས་ཀ་ཁ་དང་ལྷན་དུ་དབྱངས་གསལ་ངག་ལ་གྱེར་དུས
ཁྱེད་ཀྱིས་སྙན་འཇེབས་ཀྱི་བཞོ་དབྱངས་ངག་ལ་བཀུག་མྱོང
ཨ་ཅེ་ལགས  འུ་གཉིས་ཀྱི་འཚར་ལོངས་ཀྱི་བརྒྱུད་རིམ་འདི་ཅི་འདྲའི་ཐ་དད་ཅིག

རི་སྐྱེས་མེ་ཏོག་ལྟ་བུའི་ཨ་ཅེ་ཁྱེད 
ཁ་ཆར་དང་གྲང་རླུང་གི་ཁ་གཏད་དུ་སྤོབས་ཉམས་ཀྱིས་འགྲེང་སྟེ
ལྕགས་སྒྲོག་ལྟ་བུའི་སྲོལ་རྒྱུན་གྱི་བརྙས་བཅོས་ལས་ཐར་བའི་རྨི་ལམ་མེད་ལ
ནོར་ནག་དང་ལྷས་འདབས་ཀྱི་འཇིག་རྟེན་ལས་བརྒལ་བའི་འཕྲུལ་སྣང་མེད
རྒྱུ་མཚན  ལམ་བུ་འདི་གདོད་མ་ནས་སྤྲད་པའི་ལམ་བུ་ཡིན་པར་འདོད་ལ
འགྲོ་སྟངས་འདི་དཀོན་མཆོག་གིས་བརྐོས་པའི་འགྱུར་མེད་ཀྱི་ལས་དབང་དུ་སྒོམ་ཡོད་པས
ངའི་ཨ་ཅེ་ལྟ་བུའི་མ་ཡུམ་ཚོས
ཡར་རླུང་ལ་འགྲན་པའི་སྲིད་འབྱོར་རིག་གསུམ་ལ་རྣམ་པ་བརླག་མ་མྱོང
འགྲན་སློང་བའི་འཇིག་རྟེན་གཞན་ཞིག་བསམ་མ་མྱོང
ངས་འདི་ལྟ་བུའི་ནད་རྙིང་འདིའི་ན་ཟུག་ཁུར་ཏེ
ཧི་མ་ལ་ཡ་བརྒལ་བའི་ཞབས་རྗེས་འཚོལ་བཞིན
སའི་གོ་ལར་རྒྱང་ལྟ་ཐེངས་གཅིག་བྱེད་དུས
ངས་རྩྭ་ཐང་ན་འོ་མའི་བཞོ་དབྱངས་འཐེན་པའི་ཨ་ཅེ་ཁྱེད་དྲན་འོངས་ལ
དུས་དེ་ནས  ངས་སྨྱུག་རྩེ་རུ་ལུད་པའང་ཨ་ཅེ་ཁྱེད་ཀྱི་ལས་དབང་སྟེ
མཐོ་སྒང་གི་ངའི་ཤ་ཉེ་མ་ཚོའི་འབྱུང་འགྱུར་ཡིན
ཨ་ཅེ་ལགས  ངས་འདི་ལྟར་རྒྱལ་ཁམས་བསྐོར་ཏེ་ལོ་རྒྱུས་ཀྱི་ཟིན་ཐོ་འབྲི་ཐེངས་རེར
སེམས་ཁམས་སུ་ན་ཟུག་ཆེ་བའི་རྨ་ཁ་ནི
ཕ་ཡུལ་གྱི་རི་ལུང་ན་རྨི་ལམ་སྙིང་རྗེ་རེ་རུམ་པའི་ཁྱེད་ཚོའི་ལས་དབང
ཨ་ཅེ་ལགས  གནས་ཡུལ་ཅི་འདྲ་རེད
སྡང་སྡུག་དང་འཁོན་འཛིན་ཆེའམ
བརྙས་བཅོས་དང་མཐོང་ཆུང་གི་ལན་ཆགས་ཡོད་དམ

klj副本.jpg
 
              ཨ་མ་དྲན་ཐེངས་རེ་ལ་ན་ཟུག་ཁྲི་མ་འབུམ།

མལ་ལས་ལངས་རྗེས་ཨ་མའི་ཞལ་ཁྱིམ་དྲན་འཛིན་ཡོལ་བའི་གདན་ཐོག་ན།།
བྱམས་བརྩེ་དྲོན་མོས་ང་ལ་གཟིགས་པའི་འཁྲུལ་སྣང་ཟབ་མོའི་ཁུག་སོ་ནས།།
མིག་ཟུང་གོར་མོ་རང་དབང་མེད་པར་ཁ་པར་ཕྱོགས་ལ་འཕངས་པ་ན།།
འཇིག་རྟེན་འདི་ཡི་ཀུན་ལས་སྙན་པའི་ཨ་མའི་གསུང་དབྱངས་ཐོས་འདོད་ཀྱི།།
བློ་ལ་ངེས་པའི་ཨང་གྲངས་རེ་རེ་བྲེལ་བའི་བར་ནས་གནོན་པར་ཐལ།།

ཨ་མའི་བུ་མོ་བདེ་མོ་ཡིན་ནམ་སྐད་ངག་འདར་བཞིན་འདྲི་ཞོར་དུ།།
ཨ་མའི་བུ་མོ་དྲན་པ་དྲག་པས་ཁ་པར་ངོས་ལ་ཅེར་བཞིན་དུ།།
ཉིན་ཞག་བརྩིས་པ་བགྲངས་ཀྱིས་མི་ལོན་ཟེར་བཞིན་ངུ་བའི་སྒྲ་དབྱངས་དེས།།
གངས་ཅན་ལྗོངས་སུ་རེ་སྒུག་རུམ་པ་ཨ་མའི་ངང་ཚུལ་དྲན་ཞོར་དུ།།
ས་མཐའི་བུ་མོའི་མིག་ཆུ་ལན་ཅིག་མུ་ཏིག་བཞིན་དུ་འཐོར་བར་ཐལ།།

ཨ་མར་མ་མཇལ་ལོ་ངོ་བདུན་པོ་ཉི་འོད་མེད་པའི་འཇིག་རྟེན་བཞིན།།
ཨ་མར་མ་མཇལ་ལོ་ངོ་བདུན་པོ་ཆར་ཆུ་དཀོན་པའི་རི་ལུང་བཞིན།།
ཨ་མར་མ་མཇལ་ལོ་ངོ་བདུན་པོ་རྒྱན་ཆས་དབུལ་བའི་འཕྱོར་མ་བཞིན།།
ཨ་མར་མ་མཇལ་ལོ་ངོ་བདུན་པོ་ཁུ་བྱུག་འཕུལ་ཤུལ་རི་ལུང་བཞིན།།
ཨ་མར་མ་མཇལ་ལོ་ངོ་བདུན་པོ་བྱམས་བརྩེ་དབུལ་བའི་དྭ་ཕྲུག་བཞིན།།

ཉི་འོད་མེད་པའི་འཇིག་རྟེན་ཁམས་སུ་འགྲོ་བ་གྲངས་མེད་མུན་ལ་ཚུད།།
ཆར་ཆུ་དཀོན་པའི་རི་ལུང་ཐམས་ཅད་མྱ་ངམ་ཐང་བཞིན་སྐྱ་ཐིང་ཐིང༌།།
རྒྱན་ཆུས་དབུལ་བའི་འཕྱོར་མ་དེ་ཡང་ཉམ་ཐག་མགོ་བོ་དང་ཁར་ལྷུང༌།།
ཁུ་བྱུག་འཕུར་རྗེས་ནགས་ཀློང་ཁུལ་དུ་དྲན་པའི་འོ་དོད་ཕྱོགས་བཞིར་འཕྲོས།།
བྱམས་བརྩེ་དབུལ་བའི་དྭ་ཕྲུག་དེ་ཡང་བདག་མེད་ཁེར་རྐྱང་འཁྱམས་ནས་འགྲོ།

དབྱིན་ཇིའི་རྒྱལ་ས་ལོན་ཌོན་ཡུལ་དུ་མི་རིགས་སྣ་མང་འཚང་ཁ་རྒོད།།
ཕྱི་ཡི་འབྱོར་བ་དར་ཞིང་རྒྱས་པའི་འདུ་འཛི་ཡོ་ལང་དེ་བས་ཆེ།།
འདྲ་མིན་མི་རིགས་བྲེལ་བའི་བར་དུHelloཟེར་བའི་སྟོང་ཆ་དབེན།།
འདི་འདྲའི་གནས་ནས་རིགས་མཐུན་སྤུན་ཟླ་མཐོང་བར་དཀོན་པའི་དུས་ཚིགས་ལ།།
བོད་ནས་ཡོང་བའི་བུ་མོ་ང་རང་ཁེར་རྐྱང་སྣང་བ་འགོག་ཐབས་དབེན།།

ན་ཆུང་བུ་མོ་གཉོམ་ལག་རྒྱས་པའི་ཕ་ཡུལ་ཨ་མཆོག་གཡང་རྭ་ནས།།
ལྷག་བསམ་ཡངས་པོར་ལྷོད་པ་མེད་པའི་བྱམས་ལྡན་ཕ་མའི་ཐུགས་ཁུར་འོག།
བཅུ་དྲུག་ལང་ཚོ་སྨིན་པར་བྲེལ་བའི་རིགས་མཐུན་ན་ཟླའི་ཟུར་མིག་འོག།
ཀུ་རེ་རྩེད་མོ་ཕྱོགས་ལ་གཏོར་སའི་བུ་མོའི་ཚོགས་ཀྱི་གྲལ་དཀྱིལ་ནས།།
གླུ་ཆུང་ལེན་བཞིན་མེ་ཏོག་འཐུ་ཞོར་སྐྱིད་པའི་སྣང་བ་དགུང་ལ་གཏད།།

ལོ་དང་ཟླ་བ་ཆུ་བོ་བཞིན་དུ་མི་སྒུག་མགྱོགས་ནས་མགྱོགས་སུ་བཞུར།།
ང་རང་འཚར་སའི་གོ་རིམ་བར་ནས་གཞན་ཡུལ་འགྲིམས་པའི་གསང་བ་རུམ།།
ཁ་བའི་འདབ་མས་ས་གཞི་གཡོགས་པའི་དགུན་མཇུག་ཞིག་གི་ས་སྲོད་ལ།།
དྲིན་ཆེན་ཕ་མ་གཡས་ནས་སྐྱུར་ཞིང་འདང་ཆེན་ཕུ་ནུ་གཡོན་ནས་བཞག།
མ་ཡུམ་སློབ་གྲྭར་གྱེས་ཕྱག་འཚལ་ཞོར་གཞན་ཡུལ་སྙེགས་པའི་གླེང་བརྗོད་བྲིས།།

ཕ་ཡུལ་ཕྱུག་མོའི་ནམ་ཟླ་དྲན་ཏེ་འབྱུང་བཞིའི་ལུས་ཁམས་འཁྲིགས་ནས་སོང༌།།
དྲིན་ཆེན་ཕ་མའི་ཐུགས་ཁུར་བསམ་ན་སེམས་པའི་གསེང་དུ་ན་ཟུག་ཆེ།།
འདང་ཆེན་ཕུ་ནུ་སེམས་སུ་འཁོར་ནས་མིག་ཟུང་གོར་མོ་མཆི་མས་ཁེངས།།
བུ་མོ་ཁེར་རྐྱང་རྒྱལ་ཁམས་འགྲིམས་དུས་འགྱོད་པ་མེད་ཀྱང་དྲན་གདུང་ཆེ།།
དེ་འདྲའི་ངང་ནས་ལོ་བདུན་འགོར་བ་སྐར་ཆ་གཅིག་གི་དུས་ཡུན་ཞིག།

ཆུང་ནས་རྨིས་པའི་རྨི་ལམ་འཚོལ་སླད་གཞན་ཡུལ་བརྒྱུད་པའི་གོ་རིམ་ནང༌།།
རང་ལ་དགོས་པའི་དམིགས་པ་དེའི་སླད་ལོ་བདུན་འགོར་བའི་ཉིན་ཞག་བར།།
དྲིན་ཆེན་ཕ་ལོ་འཆི་བདག་ནག་པོས་ཁྲིད་པ་ཐོས་པའི་གསང་འཕྲིན་འདིས།།
སྙིང་ཁ་གས་འདྲའི་མནར་སྡུག་ཅིག་གིས་མཚན་མོའི་གཉིད་ཐེབས་ཐེངས་མང་བཅག།
སེམས་ཀྱི་ན་ཟུག་ཕྱི་རུ་འཕྱུར་ཏེ་མིག་ཆུ་མ་ཆད་ཡུན་རིང་འགོར།།

ཉིས་སྟོང་གསུམ་ལོའི་མཛངས་མའི་དབུ་རྒྱན་རྩོད་མེད་ང་ལ་ཐོབ་པའི་རྟགས།།
ཨ་ཕས་མ་མཐོང་ཕྱི་མར་འགྲིམས་པ་བུ་མོའི་ཚེ་གང་ལན་ཆགས་ཡིན།།
སེམས་ཀྱི་ན་ཟུག་གླུ་རུ་བླངས་པའི་སྙན་ངག་དེབ་གཉིས་སྐྲུན་པའི་དོན།།
ཀློག་ཁོམ་མེད་པར་འཆི་བདག་ནག་པོས་ཨ་ཕ་ཁྲིད་པའི་གཏམ་རྒྱུད་འདི།།
ང་ཡི་སྨྱུག་ཁ་ཁྲག་གིས་འཚོས་བཞིན་རྫོགས་མེད་འབྲི་བའི་སྙན་ངག་ཡིན།།

ཕྱི་གླིང་ཡུལ་དུ་བྲེལ་བས་འདུར་བའི་མི་ཚོགས་མཐུག་པོའི་བར་གསེང་ནས།།
སེམས་ཀྱི་ན་ཟུག་གླུ་རུ་ལེན་པའི་གར་སྟེགས་ལྷོད་པོ་མཐོང་བར་དཀའ།།
ཆུང་ནས་འདྲིས་པའི་དབྱངས་གསལ་སོ་བཞིར་ཚོར་བའི་མེ་ཕུང་འབར་དུ་བཅུག།
ད་དུང་ཡིན་ཡང་རྫོགས་མཐའ་མེད་པའི་དྲན་གདུང་དམར་བོ་ཏོག་ཙམ་འབྲི།།
བརྗོད་པར་འདོད་པའི་ཚིག་གི་ཕྲེང་བ་ད་དུང་ཁ་ཤས་ལྷག་ནས་འདུག།

ཨ་མས་བཤད་ན་ཧ་ཅང་དྲན་པའི་ལོ་རབས་བཤད་ན་མི་རྫོགས་ཟེར།།
སྤུན་ཟླས་ལབ་ན་རེ་སྒུག་བྱེད་ཡུན་རིང་རབས་ཟེར་ཏེ་ལེ་བདའ་བྱེད།།
དགའ་ལོས་བཤད་ན་ན་ཟླའི་གྲས་སུ་གསར་བུ་ཁེར་རྐྱང་ལུས་སོང་ཟེར།།
ནུ་བོས་བཤད་ན་རེ་ལྟོས་བྱེད་དེ་ཡི་ཐང་ཆད་པའི་ལོ་རབས་བཤད།།
འདི་འདྲ་ཉན་བཞིན་ཉིན་གྲངས་བརྩིས་ཏེ་བྲེད་ཤ་ལངས་པའི་མཚར་གཏམ་ཀློག།

གསལ་བྱེད་སུམ་ཅུའི་རིན་ཐང་གླེང་ན་རྫོགས་པའི་གཏམ་རྒྱུད་མ་ཡོད་ལ།།
ཕ་ཡུལ་དྲན་ཚུལ་འདི་ལྟར་བརྗོད་ན་ཤོག་སྨྱུག་ཟད་ཀྱང་ག་ལ་ཚར།།
ཚན་རྩལ་བུ་མོས་དུས་རབས་གསར་བ་མགྲོན་དུ་བོས་པའི་འཇིག་རྟེན་འདིར།།
བུ་མོ་ང་ཡང་འདི་ལྟར་བཞུད་དགོས་རེ་ཞིག་འབྲི་མཚམས་འདི་ནས་འཇོག།
ཞེན་ཆགས་རྒོད་པའི་མི་སྣ་ཡོངས་ལ་རེ་ཞིག་དགོངས་དག་ཞུ་དགོས་བྱུང༌།།
              ཞེས༢༠༠༦ ༣ ༡༣ཉིན་རྒྱལ་ས་ལོན་སྒྲན་ནས་ཨ་མ་དྲན་ཐེངས་ཤིག་གིས་བློས་བསླངས་བྱེད་པའི་ན་ཟུག་བརྡར་ཤུལ་དུ།

            
                       (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།