གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷམ་ཀོག་གི་སྙན་ཚོམ། དབུས་ལ་ཕྱོགས་པའི་མིག

2011-06-07 14:01:00 ལྷམ་ཀོག ཀློག་གྲངས། མཆན ཡོད།


        དབུས་ལམ་དྲན་པ།
ཞོགས་པའི་ཉི་གཞོན་ཚུར་ལ་འཐེན་པའི་དུས་སུ།།
རང་གི་གྲིབ་གཟུགས་ཡོལ་ནས་ཕར་ལ་བྲོས་ན།།
དབུས་ཀྱི་གཙུག་ལག་ཁང་གི་མར་མེ་སེར་པོར།།
རྨི་ལམ་ན་བུན་ཙམ་ཞིག་བབ་པར་དོགས་འོང་།།

བྱེ་མའི་ཐང་ཆེན་དད་སྟོབས་སེམས་ཀྱིས་གཞལ་ཏེ།།
རྡེ་འུ་རེ་རེ་ལོ་ཟླའི་འགྲོས་ཀྱིས་བསགས་ཤིང་།།
ནང་གི་སྲོག་དབང་རུས་ཞེན་ཤུགས་ཀྱིས་ཕྱུངས་ཚེ།།
ཨ་མདོའི་སྤྲང་ཀོག་གང་ཞིག་རླུང་ལ་ཟད་ཡོད།།

བར་སྐོར་གླིང་གི་ཆང་སར་བཙན་རབས་གླེང་ཞིང་།།
དབུས་ཀྱི་བུ་མོར་སྣང་བ་མཐོ་ཤག་བྱས་ཀྱང་།།
གཡུ་ཐོག་ཟམ་པར་ལུས་པ་ལྷ་སའི་འོད་ཟེར།།
དེ་ག་ཙམ་གྱིས་ཚོད་བརྩིས་ལོན་རྒྱུ་མ་བྱུང་།།

ཚངས་དབྱངས་རྒྱ་མཚོའི་སྐུ་གཟན་དྲུད་ཤུལ་ཞིག་ཏུ།།
སྡེ་སྲིད་མགོ་ལེབ་གསང་རྒྱ་ཐོར་ཤུལ་ཞིག་ཏུ།།
ཟངས་ཀྱི་མེ་ལོང་གཡས་བསྐོར་གཡོན་བསྐོར་བྱས་ནས།།
དགེ་ཆོས་བཟི་བོ་གྲོག་མ་སྒྲོགས་ཀྱིས་བཅིངས་འདྲ།།

འབོག་ཏོའི་ཞྭ་མོ་གྱོན་པའི་ལུང་ཤར་སྤུན་མཆེད།།
རོལ་མོ་ཟ་ཟིའི་དབྱངས་ཀྱིས་མྱོས་མྱོས་འདྲ་ཡང་།།
དམར་ནག་ཞལ་ལྕེ་གཡོ་བའི་བཀའ་ཟུར་ཁག་ཅིག།
བྱ་རོག་གཟན་ལ་ཆས་འདྲའི་གྲུང་ཤ་དོད་པ།།

ལས་ལ་བསོད་ནམས་མེད་པ་རྡོག་པས་བརྫིས་འདྲ།།
དབུས་ཀྱི་སྐྱིད་ཆུའི་སྔོན་མོའི་རླབས་ཀྱིས་ཁྱེར་འོང་།།
གྲོ་འབྲས་ལག་པས་བསྟོར་བའི་མི་སེར་མིག་ལ།།
རྫིག་མདོག་ཆེ་བའི་སོག་གོས་ཐུ་བ་ཤོམ་ཤོམ།།

མགོ་བོ་བསྒུར་ཅིང་ལུས་པོ་བསྒུར་བའི་ཉམས་ལ།།
འགྲམ་པ་གཅིར་ཞིང་ལྕེ་རྩེ་བརྐྱངས་པའི་ཉམས་ལ།།
དབྱངས་ཀྱི་བརྩེ་བ་ཤོར་བའི་རི་མོ་སྤུངས་པ།།
གྱང་གི་ལྡེབས་སུ་དཔྱངས་པའི་སྣང་བ་འཁོར་འདུག།

        དབུས་ལམ་བོར་བ།
ས་རྡུལ་འཚུབ་འཚུབ་བྱེད་པས་མིག་ལ་གནོད་ཅིང་།།
རྟ་ཕོའི་སྒྱིད་པ་འདར་བས་ཨ་ཐང་ཆད་དུས།།
དབུས་ཀྱི་ཇོ་བོའི་ཞལ་ལས་ཁ་བ་འཁྱག་པོ།།
ལྷུང་གཟེད་སིལ་བུར་ཐོར་བའི་གསེབ་ནས་འཛར་འོང་།།

རིང་དུ་བསགས་པའི་དགེ་སྨོན་གསེར་གྱི་ཡི་གེ།
བྱ་གླག་ཤར་སྐྱོད་ཅིག་གིས་སྡེར་གྱིས་གཏེད་ཅིང་།།
མཆོད་པའི་ཕུད་དུ་བཏེགས་པའི་འོ་ཇ་དཀར་པོ།།
འབུ་སྦྲང་རོ་ཤུན་དོར་སའི་ཞག་མལ་ཁོ་ན།།

རི་བོ་ལྕིད་ལྕིད་འདྲ་བ་རླུང་གིས་བསེད་ཅིང་།།
མི་ཕོ་གཉན་གཉན་འདྲ་བ་གཟེབ་ན་འགུལ་ཚེ།།
ཞིང་གྲོང་སྐྱ་བོར་འཁྲིལ་བའི་དུ་ཞགས་ནད་པ།།
མེས་པོའི་རྣམ་ཤེས་འགུགས་པའི་བླ་དེ་ཡིན་སོང་།།

གཙང་བོར་ངང་བ་བབ་པའི་རྗེས་ཤུལ་དག་ཅིང་།།
སྤྲིན་པས་ཆུ་ཟིལ་ཁུར་བའི་ཞོགས་པ་རུལ་སྐབས།།
ལྕགས་ཀྱི་ཕོར་བ་བརྡུངས་པའི་སིལ་སྒྲ་རྩུབ་པོ།།
སྤྱང་མོའི་རྣ་བ་དཀྲུགས་པའི་གཤེ་གཤེ་ཡིན་ཨང་།།

བསྲེགས་ཤིང་བསྣུན་པའི་ཙན་དན་ཐལ་བར་གཟེད་པའི།།
འདུ་ཁང་སྦུག་མར་འཛུལ་བའི་སྤྲེལ་རྒན་རྙིད་པ།།
ནང་གི་སྟོན་པ་འཁོར་བཅས་གཤེགས་པའི་ཤུལ་ཏུ།།
རྐུབ་སེར་དཀྱིལ་འཁོར་བསྒྲིགས་ཏེ་གྲལ་ལ་བསྟར་བྱུང་།།

བཅོས་མའི་ལྡེབས་ཀྱི་རི་མོ་མིག་ལ་མཛེས་པ།།
གཤོག་པ་ཧྲུལ་བའི་ཁྲུང་ཁྲུང་མཚོ་ཁར་བཙོག་པ།།
མི་རྒན་རལ་བ་གསིག་དུས་ཞེ་ལ་འཚེར་བ།།
ལུང་བསྟན་རྫུན་མའི་ཁྲམ་ཁ་རུས་ལ་གཟན་པ།།
 
མདུན་གྱི་ཚོགས་ཞིང་ལྷ་ཡི་དམག་ཏུ་འཁོར་ཞིང་།།
ལྷ་ཡི་འོད་ཟེར་མཚོན་གྱི་གྲིབ་མར་འཁྲུལ་ཡང་།།
རྨི་ལམ་རལ་གྲིའི་སོ་ཁར་ཆགས་པའི་ནངས་མོར།།
ང་ལ་དབུས་ལམ་བོར་བའི་ཨུ་ཤུ་ཐེབས་ཡོད།།

         དབུས་ལམ་སྙེགས་པ།
རླུང་གིས་སྦུད་པའི་ཤོག་བྱ་ཁྲ་ཁྲ་ཞིག་ལ།།
བློ་ལས་ཕྱུངས་པའི་ཡི་གེ་འུན་ཙམ་བཀལ་ཏེ།།
མེ་འཁོར་སྒོ་གླེགས་ཕྱེས་པའི་གཟེབ་ཀྱི་འགྲམ་ནས།།
ཉི་མ་ལྷ་སའི་ཁྲོམ་སྲང་ཉུལ་བར་བྲེལ་ཐལ།།

ཡིད་ཀྱི་དད་མོས་ཇོ་བོའི་ཞལ་ལ་ཐེབས་ནས།།
གདོང་གི་མིག་ཟུང་རྩིག་པའི་ངོས་སུ་ལྷན་ཅིང་།།
ལུས་ཀྱི་བ་སྤུ་མར་མེ་འོད་ཀྱིས་བསྲེགས་དུས།།
ཀླུ་སྦུག་སྒོ་ཆེན་རྡུང་བའི་ཁྲོག་སྒྲ་མ་ཐོས།།

མེ་ལོང་དབུས་སུ་འབུར་བའི་སྐོར་ལམ་རིང་མོར།།
འབྲུག་སྨྱོན་རྐང་རྡིབ་བྱས་པའི་གས་ཁ་མེད་ཀྱང་།།
སྐུ་ངོའི་གྲིབ་གཟུགས་ཉལ་བའི་རྨི་ལམ་སེར་པོ།།
ཐལ་བ་སྤར་མོ་གང་ལ་ཞབས་རྗེས་ཕབ་འདྲ།།

སྐྱིད་ཆུའི་ཁྱིམ་གཞིས་བསེད་པའི་ལྡེ་མིག་བོར་ཚེ།།
དབུས་ཀྱི་གྲུ་ཤན་བསྒུལ་བར་སྐྱོ་མདོག་མཐུག་ཅིང་།།
སེམས་ཚོར་ཆུ་རུ་ཟགས་པའི་མིག་གི་མདངས་ལ།།
རི་བོ་པོ་ཏཱ་ལ་ཡི་འོད་ཟེར་འཁྲིགས་ཡོད།།

ལག་ན་དབྱུ་གུ་འཆང་བའི་སྤྲང་ཉམས་ཤིག་གིས།།
དམར་པོའི་རི་ལ་ཐེངས་གསུམ་གོམ་པ་བརྒྱབས་ཏེ།།
གཞིན་གྱི་རྔུལ་ཆུ་ཏོག་ཙམ་འབྱིད་པའི་ངང་དུ།།
རྩམ་སྐྱ་ཁེམ་བུ་རེ་འགས་ལྟོ་བ་མནན་ན།།

མགོ་ལ་ཆགས་པའི་ས་རྡུལ་སྤྲུགས་ཙམ་བྱེད་དགོས།།
གོས་ལ་བཏབ་པའི་ལྷན་པ་འགེབས་ཙམ་བྱེད་དགོས།།
ཡིད་ལ་འཁོར་བའི་ཇོ་བོ་བརྗེད་ཙམ་བྱེད་དགོས།།
ས་གཞི་ཡོམ་པའི་དངས་སྐྲག་ཡལ་ཙམ་བྱེད་དགོས།།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།