གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རིག་གསར་དང་འབྲེལ་ནས་དེང་རབས་བོད་ཀྱི་རྩོམ་རིག་ལ་དཔྱད་པ་བྱ་རོག་སོ་རྟོག་གི་བསྟན་བཅོས།

2011-05-26 19:30:00 བོང་རྫི། ཀློག་གྲངས། མཆན ཡོད།

                                      ཐོག་མར་གླེང་སློང་བ།
     དེ་ཡང་རྒྱལ་ཁམས་པ་དགེ་འདུན་ཆོས་འཕེལ་གྱིས་གཏམ་རྒྱུད་གསེར་ཐང་ཏུ། “རང་རེའི་མཁས་བ་རྣམས་ཀྱི་རྣམ་དཔྱོད་ཀྱི་འཆར་ཚུལ་དང། རྩོམ་པའི་སྒྲིག་སྟངས། ཆས་དང། ཆོ་ག་སོགས་སྒོ་གསུམ་གྱི་བྱེད་པ་ཐམས་ཅད་ལ་ཏིལ་ལ་ཏིལ་མར་གྱི་ཚུལ་དུ་རྒྱ་གར་པའི་ཤན་གྱིས་ཁྱབ་ནས་ཡོད་ཅིང། ཐ་ན་ཚིགས་བཅད་དུམ་རེའི་ནང་དུ་དཔེ་འགའ་ཞིག་སྟོན་དགོས་ཚེའང་རྒྱ་གར་གྱི་ཆུ་བོ་རི་ལྗོངས་སོགས་ཀྱི་མིང་ཁོ་ན་འོངས”ཞེས་གསུངས་ཡོད་པ་བཞིན།“དེང་རབས་བོད་ཀྱི་རྩོམ་རིགས་”ཟེར་བ་འདི་དང།རྩོམ་པ་པོ་དེ་དག་གི་སེམས་ཀྱི་འཆར་སྟངས་དང། རྩོམ་གྱི་སྒྲིག་སྟངས། མཛེས་བའི་ཉམས་བཏོད་ཚུལ། ལུས་ངག་ཡིད་གསུམ་ཀྱི་རྣམ་འགྱུར་ཐམས་ཅད་ལ་མ་ཧ་ཙི་ནའི་ཤན་མ་ཞུགས་པ་ཞིག་ཧ་ལམ་མེད་ཅིང།ལྷག་པར་ཏུ་རིག་གནས་གསར་བརྗེ་ཆེན་མོ་ཞེས་བའི་དུས་འགྱུར་ཆེན་མོ་དེ་ཡིས་ཤན་ཞུགས་ཏེ།ཐ་ན་གནད་སྟོན་པའི་ཚིག་འགའ་རེ་བཀོལ་དགོས་ཚེའང།རིག་གནས་གསར་བརྗེའི་ཐ་སྙད་སྟེ།“རྙིང་ཞེན”དང་”གཞོན་ནུ།”དང་“སྙིང་སྟོབས”སོགས་བཀོལ་བཞིན་ཡོད་པ་དང།ཐ་སྙད་དེ་ཚོ་ནི་ཁོང་ཚོའི་སེམས་སུ་ཐུན་མོང་མ་ཡིན་པའི་ངར་ཆེན་པོ་སྟེར་པའི་མཚོན་ཆ་ལྟ་བུ་གྱུར་ཏེ། ནམ་ཡིན་ཡང་ལེགས་ཉེས་ཀྱི་འཇོག་སྟངས་དང། བདེ་སྡུག་གི་དབྱེ་བ།རིགས་ལམ་ཀྱི་ཁྱད་ཆོས་རྣམས་ཀྱང་ཚད་འདི་ལྟ་བུ་བརྟེན་ནས་འཇོག་བཞིན་ཡོད། དེ་བཞིན་ཁོ་ཚོས་“སློབ་གྲྭ”སོང་བ་ཞིག་གིས་གཏམ་བཤད་སོགས་གོ་ཡོང་དུས། བརྗོད་བྱ་དེ་ལ་ཞིབ་འཇུག་བྱེད་ཡོད་པ་དང། མི་དེ་དག་ལ་ཞིབ་འཇུག་པ།མཁས་བ་སོགས་ཀྱི་མིང་བྱིན་ནས་གཟི་བརྗིད་ཆེན་པོ་ཞིག་ཏུ་བརྩི་སྲོལ་ཡོད་པ་དང།དེ་བཞིན་དགོན་སྡེ་ཞིག་ནས་ཡོང་བའི་མི་ཞིག་གིས་བརྗོད་བྱ་གཅིག་པ་ཞིག་བཤད་ཀྱང།གྲྭ་བཙུན་དེ་དག་གི་སྐད་ཆ་ནི་ཉམ་ཆུང་བ་དང། གཟི་བརྗིད་མེད་པ་འདྲ་བ་ཞིག་ཏུ་བརྩི་བཞིན་ཡོད།ཁོང་ཚོ་སེམས་ཀྱི་ཕུགས་སུ་ནམ་ཡིན་ཡང། རྙིང་བ་དང་གསར་བ། ཆོས་བ་དང་སྐྱ་བོ། དེ་བཞིན་ཚན་རིག་དང་ཆོས་ལུགས་སོགས་ཀྱི་ཁྱད་པར་རྒྱ་ཆེན་པོ་ཡོད་པ་དང་། དེ་དག་ལ་གཞི་མཐུན་ཅི་ཡང་མེད་པའི་འདོད་ཚུལ་ཞིག་ཁོ་ཚོའི་སེམས་སུ་ཏན་ཏན་ཡོད་པ་མ་ཟད། བོད་ཀྱི་སྔོན་སྲོལ་གྱི་སློབ་གསོ་དང། མཁས་པ། དེ་བཞིན་བསྟན་བཅོས་སོགས་ལ་སེམས་ཀྱི་གཏིང་ནས་དོགས་པ་དང། འཁོན་འཛིན་སོགས་ཡོད་པ་དང། ཁ་ཅིག་གིས་དེ་བས་ཀྱང་སྔོན་སྲོལ་ཐམས་ཅད་ཁོ་ཚོའི་མི་ཚེ་དང། ལྟ་བ། གོ་གནས་སོགས་ཀྱི་དགྲ་ཟླ་ལྟ་བའི་འགལ་བ་བཟུང་ཏེ་དུས་ནམ་ཡང་ཆེད་དུ་འཐབ་པ་དང་རྩོད་པའང་བྱེད་བཞིན་ཡོད།  
     རྙིང་གཏོར་གྱི་གྲུབ་མཐའ་འདི་དུས་་གང་ཞིག་ལ་བྱུང་བ་དང།རྒྱུ་དང་རྐྱེན་གང་ལ་བརྟེན་ནས་བྱུང་བ་རེད་དམ་ཞེ་ན། དེ་ནི་ད་ལྟ་ནས་བརྩིས་བའི་མི་ལོ་བཞི་བཅུ་ཙམ་གྱི་ནང་བྱུང་བ་དང་།རྒྱུ་དང་རྐྱེན་དུ་མ་ཞིག་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པར་འདོད་དོ། རྒྱུ་དང་རྐྱེན་ནི་ནང་བའི་ཆོས་སུ་སྤྱི་མཐུན་གྱི་ལས་དང། དེང་དུས་འཇིག་རྟེན་གྱི་རྣམ་བཞག་ཏུ་ལོ་རྒྱུས། ཆབ་སྲིད་ཀྱི་རྒྱུ་དང་རྐྱེན་མང་པོ་ཞིག་ལ་བརྟེན་ནས་བྱུང་བ་ཞིག་རེད། ལར་ཏུ་རྒྱུ་རྐྱེན་དེ་དག་ཐམས་ཅད་གསལ་ཙམ་ཞིག་བཤད་ན། བོད་ཀྱི་རྣམ་དཔྱོད་ཅན་རྣམས་ལ་ཕན་པའི་རྒྱུ་དང། ལོ་རྒྱུས་དངོས་རྟོགས་པ་ལ་ཕན་པ་མང་པོ་ཞིག་ངེས་པར་ཏུ་འགྱུར་སྲིད་མོད། དེ་ལྟ་བའི་རྒྱ་ཆེ་བའི་རྣམ་བཞག་ཅིག་ལེའུ་འདི་ལྟ་བུ་ཞིག་གི་ནང་གི་ཆུད་པའི་བཟོ་མི་འདུག་ཅིང། ངལ་བའང་མི་བསྟེན་པར་བྱ། དེ་བས་རྒྱ་མཚོ་ནང་གི་ཆུ་ཐིགས་ལྟ་བུ་ཙམ་ཞིག་གླེང་མོལ་གྱི་ཚུལ་དུ་་དྲངས་ནས་བཤད་ན། དེང་རབས་བོད་ཀྱི་རྩོམ་རིགས་ཟེར་བ་འདི་མ་ཧཱ་ཙི་ནའི་ཡུལ་གྱི་ལྔ་བཞི་ལས་འགུལ་གྱི་རྙིང་གཏོར་གྱི་ལྟ་བ་དང། ལྷག་པར་ཏུ་རིག་གནས་གསར་ཆེན་པོའི་དམར་སྲུང་དམག་གི་ལྟ་བ་ལས་བྱུང་ཞིང། གཞུང་གི་སློབ་གྲྭ་ལ་སོང་བའི་སློབ་གྲྭ་བ་དག་གིས་གསར་ཏུ་བཏོན་པ་ཡིན། ཁོ་ཚོས་ལྟ་བ་འདི་དེང་རབས་ཅན་དང། ཚན་རིག། ལྷག་པར་དེང་རབས་བོད་ཀྱི་རྩོམ་རིགས་ཟེར་པའི་དར་གྱི་འོག་ནས་སྤེལ་བ་ཡིན་མོད། བསམ་བློ་སྙིང་ཐག་པ་བཏང་ཡོང་དུས། སེམས་ཀྱི་འཁྱེར་སྟངས་དང། ཚིག་གི་བཀོལ་སྟངས། གཞི་ལམ་འབྲས་གསུམ་ཐམས་ཅད་དོན་གྱི་ད་དུང་རིག་གནས་གསར་བརྗེ་ཆེན་མོ་ལ་ཐར་ཐུབ་མི་འདུག། འདི་རུ་ཕྲན་གྱིས་དོགས་གཞིའི་ཚུལ་དུ་དེང་རབས་བོད་ཀྱི་རྩོམ་རིགས་ཟེར་བ་སྤྱི་དང། ལྔ་བཞི་ལས་འགུལ་དང། རིག་གནས་གསར་བརྗེ་ཆེན་པོ། ཁྱད་པར་དོན་གྲུབ་རྒྱལ་དང་ཞོགས་དུང་སོགས་ལས་འཕྲོས་བའི་གླེང་མོ་ཞིག་བྱེད་པར་འདོད་ཅིང། དེ་ན་ཆེད་དུ་བྲིས་བའི་བསྟན་བཅོས་འདིའི་ནང་དུ་ཐོག་མར། 
༼ཀ༽རིག་གསར་གྱི་འབྱུང་ཁུངས་དང། ལྟ་གྲུབ། ཁྱད་པར་རྩོམ་གཤིས་སོགས་ཅུང་ཟད་ཅིག་འབྲི་རྒྱུ་ཡིན་པ་དང།དེ་ནས་དོན་གྲུབ་རྒྱལ་གྱི་མི་ཚེའི་ལོ་རྒྱུས་མདོར་བསྡུས་དང། རིག་གསར་གྱི་ཤན་ཞུགས་སོགས་མདོར་བསྡུས་ཞིག་འབྲི་རྒྱུ་ཡིན།    
༼ཁ༽ དེ་ནས་དོན་གྲུབ་རྒྱལ་གྱི་རྩོམ་སྐད་གྲགས་ཅན། ལང་ཚོའི་རྦབ་ཆུ་དང། སད་ཀྱིས་བཅོམ་པའི་མེ་ཏོག། རྐང་ལམ་ཕྲ་མོ་སོགས་ལ་ཞིབ་དཔྱད་ཅུང་ཟད་བྱ་རྒྱུ་ཡིན་ཞིང། འདི་དག་གིས་དོན་གྲུབ་རྒྱལ་གྱིས་ལྟ་གྲུབ་དང། རྩོམ་གཤིས་ཇི་བཞིན་མཚོན་ཐུབ་པའི་རེ་བ་ཡོད།          
༼ག༽ དེ་ནས་དོན་གྲུབ་རྒྱལ་ལས་འཕྲོས་བའི་དེང་རབས་ཀྱི་རྩོམ་དང། ཁྱད་པར་ཏུ་དེང་དུས་ཀྱི་བོད་ཀྱི་གསར་བརྗེ་བ། ཞོགས་དུང། མེ་ལྕེ་སོགས་ཀྱི་ལྟ་གྲུབ་སོགས་ཅུང་ཟད་ངོ་སྤྲོད་ཀྱི་ཚུལ་དུ་དཔྱད་རྒྱུ་ཡིན་ཞིང། འདིས་དེང་དུས་བོད་ཕྱི་ནང་ཀུན་དུ་གླེང་བཞིན་པའི་བོད་ཀྱི་རྩོམ་རིགས་ཟེར་བ་དེའི་ངོ་བོ་དང། ཁྱད་ཆོས་སོགས་ཅུང་ཟད་ཤེས་ཐུབ་པའི་རེ་བ་ཡོད།                               
 ༼ང༽ བོད་ནང་གི་དེང་རབས་ཀྱི་རྩོམ་རིགས་སྐོར་ལ་དཔྱད་པ་ཅུང་ཟད་བྱས་རྗེས། པད་མ་འབུམ་སོགས་ཀྱིས་རྙིང་གཏོར་དང། རིག་གསར་གྱི་ངོ་བོ་མཚོན་པའི་བོད་ཀྱི་དེང་རབས་རྩོམ་རིགས་གསར་བ་འདི་ཕྱི་རྒྱལ་གྱི་བོད་མི་ཁྲོད་དུ་ཇི་ལྟར་སྤེལ་ཚུལ་དང། དེ་དག་གི་ལྟ་གྲུབ་དང།  དེ་ལས་འཕྲོས་བའི་དེང་རབས་བོད་ཀྱི་རྩོམ་རིགས་ཀྱི་ལྟ་གྲུབ་དང།སྤྱོད་ཚུལ་སོགས་ཀྱང་ཅུང་ཟད་རེ་བྲི་འདོད་ཡོད།                                             
༼ཅ༽མཐའ་དཔྱོད་ལྟ་བུ་ལ། བོད་ཀྱི་དེང་རབས་རྩོམ་རིགས་ཀྱི་གནས་བབས་དང། དེ་དང་བོད་ཀྱི་ཤེས་རིག་གཉིས་ཀྱི་འབྲེལ་བ། ཁྱད་པར་ཏུ། ཞོགས་དུང་དང་པད་མ་འབུམ་སོགས་ཀྱིས་”དེང་རབས་བོད་ཀྱི་རྩོམ་རིག”་འདི་”དེང་རབས་ཅན་”གྱི་རྩོམ་གཤིས་ཞིག་ཡིན་ཁུལ་གྱིས་སྤེལ་ཅི་ཐུབ་བྱ་བཞིན་ཡོད་མོད། འདིར་ “དེང་རབས་ཅན་”དང་ “དེང་རབས་བོད་ཀྱི་རྩོམ་རིག”གཉིས་ཀྱི་འགལ་འབྲེལ་གྱི་སྐོར་ལ་ཅུང་ཟད་དཔྱད་ཏེ་རེ་ཞིག་རྩོམ་འདི་འཇུག་བསྡུ་བར་བྱ་རྒྱུ་ཡིན། འདི་ནི་ཆེད་དུ་ལོ་མང་པོ་ཞིབ་འཇུག་བྱས་བའི་འབྲས་བུ་མ་ཡིན་ལ། གཞན་གྱི་ལྟ་བ་དང་མི་ཚེ་ལ་སྣང་མེད་དང། མཐོང་ཆུང་སོགས་ཀྱིས་ཚུལ་ཀྱང་མེད་པར།བློ་གཟུ་བོ་ཞིག་གིས་ངང་ཚུལ་གྱི་བོད་ཀྱི་དོན་གཉེར་ཅན་དག་ལ་འཕྲོས་མོལ་ཙམ་བྱེད་པ་དེ་ཡིན།བསྟན་བཅོས་འདི་བཞིན་བོད་ཡིག་ཏུ་འབྲི་བའི་སྐབས་སུ། བོད་མི་རྣམས་ཀྱིས་གོ་བདེ་བ་དང། ཀློག་བདེ་བའི་ཕྱིར་ཏུ།དབྱིན་ཇི་དང་རྒྱ་ནག་སོགས་ཀྱི་སྔོན་དང་དེང་གི་རྩོམ་རིགས་ཀྱི་ལྟ་བ་མཚོན་པའི་ཡི་གེ་དང།གྲུབ་མཐའི་རྣམ་བཞག་རྣམས་བོད་ཡིག་ཏུ་མེད་པར་རྣམས་ལུང་དྲངས་བ་དང། བཀོལ་སྤྱོད་བྱས་མེད། རྒྱུ་མཚན་ཅི་ཡིན་ཞེ་ན། ཕྲན་གྱིས་བསམ་པར་དེང་དུས་མི་མང་པོ་ཞིག་གིས་རང་གིས་ལུང་དྲངས་བ་དང་རང་གི་ཀྱང་ཧ་མ་གོ་བར་དྲངས་བ་མཐོང་ཤིང།་ ཁྱད་པར་ཏུ་དབྱིན་ཇི་དང། རྒྱ་ཡིག་སོགས་ཀྱི་སྐད་ཆ་འདྲ་ལུང་དྲངས་ན། སྐྲག་སློང་བ་ལྟ་བུ་ཤིག་ཏུའང་མཐོང་བས།འདིར་ལུང་དྲངས་བ་ཐམས་ཅད། བོད་ཡིག་ཏུ་ཡོད་པའི་རྣམས་ཀྱི་བསྟན་བཅོས་རྣམས་ལས་བཀོལ་ཅི་ཐུབ་བྱས་ཡོད་། ཡིན་ནའང།དཔྱད་པ་བྱེད་སྟངས་དེ་དེང་དུས་ནུབ་ཕྱོགས་སུ་དར་བཞིན་པའི་མཁས་བའི་དཔྱད་རྩོམ་འབྲི་བའི་སྲོལ་བཞིན་ཏུ།རྩ་བའི་དམ་བཅའ་དེ་སྒྲུབ་པའི་ཆེད་དུ་རིགས་པ་དང། ལུང་འདྲེན་སྣ་ཚོགས་བྱས་ཏེ་རང་གི་རྩ་བའི་དམ་བཅའ་དེ་སྒྲུབ་ཐབས་བྱས་ཡོད། སྤྱིར་བཏང་ཕྲན་གྱིས་ཡིག་ཆ་མང་པོ་སྦྱོར་ཀློག་དང། དེ་དག་ལ་ལོ་མང་པོར་ཞིབ་དཔྱད་བྱེད་ན། ཚད་དང་ལྡན་པའི་བསྟན་བཅོས་ཞིག་ཏུའང་ཆགས་སྲིད་མོད། འདིར་གླེང་མོལ་ཙམ་དང།བོད་ཀྱི་མཁས་དབང་དག་གིས་ཁྲོད་དུ་ཆེད་དུ་སྐད་ཆ་སློང་བའི་ཕྱིར་ཏུ། དོན་སྤྱི་ལྟ་བུ་ལས་བྱེ་བྲག་དམིགས་སུ་བཟུང་ཏེ་བྲིས་ཡོད་པས། ཚིག་དང་དོན་རྩུབ་པོ་འགའ་རེའང་ཞོར་ཏུ་བྲིས་ཡོད། ལུང་རིགས་གཉིས་ཀྱིས་སྒྲུབ་པའི་རྩ་བའི་དམ་བཅའ་དེ་ཟིན་ཡོད་མེད་ནི། གཟུར་གནས་གྱི་མཁས་བ་དག་གི་སྤྱན་སྔར་གཡུགས་ཏེ།དཔྱད་པར་བྱ་ཞེས་བཤད་པ་ལས་སྐད་ཆ་གཞན་པ་ཞུ་རྒྱུ་མེད། འདི་བཞིན་འབྲི་བའི་སྐབས་སུ། སྒེར་གྱི་འཁོན་སེམས་དང། ཕྲག་དོག་གིས་སྣ་དྲངས་བ་དང། མི་འདོད་པའི་འཁང་ར་བྱས་པ་སོགས་ཅི་ཡང་མེད་པར་དཔྱོད་པའི་མིག་ཤེལ་གཞན་པ་ཞིག་གིས་དེང་དུས་ཀྱི་འུར་རྒྱག་མཁན་དག་ལ་བལྟས་བའི་དཔྱད་པ་ཙམ་ཡིན། ང་ལ་སྡང་བས་ཅི་ཡང་མི་འོང། རིགས་པ་དང་བདེན་པ་གཙོ་བོ་ཡིན། དེའི་ཕྱིར་འདི་ལས་འཕྲོས་བའི་སྐད་ཆ་འདྲ་བྱུང་ན། རིགས་པའི་གཞུང་ལུགས་ཤིག་གི་འཕྲོས་མོལ་ཤིག་ལས། སྒེར་གྱི་འཁོན་སེམས་་ཞིག་ནམ་ཡང་མི་འཛིན་པའི་རེ་བ་ལན་བརྒྱ་ཞུ་བ་ཡིན།
                                                     རིག་གནས་གསར་བརྗེ་ཆེན་པོ།
       སྤྱིར་བཏང་“གསར་བརྗེ་”ཟེར་བའི་ཚིག་འདི་ནི། ཡོ་རོབ་གླིང་གིས་མཁས་བ་རྣམས་ཀྱིས་སྲིད་དོན་དང། དཔལ་འབྱོར། ཡང་ན་མི་རྣམས་ཀྱི་སེམས་ཀྱི་འཆར་ཚུལ་སོགས་སྔོན་གྱི་སྲོལ་ལུགས་དེ་རྩ་བ་ཉིད་ནས་གསར་བ་ཞིག་ཏུ་བརྗེ་བ་དེ་ལ་ཟེར་བཞིན་ཡོད་ཅིང། ཡོ་རོབ་གླིང་གི་ལོ་རྒྱུས་སུ་ཆབ་སྲིད་ལ་ཆ་བཞག་ནས་ཧྥ་རན་སིའི་དུས་འགྱུར་ཆེན་པོ་The French Revolution (1789–1799)དང། ཨ་རིའི་དུས་འགྱུར་ཆེན་པོ་(American Revolution 1775)ལྟ་བུ་རེད། འདི་གཉིས་ནི་སྔོན་གྱི་རྒྱལ་བོའི་སྲོལ་ལུགས་སྟེ་བརྒྱ་ཁ་གཅིག་གཅོད་ཀྱི་ལུགས་ཏེ། མི་ཐམས་ཅད་ཀྱི་གྲོས་མོལ་དང། མི་མང་གི་ཚབ་དུ་འཐུས་མི་འདེམས་པ་སོགས་ཀྱིས་ཐག་གཅོད་པའི་ལུགས་ལྟ་བུ་ཞིག་ཏུ་བསྒྱུར་པའི་སྲོལ་དེ་ལྟ་བུ་དང་། དེ་བཞིན་དཔལ་འབྱོར་ལའང་གསར་བརྗེ་ཡོད་དེ།དཔེར་ན་སྔོན་གྱི་རྒྱལ་བོ་དང། དཔོན་པོ་རྣམས་ཀྱིས་རིན་གོང་ཐག་གཅོད་པའི་ལུགས་སྲོལ་དེ། རྗེས་སུ་མི་ཕན་ཚུན་ལ་དགོས་མིན་གྱི་དབང་གི་རིན་གོང་ལས་ཐག་གཅོད་པའི་ལུགས་སྲོལ་ཞིག་ཏུ་བསྒྱུར་བ་ལྟ་བུ་དང། བྲན་གཡོག་ལམ་ལུགས་ཀྱི་དཔལ་འབྱོར་ལས། མ་རྩ་རིང་ལུགས་ཀྱི་དཔལ་འབྱོར་ལ་བསྒྱུར་པ་ལྟ་བུ་ལ་ཟེར་བཞིན་ཡོད། སྒྲ་ཡངས་འཇུག་གི་དབང་དུ་བྱས་ན།གསར་བརྗེ་ཟེར་བ་རང་བཞིན་གྱིས་འགྱུར་བ་ཙམ་ལ་མི་ཟེར་ཅིང། བཙན་དང་ཤུགས་ཡང་ན་གློ་བུར་ཏུ་ལམ་དང་ལུགས་དེ་ཚོ་འགྱུར་བ་ཟེར་པར་མངོན། འཛམ་གླིང་དུ་བྱུང་བའི་གསར་བརྗེ་མང་ཆེ་བ་ནི་ཆབ་སྲིད་དང། དཔལ་འབྱོར་གྱི་གསར་བརྗེ་ཡིན། དེ་ན་རིག་གནས་གསར་བརྗེ་མེད་པ་རེད་དམ་ཞེ་ན། དེ་ཡང་མ་ཡིན་སྟེ། འཇིག་རྟེན་འདི་ལ་རིག་གནས་ལ་མིང་བཏགས་པའི་གསར་བརྗེ་འགའ་ཤས་བྱུང་ཡོད།འཇར་མན་ན་ཙེ་ཏང་དང། ཉེ་རབས་ཀྱི་ཨོ་རྒྱན་ཡུལ་གྱི་ཁ་ཆེ་ཐ་ལེབ་པན་སོགས་ཀྱིས་རིག་གནས་གསར་བརྗེ་ལྟ་བུ་རེད། དེ་ནི་ཐབས་ཤེས་སྣ་ཚོགས་སྤྱར་ཏེ་མི་རྣམས་ཀྱི་རང་མོས་ཀྱི་སེམས་ཀྱི་འཁྱེར་སྲོལ་དང། རྣམ་དཔྱོད་ཀྱི་འཆར་སྟངས། དེ་བཞིན་སེམས་ཀྱི་དམིགས་འཛུགས་ས་ཚང་མ་རྩ་བ་ཉིད་ནས་བརྗེ་ནས་སྲིད་གཞུང་ངམ། མི་སྒེར་གྱི་གྲུབ་མཐའ།ཡང་ནའང་ཆོས་ལུགས་ག་གེ་མོ་ཞིག་གི་གཞི་ལམ་འབྲས་གསུམ་ལ་བསམ་བཞིན་དུ་ཐབས་ཤེས་སྣ་ཚོགས་སྤྱད་ནས་དད་པ་བྱེད་དུ་བཅུག་པ་དེ་རེད།ཡིན་ནའང་“རིག་གནས་གསར་བརྗེ”་བྱུང་བ་ནི་ཤིན་ཏུ་ནས་ཉུང་ཉུང་རེད། རྒྱུ་མཚན་ཅི་ཡིན་ཟེར་ན། རིག་གནས་ཟེར་པའི་ཚིག་འདི་ཤིན་ཏུ་ནས་རྩོད་རྙོག་ཅན་གྱི་ཐ་སྙད་ཅིག་ཡིན་ཞིང། ལྷག་པར་ཏུ་ཐ་སྙད་འདི་ཇི་ལྟར་བྱུང་ཚུལ་དེ་བས་ཀྱང་རྙོག་དྲ་ཅན་གྱི་གླེང་གཞི་ཞིག་རེད། རྒྱུ་མཚན་ཅི་ཡིན་ཞེ་ན། བོད་ཀྱི་བསྟན་བཅོས་སོགས་སུ་རིག་གནས་བཅུ་ཞེས་ཤེས་བྱའི་གནས་ལྟ་བུ་ཞིག་ལ་འཇུག་པ་ལྟ་བུ་དང། དབྱིན་ཇིའི་ཚིག་ཏུ་(culture) རིག་གནས་ཟེར་བ་འདི། ཐུན་མོང་མ་ཡིན་པའི་སེམས་ཀྱི་འཁྱེར་སྟངས་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པས། དཔེར་ན་བོད་ཀྱི་རིག་གནས་ཟེར་དུས་བོད་ཀྱི་ཐུན་མོང་མ་ཡིན་པའི་སེམས་ཀྱི་འཁྱེར་སྟངས་དེ་ལ་བཞིན་ཡོད་པ་རེད། དེ་བཞིན་མོའུ་ཙེ་ཏུང་དང། རིག་གསར་གྱི་སྐབས་སུ་རིག་གནས་ཟེར་བ་འདི་ཡང་“འདུ་ཤེས་འཛིན་སྟངས་”ཤིག་ལ་ངོས་འཛིན་བྱེད་བཞིན་ཡོད། དེ་བས་རིག་གནས་གསར་བརྗེ་ཆེན་མོ་ནི། ཆབ་སྲིད་ཀྱི་གསར་བརྗེ་དང། དཔལ་འབྱོར་གྱི་གསར་བརྗེ་སོགས་དང་མི་འདྲ་བར། ༡༩༤༩སྔོན་དུ་ཡོད་པའི་སེམས་ཀྱི་འཁྱེར་སྟངས་རྙིང་བ། རིག་གནས་རྙིང་བ། གོམས་སྲོལ་རྙིངབ། སྤྱོད་པ་རྙིང་བ་བཅས་ཀྱི་“འདུ་ཤེས་འཛིན་སྟངས་” དེ་དག་གཏོར་ཏེ་གསར་བ་གསར་རྐྱང་ཞིག་འཛུགས་རྒྱུ་དེ་རེད། དེ་ནི་དོན་གྱིས་ཆབ་སྲིད་དང་དཔལ་འབྱོར་ཙམ་གྱིས་མི་ཚད་པར། མི་རྣམས་ཀྱིས་སེམས་ཀྱི་འཁྱེར་སྲོལ་བཅས་ལ་དབང་སྒྱུར་བྱས་ཏེ། མཐར་བསམ་ཚུལ་གཅིག་པ། དྲན་ཚུལ་གཅིག་པ་བཅས་བཟོ་རྒྱུ་དེ་རེད།  
     བོད་ཀྱི་རབ་བྱུང་བཅུ་དྲུག་པའི་མེ་རྟའི་ལོ་སྟེ། རིག་གནས་གསར་བརྗེ་མགོ་བརྩམས་པ་ཡིན། དེ་ནི་ཕྱི་ལོ་༡༩༦༦་ནས་༡༩༧༦ལོར་བྱུང་བའི་རིག་གནས་ཀྱི་གསར་བརྗེ་ཆེན་པོ་ཞིག་ཡིན། དེ་ཡང་༡༩༦༦ལོའི་ཕྱི་ཟླ་བརྒྱད་པའི་ཚེས་༨་ཉིན། དམར་པོ་དབུས་ལྷན་ཚོགས་ཀྱིས་གྲོས་མཐུན་དོན་ཚན་བཅུ་དྲུག་ཡོད་པ་ཞིག་བཏོན་པ་དེའི་ནང་དུ། “འབྱོར་ལྡན་མ་རྩ་རིང་ལུགས་ཀྱི་ལམ་ལུགས་གཏོར་བ་ཡིན་མོད། ཁོང་ཚོས་ད་དུང་སྲོལ་རྒྱུན་གྱི་བསམ་བློ་རྙིང་བ་དང། རིག་གནས། ཡུལ་སྲོལ། བཤུ་གཤོག་ལམ་ལུགས་ཀྱི་སྤྱོད་པ་སོགས་བཀོལ་ཏེ་མང་ཚོགས་རྣམས་ལམ་ལོག་ཏུ་ཁྲིད་བཞིན་པ་དང། མི་དམངས་ཀྱི་བསམ་བློ་བསྒྱུར་བཞིན་པ་མ་ཟད།བསྐྱར་ཏུ་རོ་ལངས་རྒྱག་གཞིན་པའི་སྟ་གོན་མཛད་བཞིན་པ་རེད། དེ་བས་འབྱོར་མེད་གྲལ་རིམ་པ་རྣམས་ཀྱིས་ལྟ་བའི་ཐོག་ནས་འདི་ལ་འཐབ་རྩོད་མཐའ་གཅིག་ཏུ་བྱེད་དགོས་བ་མ་ཟད། ལྟ་བ་གསར་བ་དང། རིག་གནས་གསར་བ།ཡུལ་སྲོལ་གསར་པ།སྤྱོད་པ་གསར་བ་བཅས་ཀྱིས་སྒོ་ནས་སྤྱི་ཚོགས་ཡོངས་ཀྱི་བསམ་བློ་ལྟ་ཚུལ་བརྗེ་དགོས”ཞེས་རིག་གནས་གསར་བརྗེ་བྱ་དགོས་བ་བཤད་ཡོད། རིག་གནས་གསར་བརྗེའི་ཆེན་པོའི་དམིགས་ཡུལ་ནི་འབྱོར་མེད་གྲལ་རིམ་རྣམས་ཀྱིས་མ་རྩའི་རིང་ལུགས་ཀྱི་བསམ་པའི་བག་ཆགས་ཐམས་ཅད་གཙང་སེལ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་འཕགས་ལྟ་བ་རྣམས་ཤུགས་ཆེན་པོ་སྤེལ་བ་དེ་ལ་ཟེར་བཞིན་ཡོད་པ་རེད། ༡༩༦༦ལོའི་ཕྱི་ཟླ་ལྔ་བའི་ཚེས་༡༦ཉིན་མོའི་ཙེ་ཏུང་གིས་ཏང་དང། རྒྱལ་ཁམས་ཡོངས་སུ་ད་དུང་འབྱོར་ལྡན་མ་རྩ་རིང་ལུགས་ཀྱི་ལྟ་བ་མི་མངོན་པའི་ཚུལ་གྱིས་ཤུགས་ཆེན་པོ་ཡོད་ཕྱིར།གྲལ་རིམ་འཐབ་རྩོད་བྱེད་དགོས་བ་དང། དེ་ལྟར་བྱེད་དགོས་ན། མི་རྣམས་ཀྱི་འདུ་ཤེསདང། བསམ་བློ་བསྒྱུར་བ་དང། ཁྱད་པར་ཏུ་རིག་གནས་གསར་བརྗེ་བྱེད་དགོས་ཞེས་བཤད་ཡོད། གོང་གི་བཀོད་པའི་བསྒྲགས་གཏམ་དེ་ལས་གསལ་བ་བཞིན། རིག་གནས་གསར་བརྗེའི་དམིགས་ཡུལ་གཙོ་བོ་ནི། རྙིང་བཞི་(四旧)གཏོར་བའི་དོན་ཚན་བཏོན་པ་དང། རྙིང་བ་བཞི་ནི། སེམས་ཀྱི་འཁྱེར་སྟངས་རྙིང་བ། རིག་གནས་རྙིང་བ། གོམས་སྲོལ་རྙིངབ། སྤྱོད་པ་རྙིང་བ་བཅས་རེད། མོའི་ཙེ་ཏུང་གིས་རྒྱ་ནག་གི་དམངས་གཙོ་གསར་བའི་དམིགས་ཡུལ་སྐོར་གླེང་དུས་། “ཆབ་སྲིད་ཀྱི་སྟོབས་ཤུགས་གསར་བ་དང།དཔལ་འབྱོར་གྱི་སྟོབས་ཤུགས་གསར་པ། རིག་གནས་ཀྱི་སྟོབས་ཤུགས་གསར་པ་བཅས་ཀྲུང་གོའི་གསར་བརྗེའི་སྟོབས་ཤུགས་ཡིན་ཙང་དེ་ཚོ་ནི་ཆབ་སྲིད་རྙིང་བ་དང།དཔལ་འབྱོར་རྙིང་པ།རིག་གནས་རྙིང་བ་བཅས་ལ་ངོ་རྒོལ་བྱ་མཁན་ཅིག་རེད།”ཞེས་དང། “གཏོར་དགོས་གི་རེད། དེ་ཚོ་མཐར་ཕྱིན་པར་གཏོར་དགོས་གི་རེད།དེ་ཚོ་གཏོར་བ་དང་ཆབས་ཅིག་སེམས་ཤུགས་གསར་པའང་འཛུགས་ཐུབ་ཀྱི་རེད”རྙིང་གཏོར་འདི་རིག་གནས་གསར་བརྗེའི་ཆེན་པོའི་ལྟ་བའི་གནད་ལྟ་བུ་ཆགས་བསྡད་ཡོད་པ་དང།མདོར་བསྡུས་ན་མོའི་ཙེ་ཏུང་གིས་བཤད་པ་བཞིན། རིག་གནས་གསར་བརྗེ་ནི་“རྙིང་ཚབ་གསར་བརྗེ”ཟེར་བ་དེ་རེད། མཚོ་སྔོན་དང། ཁྱད་པར་དུ་རེབ་གོང་ལ་མཚོན་ན་རིག་གནས་གསར་བརྗེའི་ཆེན་པོ་མགོ་བརྩམས་དུས།དགོན་པ་དང། མ་ཎི་ཁང། དེ་བཞིན་ལྷ་སྐུ་མཆོད་ཆ།བོད་ཀྱི་བསྟན་བཅོས་སྣ་ཚོགས་མཚོན་པའི་དཔེ་དེབ་སོགས་ལྷག་ལུས་ཙམ་ལས་ཡོད་པ་མ་རེད། ཅི་ཕྱིར་ཞེ་ན། ང་བརྒྱད་ལོ་ནས་དགོན་པ་ཕལ་ཆེན་སྒོ་བརྒྱབ་ཚར་བ་དང།མཆོད་རྫས་དང། དཔེ་ཆ་སོགས་མཚོན་པའི་སྔོན་གྱི་ཡོ་ཆས་ཐམས་ཅད་མཆོང་སྐྱོད་ཆེན་པོ་སོགས་ཀྱི་སྐབས་ནས་བཅོམ་པ་དང། གཞུང་དུ་བསྡུས་ཚར་བ་རེད། དྲུག་ཅུ་རེ་གཉིས་ལོ་ལ་རོང་བོ་དགོན་པ་དང། སྐུ་འབུམ། རྡོ་སྦིས་གྲྭ་ཚང་སོགས་འདུས་བའི་དགོན་པ་སོགས་མཚོན་པའི་དགོན་པ་དྲུག་ཙམ་གྱིས་སྒོ་ཕྱེས་མོད། དེ་ཡང་གཞི་རྒྱ་ཤིན་ཏུ་ཆུང་བ་དང། ཕྱིའི་རྣམ་པ་ཙམ་ཞིག་རེད། དེ་བས་རིག་གནས་གསར་བརྗེ་མགོ་རྩོམ་དུས། ཕྱིའི་རྫས་༼དགོན་པ།ལྷ་ཁང། མཆོད་ཆ། དཔེ་ཆ། ཐང་ཀ།  དཀར་ཡོལ། གོས་སོགས་འདུས་བའི་༡༩༤༠སྔོན་ལ་བཟོས་བའི་རྒྱུ་རྫས་རྙིང་བ་ཐམས་ཅད༽སོགས་མཚོན་པའི་རྙིང་བ་ཐམས་ཅད་བཅོམ་ཚར་བ་དང། ཕྱིའི་རྣམ་པ་ཙམ་གྱི་དངོས་གནས་“སྤྱི་ཚོགས་གསར་བ”་ལྟ་བུ་ཞིག་ཏུ་ཆགས་བསྡད་ཡོད། ཡིན་ནའང་དེ་དུས་ད་དུང་ལྷག་བསྡད་ཡོད་པ་ནི། མི་རྣམས་ཀྱི་སེམས་ཁོང་གི་སེམས་ཀྱི་འཁྱེར་སྟངས་དང། རིག་གནས། གོམས་སྲོལ། སྤྱོད་པ་བཅས་་རེད། དེ་བས་རིག་གནས་གསར་བརྗེ་ནི་སྐབས་འགར་གཏུབ་གསོད་དང། བཅོམ་འཕྲོག་སོགས་ཀྱི་རྣམ་པའང་ངེས་པར་ཡོད་མོད། དོན་གྱི་རྩ་བ་ནི་རིག་གནས་གསར་བརྗེ་ནི་བསམ་བློ་འདུ་ཤེས་བསྒྱུར་པའི་གསར་བརྗེ་ཞིག་དང། བོད་མིའི་སེམས་ཁོང་གི་སེམས་ཀྱི་འཁྱེར་སྲོལ་རྙིང་བ་ཐམས་ཅད་བཅོམ་པའི་རིག་གནས་གསར་བརྗེ་ཞིག་ཡིན། རིག་གནས་གསར་བརྗེ་ནི་ཇི་ལྟར་བྱས་པ་རེད་དམ་ཞེ་ན། ཐོག་མར་ནར་མ་སོན་པ་དང། རྣམ་དཔྱོད་ཀྱི་ཡན་ལག་ཆ་ཚང་མ་སྨིན་པའི་བྱིས་བ་དག་གི་ཁྲོད་དུ་ལྟ་བ་འདི་སྤེལ་ཞིང། ཁོ་ཚོ་ནི་་“དམར་པོ་ལྟ་བ”སྲུང་བའི་“དམར་སྲུང་དམག”(红卫兵)་ཡིན་ཞེས་མིང་བཏགས་ཏེ། རྙིང་བཞི་གཏོར་པའི་སྐུལ་སློང་བྱས། སེམས་སུ་མཛེམ་དོགས་ཡོད་པ་རྣམས་ལ་“སྙིང་སྟོབས”ཀྱི་མིང་གི་འོག་ནས། རང་གི་ཕ་མ་དང་དགེ་རྒན་དང། འབྱོར་ལྡན་མ་རྩ་རིང་ལུགས་ཀྱི་མི་དང། ལྟ་བ་སོགས་ལ་“འཐབ་རྩོད་”བྱེད་དུ་བཅུག་པ་དེ་རེད། རིག་གནས་གསར་བརྗེའི་སྐབས་སུ་སྙིང་སྟོབས་ཟེར་བའི་ཚིག་འདི་ཤིན་ཏུ་ནས་གལ་ཆེན་པོ་ཆགས་བསྡད་ཡོད། ཅི་ཕྱིར་ཞེ་ན། ལོ་ངོ་སྟོང་ཕྲག་མང་པོ་རིང་ལ་སེམས་ཀྱི་ཁོང་དུ་དད་པ་ཕྲ་མོ་དང། ཡིད་ཆེས་། སེམས་ཀྱི་འཛིན་སྟངས་བདེན་བདེན་པ་དག་ལ།འཛེམ་དོགས་དང་ཞེན་པ་ཆེན་པོ་གཅིག་ཀྱང་མེད་པར་བཅོམ་དགོས་ན། སྙིང་སྟོབས་ཆེན་པོ་ཞིག་མེད་ན་བཅོམ་ཐུབ་ཡོད་པ་མ་རེད། དེ་བས་སྙིང་སྟོབས་ཟེར་པའི་ཚིག་འདི། གསར་བརྗེ་བ་དག་གིས་ཁ་ནས་མ་ཎི་བཞིན་འདོན་གིན་ཡོད་པ་དང།སྙིང་སྟོབས་ཟེར་བ་འདི་རྙིང་བ་གཏོར་པའི་སྤོབས་པ་དེ་ལ་ཟེར་བཞིན་ཡོད། འདོར་ན་རིག་གསར་ནི་པད་མ་འབུམ་གྱིས་གསུངས་བ་བཞིན། རྒྱབ་ཤ་དམར་པོ་ཅན་གྱི་”མོའི་ཀྲུའི་ཞིའི་རྩོམ་བཏུས”ཉིན་མཚན་དུས་དྲུག་དུ་ཁ་ཏོན་བཞིན་བཏོན། ལུས་ལ་འབྲལ་མེད་དུ་བཟུང།དེ་ནི་ལུས་ངག་ཡིད་གསུམ་རྙིང་བཞི་ལས་ཐར་བར་གཏོང་བའི་སྒོ་ལྟ་བུ་ཞིག་ལ་ངོས་འཛིན་གྱིས་རྒྱ་ཁྱབ་ཏུ་སྤེལ་བ་དེ་རེད། དཔེ་དེབ་དེ་ནི་རྒྱ་ཡིག་གི་གཅིག་པོ་མི་ཚད་བོད་ཡིག་གི་ཐོག་ནས་མང་པོ་དཔར་ནས་རྒྱ་ཁྱབ་ཏུ་སྤེལ་བ་དང། དོན་གྲུབ་རྒྱལ་སོགས་གཙོ་གྱུར་པའི་བོད་ཀྱི་གསར་བརྗེ་རྙིང་གཏོར་བ་དག་ཡང། མོའི་ཙེ་ཏུང་གི་གསུང་རྩོམ་འོག་ནས་འཚར་ལོངས་དང། སློབ་གཉེར་བྱས་ནས་བྱུང་བ་ཤ་སྟག་ཡིན།མེ་རྟ་ལོའི་སྟོན་ཁར། དེ་ནི་༡༩༦༦ལོའི་ཕྱི་ཟླ་བརྒྱད་པའི་སྟོན་ཁ་སྟེ། མདོ་སྨད་རིག་པ་འབྱུང་བའི་གྲོང་ཁྱེར་ཏུ་གྲགས་པ། རེབ་གོང་རོང་བོ་ནི། ཞིང་ལ་ལོ་ཏོག་སྨིན་ཞིང། སྟོན་བརྔ་ལ་ཉེ་བའི་སྐབས་ཤིག་ཡིན་པ་དང། མི་རྣམས་ཀྱང་ང་བརྒྱད་ཀྱི་དམག་འཁྲུག་དང། མཆོང་སྐྱོད་ཆེན་པོའི་སྐབས་ཀྱི་ལྟོགས་སྐོམ་སོགས། ལུས་ཀྱི་འཇིགས་པ་ཐམས་ཅད་ལས་ཐར་བ་ཙམ་བྱུང་སྟེ། ལྟོ་བ་རྒྱགས་ཙམ་ཡོད་པ་དང། དྲུག་ཅུ་རེ་གཉིས་ལོ་ནས མདོ་སྨད་ཀྱི་སྐུ་འབུམ་དགོན་པ་དང། བླ་བྲང། རོང་བོ་དགོན་ཆེན། དེ་བཞིན་རྡོ་སྦིས་གྲྭ་ཚང་སོགས་བསྐྱར་དུ་སྒོ་ཕྱེ་ནས། ངུར་སྨིག་གྱོན་པའི་གྲྭ་བ་འགའ་རེའང་ཡོད་ཆོག་པར་གྱུར། དེ་འདྲ་བའི་ཉིན་ཞིག་ལ་གཅན་ཚ་དགུ་འགྱུར་པདྨ་རོང་གི་དགུ་རུང་ཕོ་བ་ཟེར་བའི་སྡེ་བ་ཆུང་ཆུང་ཞིག་ནས། ལོ་བཅུ་གསུམ་ཅན་གྱི་བྱིས་བ་ཞིག་གིས་རྒྱབ་ཏུ་དཔེ་ཁུག་ཅིག་ཁུར། སྐེ་ལ་སྐེ་དཀྲིས་དམར་པོ་ཞིག་བཏགས། སྟོད་གོས་སྔོན་པོ་ཁུག་མ་ཆེན་པོ་གཉིས་ཡོད་པ་ཞིག་གྱོན་ནས། ཨ་མ་རྒན་མོ་ཞིག་གིས་སྐྱེལ་ནས་རྨ་ལྷོ་དགེ་ཐོན་སློབ་གྲྭ་ཟེར་པ་དེར་ཐོན། བྱིས་བ་དེའི་མིང་ལ་དོན་གྲུབ་རྒྱལ་ཟེར། ཁོའི་ཕ་ཆུང་དུས་ནས་གཤེགས་སྔ་པས། མ་དང་རྨོ་རྨོ་གཉིས་དང། ཕ་གཡར་རྒྱ་མཚོ་ཟེར་བ་ཞིག་དང་མཉམ་དུ་འཚར་ལོངས་བྱུང། ཁྱིམ་གྱི་གནས་ཚུལ་གང་ཡིན་གསལ་བོ་རྟོགས་དཀའ་ནའང། བོད་ཀྱི་ཁྱིམ་མི་དག་དང་འདྲ་བར། མ་དང་ཕ་གཡར་གཉིས་ཀྱིས་བྱིས་བའི་སྤྱོད་ལམ་སོགས་ལ་དོ་ཁུར་དང། ལྟ་རྟོག་བྱས་ཡོད་པ་ནི་ཏན་ཏན་ཡིན་པ་དང། ཡ་རབས་བཟང་སྤྱོད་ཅན་ཞིག་ཏུ་འགྱུར་འདོད་པའི་བརྩོན་པ་ནི་ངེས་པར་ཏུ་བྱས་ཡོད་པར་སེམས། ཡིན་ནའང་རྡོ་སྦིས་ཆོས་སྐྱོང་ལགས་ཀྱིས་གསུངས་བ་ལྟར་ན། དོན་གྲུབ་རྒྱལ་ལ་དྭ་ཕྲུག་ལྟ་བུ་སེམས་ཁམས་དང།གཤིས་ཀ་ཡོད་ཅེས་གསུང་ཡོད་པ་དང། གལ་སྲིད་དེ་བདེན་པ་ཡིན་ཚེ། སེམས་ཁམས་རིག་པའི་གཞུང་ལུགས་ལྟར་ན། བྱིས་བ་དེ་མི་གཞན་དང་འབྲེལ་འདྲིས་བྱེད་དཀའ་བ་དང། ལྷག་པར་མས་ཕ་གཡར་ཅིག་བླངས་བའི་ཉེར་ལེན་གྱི་རྗེས་སུ་སྐྱེད་མའི་རིགས་དང་མཆན་མཐུན་ཡོང་དཀའ་བ་ཡོད་ཅེས་སེམས་ཁམས་རིག་པའི་གཞུང་དུ་བཤད་ཚུལ་ཞིག་ཡོད་པས་འདི་ལ་དཔྱད་པར་བྱ་བའི་གནས་སུ་ལགས།
 དོན་གྲུབ་རྒྱལ་རྨ་ལྷོ་དགེ་ཐོན་སློབ་གྲྭ་ཐོན་པའི་ཉི་མ་དེ་ནི། བོད་གངས་ཅན་ཕར་ཤོག། འཛམ་གླིང་ཀུན་དུའང་བྱུང་མ་མྱོང་བའི་དུས་འགྱུར་ཁྱད་པར་ཅན་ཞིག་ཡིན། དེ་ནི་རིག་གནས་གསར་བརྗེ་མགོ་བརྩམས་པའི་ལོ་དེ་ཡིན། སྤྱིར་བཏང་དོན་གྲུབ་རྒྱལ་རང་གིས་སེམས་སུ་ཅི་དྲན་ཡོད་མེད་སུས་ཀྱང་རྟོགས་དཀའ་ནའང།  ཁོང་གིས་བརྩམས་པའི་སྙན་ངག་སྟེ “སྙན་ངག་ལ་སྦྱར་པའི་སྒྲུང་རྩོམ་གཞོན་ནུའི་ཡིད་ཀྱི་མཛེས་རྒྱན”ཟེར་བ་ལས། རིག་གསར་གྱི་འཐབ་རྩོད་བྱེད་སྟངས་སོགས་མང་པོ་བཀོད་འདུག་པ་ལ་བལྟས་ན། ཁོང་ལ་རིག་གསར་ལྟ་བ་དང། སྤྱོད་པ་སོགས་ཧ་ཅང་གི་ཆ་རྒྱུས་ཡོད་པ་རྟོགས་ཐུབ། དཔེར་ན། ཁོང་གིས་རྩོམ་དེ་ལས། “གྱེན་ལོག་མེ་ལྕེ་རྩེ་མོ་ཡིས། སྐར་མའི་འབྲས་ཡོད་ཟ་བར་བྱེད། འཐབ་འཛིང་འབྲུག་གི་སྒྲ་ཆེན་གྱིས། འཛིན་མའི་རྣ་བར་འོན་པར་བྱས།”ཞེས་དང། “རིག་པའི་དཔའ་བོ་ཡོད་དོ་ཅོག། ལྔ་བའི་ལམ་དུ་ད་སོང་ཞེས། དྲགས་སྔགས་ཧུམ་ཕགས་དབྱར་སྐྱེས་རྔས།གནམ་སའི་ཕྱོགས་ཀུན་འགེངས་བར་བྱས།”ཞེས་འཐབ་རྩོད་ཇི་ལྟར་བྱ་ཚུལ་བཀོད་ཡོད་པ་དང། སྒྲུང་གཏམ་ནང་གི་བུ་མོ་ཟླ་བ་སྒྲོལ་མ་དམར་སྲུང་དམག་ནང་དུ་ཞུགས་ཚུལ་ཡང་འདི་ལྟར་“དཀར་འཇམ་དཔུང་བའི་ཡང་ཐོག་ཏུ། དམར་སྲུང་དམག་གི་རྟགས་འཛིན་པའི།” ཞེས་དམར་སྲུང་དམག་ཏུ་ཞུགས་པ་དང། དེ་བཞིན་དམར་སྲུང་དམག་གིས་གཏེ་བོ། གསར་བརྗེ་སྐྱབས་གཙོ་བྱས་ནས་དམར་སྲུང་དམག་རྣམས་སླེབས་ཏེ། ཟླ་བ་སྒྲོལ་མའི་ཕ་ནི་སྔོན་ཆད་དགེ་བཤེས་ཡིན་པ་དེ་འཛིན་བཟུང་བྱས་པའི་ཚུལ་འདི་ལྟར། “གྱེན་ལོག་དཔུང་གི་རུ་གཙོ་སྟེ། གསར་བརྗེ་སྐྱབས་དང་ཝ་གྲོགས་རྣམས། གཟན་ལ་འགྲིམས་པའི་གླག་མོ་ལྟར། ཟླ་བ་སྒྲོལ་མའི་ཡབ་ཆེན་གྱི། ཉམ་ཐག་ལུ་གུ་འཛིན་ཕྱིར་འོངས། ལྷ་རམས་དགེ་བའི་བཤེས་གཉེན་མཆོག། བསོད་ནམས་བགོ་སྐལ་འདི་ཡིན་ཞེས། སྔོན་མེད་ཤོག་བུའི་པཎ་ཞྭ་ཞིག། གང་གི་སྤྱི་བོ་རྒྱན་དུ་བྱིན” ཞེས་དམར་སྲུང་དམག་དག་གིས་དགེ་རྒན་དང། སྔོན་གྱི་ཆོས་གྲྭ་སོགས་ལ་སློབ་གཉེར་བྱས་ནས་ཐོན་པའི་དགེ་རྒན་རྣམས་ལ་ཇི་ལྟར་འཐབ་རྩོད་བྱ་ཚུལ་གསལ་བོར་བཀོད་ཡོད་པ་དང། ལྷག་པར་བུ་བུ་མོ་རྣམས་ཀྱིས་རང་གིས་ཕ་མ་ལ་ཡང་འཐབ་རྩོད་བྱ་དགོས་ཚུལ་ཡང་འདི་ལྟར། “ཀ་ཡེ་ཟླ་བ་སྒྲོལ་མ་ལགས། ཁྱོད་ཀྱི་ལངས་ཕྱོགས་རི་ལྟར་བརྟན། གསར་བརྗེའི་གོ་རྟོགས་མཁའ་ལས་མཐོ། དགེ་གཉེན་དབྱེ་བ་མ་ནོར་པར། ཡབ་དང་འཐའ་རྩོད་བགྱིད་ཕོད་པ། གསར་བརྗེའི་བྱ་སྤྱོད་ཁོ་ན་ཉིད།”ཅེས་རང་གི་ཕ་ལ་འཐབ་རྩོད་བྱེད་དུ་བཅུག་ཚུལ་སོགས་བཤད་ཡོད།སྤྱིར་བཏང་སྙན་ངག་དང་སྦྱར་པའི་སྒྲུང་རྩོམ་འདིའི་ནང་གི་མི་སྣ་རྣམས་དངོས་སུ་བྱུང་ཡོད་མེད་དང། དོན་རྐྱེན་རྣམས་ཀྱང་ཇི་ལྟར་བྱུང་ཡོད་མེད་ཅི་ཆ་ཡང། འདི་ནི་དོན་གྲུབ་རྒྱལ་རྨ་ལྷོ་དགེ་ཐོན་སློབ་གྲྭ་ཞུགས་པའི་ཉི་མ་དེ་ནས་བྱུང་བའི་རིག་གནས་གསར་བརྗེ་ཆེན་མོ་ནས་བྱུང་བའི་སེམས་ཀྱི་འཆར་སྟངས། དོན་རྐྱེན་རྣམས་ཇི་བཞིན་དུ་བཀོད་འདུག་པས། ཕལ་ཆེར་དོན་གྲུབ་རྒྱལ་རང་གི་རྣམ་ཐར་དེ་སྒྲུང་གཏམ་དང་སྦྱར་ནས་བྲིས་བ་མིན་ལས་ཆེ་སྙམ།
 དེ་བཞིན་ཕྲན་གྱིས་ཀྱང་དོན་གྲུབ་རྒྱལ་སློབ་གྲྭའི་རྭ་བའི་ནང་དུ་ཐོན་མ་ཐག་ཏུ། ཁོའི་མིག་ལམ་ཏུ་མཐོང་བའི་བྱ་སྤྱོད་དང། ཉེར་ལེན་སོགས་བརྟག་པ་མཐའ་བཟུང་གི་དབང་དུ་བྱས་ནས་དྲན་པར་བྱས་ན། འདི་ལྟ་བུ་ཞིག་ཡིན་པར་སེམས་སྟེ། དེ་ནི་ཁོ་དང་ལོ་མཉམ་སློབ་བུ་དག་གིས་ལག་ཏུ་རྡོ་དང་དབྱུག་པ་བཟུང་ནས་སྔོན་གྱི་རི་མོ་དང། ཚོན་རྩི་རྒྱབ་ཡོད་པའི་སྒེའུ་ཁུང་དང་སྒོ་སོགས་བཅོག་བཞིན་ཡོད་པ་དང། དགེ་རྒན་དག་གི་མགོ་ལ་ཤོག་ཞྭ་རིང་པོ་རེ་བསྐོོན་ནས་ཁྲོམ་དུ་ཁྲིད་བཞིན་པ་དང། དོན་གྲུབ་རྒྱལ་དང་ལོ་མཉམ་གྱི་སློབ་བུ་དག་གིས་ཁ་ནས་“རྙིང་བཞི་གཏོར་ཏེ།གསར་བཞི་འཛུགས་དགོས”དང་“ལྷ་འདྲེ་གདོན་བགེགས་ཕམ་པར་རྒྱོབ་ཤོག”་ཅེས་སྐད་འབོད་སྒྲོག་ཏེ། དགེ་རྒན་རྣམས་ལ་བཅར་རྡུང་དང། གནར་གཅོད་གཏོང་བཞིན་ཡོད་པ་དང། བྱ་སྤྱོད་དེ་དག་ལ་ཁོ་ཚོས་“འཐབ་རྩོད”ཅེས་འབོད་བཞིན་པ་དང། དེ་ནི་བླ་མེད་ཀྱི་གསར་བརྗེའི་ལས་ཀ་ཞིག་བསམ་བཞིན་ཡོད་པ་རེད། སྐབས་རེ་བདག་གིས་འདི་ལྟར་ཀྱང་སེམས་ལ་དྲན་ཏེ། དོན་གྲུབ་རྒྱལ་ལས་ལོ་ན་ཆེ་བའི་སློབ་མ་ཁག་ཅིག་གིས་དོན་གྲུབ་རྒྱལ་སོགས་ལོ་ཆུང་བ་དག་ལ། “ད་ནས་བཟུང། ང་ཚོ་ནི་གུང་ཁྲན་ཏང་སྲུང་མཁན་གྱི་དམར་སྲུང་དམག་ཡིན་པ་དང།ང་ཚོས་དམིགས་ཡུལ་ནི་ “རྙིང་བཞི་གཏོར་ཏེ།གསར་བཞི་འཛུགས་དགོས”ཞེས་ཡང་ཡང་ཁྱབ་བསྒྲགས་བྱས་ཡོད་པར་སྙམ། སེམས་ཁམས་རིག་པའི་གཞུང་ལུགས་ལྟར་ན། གློ་བུར་ཏུ་བྱིས་བ་ཆུང་ཆུང་དེ་འདྲ་ཞིག་གཅན་ཚའི་གྲོང་གསེབ་ཅིག་ནས་རོང་བོ་རུ་ཐོན་པར། བྱིས་བ་སྤྱི་དང་འདྲ་བར་ཐོག་མར་བརྩེ་བའི་མ་དང། ལུང་བ་ཁ་བྲལ་བའིདགའ་སྣང་དང། རྗེས་སུ་མ་དང།སྡེ་བ།ཆུང་དུས་ཀྱི་རྩེད་རོགས་སོགས་དྲན་པའི་འགལ་འདུ་ཅན་གྱི་སེམས་ཚོར་ཅིག་ཀྱང་བྱུང་ཡོད་པ་གོར་མ་ཆག སྤྱིར་བཏང་བྱིས་པ་ཕ་མ་དང་ཁ་བྲལ་ནས། བྱིས་པ་རྣམས་དགོན་པར་འགྲོ་བ་དང། སློབ་གྲྭ་སོགས་ལ་འགྲོ་བ་འདི་དོན་གྱིས་སྟེང་ནས་གཅིག་པ་ཡིན་ནའང། རྣམ་པའི་ཐོག་ནས་མི་འདྲ་བ་མང་པོ་ཡོད། ལྷག་པར་ཏུ་སློབ་ཁྲིད་བྱེད་སྟངས་དང། མི་ཚེའི་ལྟ་གྲུབ་དང། གྲུབ་མཐའ་སོགས་ཀྱི་ཐད་ནས་ཁྱད་པར་ཆེན་པོ་ཡོད། གང་ལྟར་ཀྱང་དེའི་སྐབས་སུ་བྱུང་བའི་དོན་རྐྱེན་དང་ལྟ་གྲུབ་རྣམས་ཀྱིས་ཁོའི་སེམས་སུ་ཤུགས་རྐྱེན་ཆེན་པོ་ཐེབས་ཏེ་རྗེས་སུ་ཁོང་གི་བརྩམས་ཆོས་གང་ཡིན་ཀྱང། ལུས་ཀྱི་སྤྱོད་ཚུལ་ཐམས་ཅད་དུས་འགྱུར་འདི་ལ་མ་འབྲེལ་བ་ཞིག་མེད་པར་ལྟ་བུར་གྱུར་ཏེ།བརྩམས་ཆོས་ཐམས་ཅད་རྙིང་དོར་གྱི་ལྟ་བས་ཁྱབ་བསྡད་ཡོད་པ་དང། སྤྱོད་པ་ཐམས་ཅད་ངོ་ལོག་དང་། སྐྱེད་མའི་རིགས་ལ་མི་ཟད་པའི་ཞེ་སྡང་དང་སྡུག་གྱོང་གཏོང་བ་དང་སེམས་སུ་འཐབ་རྩོད་འབའ་ཞིག་གིས་ཁེངས་བསྡད་ཡོད་པ་རེད།
          རྙིང་འདོར་གྱི་ལྟ་བའི་ཁུངས་ནི“ལྔ་བཞིའི་ལས་འགུལ”་ཡིན།
     ལྔ་བཞིའི་ལས་འགུལ་འདི་རྒྱ་ནག་གི་ལོ་རྒྱུས་སུ་བཤད་ན། ཧ་ཅང་གི་གལ་ཆེ་བའི་ལོ་རྒྱུས་གྱི་མཚམས་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་རེད། ཅི་ཕྱིར་ཞེ་ན།ལྔ་བཞི་ལས་འགུལ་འདི་ལ་བརྟེན་ནས་དམར་ཕྱོགས་ཀྱི་ལྟ་བ་མཚོན་པའི་ནུབ་ཀྱི་རིག་གནས་དར་པར་བཤད་ཡོད་པ་དང།་ ལྷག་པར་ཏུ་དམར་ཕྱོགས་ལ་མཚོན་ན་ལྔ་བཞི་ལས་འགུལ་ནི་གལ་ཆེན་པོ་ཞིག་ཆགས་བསྡད་ཡོད།རྒྱ་ནག་གི་མཁས་པ་དག་གིས་རྒྱ་ནག་གི་རིག་གནས་དེ་ལྔ་བཞིའི་ལས་འགུལ་གྱི་སྔོན་དང་རྗེས་སུ་ཕྱེས་ནས་བཤད་ཡོད། དཔེར་ན། མོའི་ཙེ་ཏུང་གིས་ “ཀྲུང་གོའི་རིག་གནས་གྱི་འཐབ་ཕྱོགས་དང་ཡང་ན་བསམ་བློའི་མཐའ་ཕྱོགས་ལ་ཆ་བཞག་ན “ལྔ་བཞིའི་”སྔོན་དང། “ལྔ་བཞིའི་”རྗེས་ལ་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བ་གཉིས་ཆགས་ཡོད་པ་རེད”ཅེས་བཤད་ཡོད་པ་དང།ལྔ་བཞིའི་ལས་འགུལ་ནི་བསམ་བློ་བསྒྱུར་བཅོས་ཀྱི་ལས་འགུལ་ཞིག་ལ་ངོས་འཛིན་བྱས་ཡོད། དོན་གྲུབ་རྒྱལ་གཙོ་བྱས་བའི་བོད་ཀྱི་གསར་བརྗེ་བ་དག་གིས་ཀྱང་ལྔ་བཞི་ལས་འགུལ་འདི་ལ་ཆེད་དུ་ཞིབ་དཔྱོད་ཀྱི་ཞིབ་འཇུག་དང།བསྟོད་བསྔགས་ཆེན་པོ་བྱས་ཡོད་པ་མ་ཟད། ལྔ་བཞིའི་ལས་འགུལ་གྱི་སྲོལ་འབྱེད་པ་དག་གིས་རྗེས་སུ་འབྲངས་ཏེ།སྲོལ་རྒྱུན་གཏོར་དགོས་ཞེས་སྐད་འབོད་ཀྱང་མང་པོ་བྱས་འདུག། དཔེར་ན་ཞོགས་དུང་གིས་རང་གྲོལ་ཞིབ་འཇུག་གི་དེང་ཕྲེང་དང་པོ་ནང་དུ“ལྔ་བཞི་ལས་འགུལ་ཞེས་པ་ཚིག་གཅིག་གིས་བསྡུས་ཏེ་བཤད་ན། བསམ་བློ་བཅོས་སྒྱུར་གྱི་ལས་འགུལ་ཞིག་རེད།སྐབས་དེར་བློ་འབྱེད་བསམ་བློ་བ་དག་གིས་སྲོལ་རྒྱུན་རིག་གནས་ལ་དགག་པ་གཞིར་བྱས་ཏེ། སློབ་གསོ་བཅོས་སྒྱུར་བྱེད་དགོས་ཚུལ་དང། བུད་མེད་བཅིངས་འགྲོལ་གཏོང་དགོས་ཚུལ། ཚད་མའི་སྐྱེས་བུ་དང་གསུང་མེད་ཚུལ།དཔྱོད་ཤེས་དང་དང་རང་དབང་འདྲ་མཉམ་སོགས་དགོས་ཚུལ་བཤད་ཡོད་པ་རེད”ཅེས་བཤད་ཡོད། ལྔ་བཞིའི་ལས་འགུལ་འདི་ནི། ལོ་རྒྱུས་ཀྱི་དུས་སྐབས་གནད་འགག་ཅན་ཞིག་གི་སྐབས་ལ་བྱུང་བ་ཞིག་ཡིན། ཐོག་དང་པོ་སུའུ་ཀྲུན་ཧྲན་གྱིས་དབུ་ཁྲིད་པའི་རྒྱ་ནག་ལྷོ་ཕྱོགས་ཀྱི་རྒྱ་མི་ཚོས།“ཤར་ཀྱི་ཀླ་ཀློ་མན་ཇུ་མཐར་སྐྲོད་བཏང་ཏེ། རྒྱ་ནག་གི་ཤེས་རིག་དར་སྤེར་གཏོང་དགོས་”ཞེས་བའི་ཆབ་སྲིད་ཀྱི་ལས་འགུལ་ཏེ། ལོ་སྟོང་ཕྲག་ཁ་ཤས་རིང་གི་རྒྱལ་བོའི་ལམ་ལུགས་དང། ལོ་ཉིས་བརྒྱ་ཙམ་ལ་དབང་སྒྱུར་པའི་དབང་སྒྱུར་པའི་མན་ཇུའི་རྒྱལ་རབས་རྫོགས།
    འདི་ལ་ལྕགས་ཕག་ལོའི་༼༡༩༡༡༽གསར་བརྗེ་ཟེར། ཡིན་ནའང་ལྕགས་ཕག་གི་གསར་བརྗེའི་རྗེས་སུ་རྒྱ་ནག་རང་དུའང་སྲིད་གཞུང་དང།འཇིག་རྟེན་སྲིད་སྐྱོང་གི་ལྟ་བའི་ཐོག་ནས་སྲིད་གཞུང་བརྟན་པོ་ཞིག་འཛུགས་མ་ཐུབ་པར་ཡོད་དུས།འཇར་པན་སོགས་གཙོ་བོ་གྱུར་པའི་རྒྱལ་ཁམས་སྟོབས་ཅན་དག་གིས་རྒྱ་ནག་ལ་བཙན་འཛུལ་དང།ས་ཆ་སོགས་བཙན་འཕྲོག་གིས་ཆིངས་ཡིག་སོགས་རྒྱག་ཏུ་བཅུག་ཅིང། ༡༩༡༩ལོ་ལ་པེ་ཅིང་གི་སློབ་མ་རྣམས་ཀྱིས་སྲང་ལམ་སོགས་སུ་སོང་ནས། རྒྱལ་ཁམས་སྟོབས་ཆེ་བ་དེ་དག་ལ་ངོ་རྒོལ་སོགས་བྱས། དེ་དུས་རྒྱ་ནག་གི་མཁས་བ་ཁ་ཅིག་གིས། རྒྱ་ནག་འདི་བཞིན་ཉམས་རྒུད་དུ་འགྲོ་སོང་བ་དང། སྟོབས་ལྡན་ཅན་གྱི་རྒྱལ་ཁམས་འཛུགས་མ་ཐུབ་པ་དང། དེ་བཞིན་རྒྱལ་ཁམས་གཞན་གྱི་རྗེས་སུ་ལུས་བ་ནི་རྒྱ་ནག་རང་གི་རིག་གནས་རེད་ཅེས་རིག་གནས་རྙིང་བ་ལ་དགག་པ་རྒྱག་པའི་མགོ་བརྩམས། ཁོ་ཚོས་རྒྱལ་ཁམས་སྐྱོབ་པའི་ཐབས་ཤེས་ཡང་དག་ནི་ནུབ་ཀྱི་དམངས་གཙོ་ལམ་ལུགས་དང་།ཚན་རིག་སོགས་ཡིན་ནོ་ཞེས་ནུབ་ཕྱོགས་ཀྱི་ལྟ་བ་མཚོན་པའི་དཔེ་དེབ་སོགས་མང་དུ་སྤེལ། དུས་འགྱུར་འདི་ལ་བརྟེན་ན་དམར་ཕྱོགས་ཀྱི་ལྟ་བའང་རྒྱ་ནག་ཏུ་དར་ཐུབ་པ་བྱུང་བ་དང།དུས་སྐབས་དེ་ལ་ཡོ་རོབ་གྱི་ལྟ་གྲུབ་མཚོན་པའི་བསྟན་བཅོས་མང་པོ་རྒྱ་ནག་ཏུ་བསྒྱུར་བ་དང།དེའི་ཆེད་དུ་གཉེར་པའི་དུས་དེབ་”གཞོན་ནུ་གསར་པ”སོགས་རྒྱ་ཁྱབ་ཏུ་སྤེལ་ཞིང། དུས་དེབ་དེ་དག་ནི་རྒྱ་ནག་གི་རིག་གནས་རྙིང་བ་གཏོར་པའ་ིམཚོན་ཆ་ལྟ་བུ་གྱུར།དུས་དེབ་འདི་སོགས་མོའི་ཙེ་ཏུང་སོགས་འབྲེལ་བའི་དམར་ཕྱོགས་ལ་ཤན་ཆེན་པོ་ཞུགས་ཏེ། རྗེས་སུ་མོའུ་ཙེ་ཏུང་དང།གཞན་དམར་ཕྱོགས་ཀྱི་མཁས་བ་རྣམས་ཀྱིས་ཆེད་དུ་རྩོམ་བྲིས་ཡོད་པ་དང། དུས་དེབ་འདི་ལ་ཆེད་དུ་བསྟོད་བསྔགས་ཡང་མང་པོ་བྱས་ཡོད། སྤྱིར་བཏང་ལྔ་བཞི་ལས་འགུལ་འདི་བོད་དང་འབྲེལ་བ་སྤུ་ཙམ་ཡང་མི་འདུག།ཅི་ཕྱིར་ཞེ་ན་བོད་ཀྱི་ནང་བ་སངས་རྒྱས་བའི་ལྟ་གྲུབ་དང་རྒྱ་ནག་གི་ཁུང་ཙིའི་ལུགས། རྒྱ་ནག་གི་རྒྱལ་བོའི་ལམ་ལུགས་དང། བོད་ཀྱི་བླ་མའི་ལམ་ལུགས། བོད་ཀྱི་བསྡུས་གྲྭའི་སོགས་མཚོན་པའི་རིགས་པ་གཙོ་བོ་འཛིན་པའི་ལམ་ལུགས་དང། རྒྱ་ནག་གི་དཔེ་བཞི་གཙོ་བོ་འཛིན་པའི་ལམ་ལུགས། དེ་བཞིན་བོད་མི་མང་ཆེ་བ་འབྲོག་བ་དང་ས་མ་འབྲོག་གི་ལུགས་སྲོལ་དང། རྒྱ་ནག་གི་སོ་ནམ་པའི་འཚོ་བ་དང་ལྟ་གྲུབ་སོགས་ལ་གནམ་ས་ལྟ་བུའི་ཁྱད་པར་ཡོད་པ་མ་ཟད། དེ་ནི་རྒྱ་ནག་རང་གི་ལོ་རྒྱུས་ཁྱད་པར་ཅན་དང། ཁྱད་པར་ཅན་ཞིག་གི་འོག་ཏུ་བྱུང་བ་ཞིག་རེད།
       དོན་གྲུབ་རྒྱལ་དང་གསར་བརྗེའི་ལྟ་བ།
     ལྔ་བཞིའི་ལས་འགུལ་ནང་དུ། ནུབ་ཀྱི་དམངས་གཙོ་རིང་ལུགས་ཅན་གྱི་རིག་གནས་གསར་པ་ཞིག་དར་ཡོད་ནའང། འདིར་ངེས་པར་ཏུ་བརྗོད་དགོས་བ་ཞིག་ལ། རིག་གནས་གསར་བརྗེའི་སྐབས་སུ། མོའི་ཙེ་ཏུང་གི་དཔེ་དེབ་ལས།གཞན་གྱི་དཔེ་དེབ་མཐོང་རྒྱུ་མེད་ཅིང། ལྷག་པར་ཏུ་མོའི་ཙེ་ཏུང་གིས་༡༩༤༠ལོར་བྲིས་བའི་ “དམངས་གཙོ་རིང་ལུགས་གསར་པའི་རྣམ་བཤད”ཟེར་བ་དང། ༡༩༤༢་ལོར་བྲིས་“ཡན་ཨན་རིག་རྩལ་བཞུགས་མོལ་ཚོགས་འདུའི་ཐོག་གི་གཏམ་བཤད།”གཉིས་ནི་རིག་གནས་ཐད་ཀྱི་གསུང་རྩོམ་གལ་ཆེན་གཉིས་ཆགས་བསྡད་ཡོད། དེ་བས་དོན་གྲུབ་རྒྱལ་སོགས་ལ་གསར་བརྗེའི་ལྟ་བ་སྟེར་མཁན་ཡང་གཙོ་བོ། མོའི་ཡི་གསུང་རྩོམ་གཅེས་བསྡུས་དང། ཁྱད་པར་ཏུ་ཁོང་གི་གསུང་རྩོམ་གཅེས་བསྡུས་ནང་གི་“དམངས་གཙོ་རིང་ལུགས་གསར་པའི་རྣམ་བཤད”་ཟེར་བ་དང། “ཡན་ཨན་རིག་རྩལ་བཞུགས་མོལ་ཚོགས་འདུའི་ཐོག་གི་གཏམ་བཤད།” གཉིས་དེ་གཉིས་རེད། རྗེས་སུ་བསྟན་བཅོས་དེ་གཉིས་་དོན་གྲུབ་རྒྱལ་གྱི་ལྟ་གྲུབ་དང། རྩོམ་གཤིས།སེམས་པའི་འཁྱེར་སྟངས་བཅས་ཀྱི་རྩིག་པའི་རྨང་གཞི་ལྟ་བུ་གྱུར་ཏེ། ཁོང་གི་བརྩམས་ཆོས་ཐམས་ཅད་ལྟ་བའི་གཞི་ཐམས་ཅད་དངོས་སུ་ཤུགས་ཀྱི་བསྟན་བཅོས་འདི་གཉིས་ལ་འབྲེལ་བ་ཡོད། འདི་རུ་ཕྲན་གྱིས་དོན་གྲུབ་རྒྱལ་གྱི་ལྟ་བའི་སྐོར་ལ་མཛུབ་མོ་རི་སྟོན་གྱི་ཚུལ་གྱིས་བྱེད་འཆར་ཡོད་ཅིང།འདིས་མི་རྣམས་ཀྱིས་དོན་གྲུབ་རྒྱལ་གྱི་ལྟ་བའི་གཞི་ལམ་འབྲས་གསུམ་སོགས་ཅུང་ཙམ་རྟོགས་ཐུབ་པའི་རེ་བ་ཡོད།ཐོག་མར་མོའི་ཙེ་ཏུང་གིས་སྔོན་གྱི་རྒྱ་ནག་གི་རིག་གནས་ནི། དོན་གྱི་བཀས་བཀོད་རྒྱུད་འཛིན་རིང་ལུགས་ལ་ཞབས་འདེགས་ཞུ་མཁན་གྱི་རིག་གནས་ཡིན་ཞེས་སྡོམ་ཚིག་རྒྱབ་ཡོད།དཔེར་ན་མོའི་ཙེ་ཏུང་གིས་“ཡན་ཨན་རིག་རྩལ་བཞུགས་མོལ་ཚོགས་འདུའི་ཐོག་གི་གཏམ་བཤད”ནང་དུ་“རིག་རྩལ་ཅིག་ས་བདག་གྲལ་རིམ་ལ་ཞབས་འདེགས་ཞུ་ཡས་ཡིན་ན་དེ་ནི་བཀས་བཀོད་རྒྱུད་འཛིན་རིང་ལུགས་གི་རིག་རྩལ་རེད། ཀྲུང་གོའི་བཀས་བཀོད་རྒྱུན་འཛིན་དུས་རབས་གི་དབང་སྒྱུར་གྲལ་རིམ་གྱི་རྩོམ་རིག་དང་སྒྱུ་རྩལ་ནི་དེའི་གྲས་ཅིག་རང་རེད།རིག་རྩལ་ད་ལྟའང་ཀྲུང་གོ་ཤུགས་ཆེན་པོ་ཅིག་བསྡད་ཡོད་པ་རེད།”ཅེས་རྒྱ་ནག་གི་སྔོན་གྱི་རྩོམ་རིགས་དང། སློབ་གསོ་དང།དེ་བཞིན་རིག་གནས་ཐམས་ཅད་བཀས་བཀོད་རྒྱུན་འཛིན་ཀྱི་སྒེར་བདག་བྱེད་པའི་རིག་གནས་དང། ཁོ་ཚོ་ལ་ཞབས་འདེགས་ཞུ་བྱེད་ཀྱི་ལག་ཆ་ཅིག་རེད་ཅེས་སྡོམ་ཚིག་རྒྱབ་ཡོད་པ་རེད། མོའི་ཙེ་ཏུང་གི་ལྟ་བ་འདིའི་རྗེས་སུ་འབྲངས་ཏེ། དོན་གྲུབ་རྒྱལ་གྱིས་ཀྱང་བོད་ཀྱི་རིག་གནས་དང།དགོན་གྲྭ་ཐམས་ཅད་བོད་ཀྱི་དབང་སྒྱུར་གྲལ་རིམ་སྟེ།དགོན་སྡེ་དག་གིས་སྒེར་སྡོམ་བྱས་ཏེ། བོད་ཀྱི་སྤྱི་ཚོགས་ལ་ཕན་མ་ཐོགས་པ་དང། བོད་མི་མང་གི་ཡིག་རྨོངས་སེལ་བའི་ནུས་བ་ཙམ་ཡང་ཐོན་མ་ཐུབ་རེད་ཅེས་སྡོམ་ཚིག་ཆེན་པོ་ཞིག་རྒྱབ་ཡོད་པ་རེད། དཔེར་ན། ཁོང་གིས་ “བོད་གནའ་རབས་ཀྱི་སློབ་གསོའི་སྐོར་གྱི་འཆར་སྒོ”ཟེར་བ་ལས། “དུས་ཡུན་ཤིན་ཏུ་རིང་བོའི་རིང་ལ་རང་རེའི་བོད་ཀྱི་རིག་གནས་དེ་ཆོས་ལུགས་དགོན་སྡེ་དག་གིས་སྒེར་སྡོམ་བྱས་པར་བརྟེན། བོད་གངས་ཅན་གྱི་སྤྱི་ཚོགས་ཐོག་དར་ཁྱབ་ཆེན་རང་བྱུང་མ་ཐུབ་པ་དང།བོད་རིགས་མང་ཚོགས་ཡོངས་ཀྱི་ཡིག་རྨོངས་སེལ་བའི་ནུས་པའང་འདོན་མ་ཐུབ་པར་མ་ཟད། སྙན་ངག་དང་མངོན་བརྗོད་གོ་དཀའ་བ་དག་ལ་བཅངས་ནས་རྩོམ་ཡིག་བྲིས་སྟངས་བོད་ཀྱི་རིག་གནས་དེ་རང་གི་བོད་ཕལ་ཆེ་བ་ལ་ཆ་མཚོན་ན་གསང་བ་ལྐོག་གྱུར་གྱི་ཡུལ་ཞིག་འགྱུར་དགོས་བྱུང་བ་རེད”ཅེས་སྡོམ་ཚིག་རྒྱབ་ཡོད་པ་རེད། མོའི་ཙེ་ཏུང་དང་དོན་གྲུབ་རྒྱལ་གཉིས་ཀྱི་གཞི་མཐུན་གྱི་ལྟ་གྲུབ་ནི། ཁོ་གཉིས་ཀྱིས་སོ་སོར་རང་གི་མི་རིགས་ལ་སྔོན་ཆད་“མཚར་སྡུག་འོད་སྟོང་འབར་བའི”རིག་གནས་ཡོད་པ་དང། གསར་གཏོད་པ་དང་རྩོམ་པ་པོ་སོགས་མང་པོ་ཞིག་བྱུང་ཡོད་མོད།རྒྱ་ནག་ལ་མཚོན་ན། བཀས་བཀོད་རྒྱུན་འཛིན་དང། ཁུང་ཧྥུ་ཙིའི་གཞུང་ལུགས་ཀྱིས་རྒྱ་ནག་གི་རིག་གནས་ཐམས་ཅད་སྒེར་སྡོམ་བྱས་པ་དང། བོད་ལ་མཚོན་ན། དགོན་སྡེ་དང། ཆོས་ལུགས་ཀྱིས་སྒེར་སྡོམ་བྱས་པ་དེ་གཉིས་རེད། དེ་ལྟ་བུ་རིག་གནས་སྒེར་སྡོམ་གྱི་བཀག་རྒྱ་འོག།རྒྱ་དང་བོད་མི་རིགས་གཉིས་ཀ་རྗེས་ལུས་ཐེབས་ཏེ། མི་རྣམས་ནི་ཆེས་ཀླ་ཀློ་དང། བདུག་རྩུབ་དང། ཆེས་རྨོངས་དད་ཅན་དུ་ཆགས་པ་རེད་ཅེས་འདོད་པ་དེ་རེད། ལྟ་གྲུབ་འདི་ནི་རྙིང་གཏོར་གྱི་ལྟ་བའི་གཞི་དེ་ཡིན་ཞིང། ལྟ་བ་འདི་ལ་བརྟེན་ནས་རིག་གནས་གསར་བརྗེ་དགོས་བ་བཤད་ཡོད། 
     རྙིང་གཏོར་རྩོམ་རིགས་ཀྱི་ལྟ་གྲུབ།
    དོན་གྲུབ་རྒྱལ་གྱིས་བོད་དུ་རྩོམ་རིགས་ཀྱི་གསར་བརྗེ་ཞིག་དགོས་པ་དང། སྔོན་གྱི་སྙན་ངག་མེ་ལོང་མ་གཙོ་བྱས་པའི་གཞུང་ལུགས་དག་ནི་ཆ་མི་ཚང་བ་དང། དེ་དག་དེང་དུས་བོད་ཀྱི་གཞོན་ནུ་རྣམས་ཀྱི་སེམས་ཁམས་དང། འདུན་པ།དམིགས་གསལ་བཅས་མཚོན་མི་ཐུབ་པར་བཤད་ཡོད། དེའི་ཕྱིར་དོན་གྲུབ་རྒྱལ་གྱིས་སྔོན་གྱི་སྙན་ངག་གི་གཞུང་དེ་དག་རྩ་གཏོར་བཏང་ནས་རྒྱ་གར་གྱི་མིན་པའི་“བོད་རང་གི་སྙན་ངག་མེ་ལོང་མ”་ཞིག་དགོས་ཞེས་གསར་བརྗེའི་སྒྲོག་གཏམ་བཤད་ཡོད། དེ་ནི་དོན་གྱིས་མོའི་ཙེ་ཏུང་གི་ ༡༩༤༢ ལོ་ལ་བྲིས་བའི་“ཏང་ནང་གི་ཡན་ལག་བརྒྱད་ལྡན་གྱི་རྩོམ་ཚུལ་ལ་ངོ་རྒོལ་བྱེད་དགོས་”ཞེས་བ་དང། “ཡན་ཨན་རིག་རྩལ་བཞུགས་མོལ་ཚོགས་འདུའི་ཐོག་གི་གཏམ་བཤད།”ཞེས་བ་དེ་གཉིས་ཀྱི་ཤན་ཆེན་པོ་ཞུགས་ཡོད་པ་དང། ཞིབ་ཏུ་ལྟོས་ཡོང་དུས། ཆུ་ལ་ཆུ་བཞག་པ་བཞིན་དུ་གཞི་གཅིག་ལྟ་བུ་གྱུར་ཡོད།དཔེར་ན་དོན་གྲུབ་རྒྱལ་གྱིས་ཁོང་གིས་བྲིས་བའི་“བོད་ཀྱི་ཚིག་རྒྱན་རིག་པའི་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག”ཟེར་པའི་ནང་དུ་བཀོད་པ་ལྟར། “རང་རེའི་མཁས་བ་རྣམས་ཀྱི་ཞན་ཆ་ཞིག་ཡོད་པ་ནི། རིག་གནས་དང་ལོ་རྒྱུས་ཀྱི་ཁུངས་རྒྱ་གར་ལ་གཏུགས་ཅི་ཐུབ་བྱེད་པ་དེ་རེད”ཅེས་བཤད་པ་བཞིན། བོད་ཀྱི་ཁུངས་རྒྱ་གར་ལ་གཏུགས་པ་དང།སྙན་ངག་མེ་ལོང་མ་དང། བོད་ཀྱི་སྲོག་ཆེན་དང་སྲོག་ཆུང་གི་ཁྱད་པར། རྒྱ་གར་ཤར་ལྷོའི་བར་གྱི་འབྲེལ་བ་སོགས་བོད་དུ་དགོས་མིན་གྱི་སྐད་ཆ་འགའ་བཤད་ཡོད་པ་མ་ཟད།གསར་བརྗེའི་རྩོམ་རིགས་ཞིག་བཟོ་མ་ཐུབ་པ་ནི། “བོད་ཀྱི་ངོ་ཚ་ཞིག་རེད”ཅེས་བཤད་ཡོད། མུ་མཐུད་དུ་་ཁོང་གིས་“བཅིངས་འགྲོལ་བྱས་ནས་ལོ་ངོ་སུམ་ཅུ་ལྷག་འགོར་ཡང་། འདི་ཙམ་གྱི་ལྟ་བ་ལ་ངོ་རྒོལ་བྱ་མ་ཐུབ་པ་ནི་ང་ཚོ་གཞོན་ནུ་རྣམས་ཀྱི་ངོ་ཚ་ཞིག་ཡིན་པ་མ་ཟད།ང་ཚོའི་མི་རབས་འདིའི་ངོ་ཚ་ཞིག་ཀྱང་རེད”ཅེས་སོགས་བཤད་ཡོད་པ་རེད།དེ་བཞིན་མོའི་ཙེ་ཏུང་གིས་ཀྱང་“ཏང་ནང་གི་ཡན་ལག་བརྒྱད་ལྡན་གྱི་རྩོམ་ཚུལ་ལ་ངོ་རྒོལ་བྱེད་དགོས་”ཞེས་རྩོམ་ནང་དུ་འདི་ལྟར། “ཁུང་ཧྥུ་ཙིའི་གཞུང་ལུགས་དེ་ཆོས་ལུགས་གི་ལུང་ནང་བཞིན་ཨུ་ཚུགས་གིས་མི་དམངས་ལ་དད་པ་བྱེད་རུ་བཅུག་ཐོག། རྩོམ་ཡིག་འབྲི་མཁན་ཚང་མས་ཡིག་སྐད་རྐྱང་རྐྱང་བེད་སྤྱོད་བྱེད་ཀྱིན་ཡོད་པ་རེད། མདོར་བསྡུས་ན་སྐབས་དེའི་དབང་སྒྱུར་གྲལ་རིམ་དང། དེའི་ལག་རོགས་རྣམས་གྱི་རྩོམ་ཡིག་དང། སློབ་གསོའི་སྐབས་ནང་དོན་དང་རྣམ་པ་གཉིས་ཀ་ཡན་ལག་བརྒྱད་ལྡན་གྱི་རྩོམ་ཚུལ་དང། ལུང་འཛིན་རིང་ལུགས་རང་རེད”ཅེས་བཤད་ཡོད་པ་བཞིན།འདོར་ན་མོའི་ཙེ་ཏུང་དང་དོན་གྲུབ་རྒྱལ་གཉིས་ཀ་སྔོན་གྱི་མཁས་བ་དག་གིས་བྲིས་བའི་རྩོམ་ལ་ངོ་རྒོལ་དང། རྩོམ་རིགས་གསར་གཏོད་བྱེད་དགོས་ཟེར་མཁན་གཉིས་རེད། 
     དོན་གྲུབ་རྒྱལ་གྱི་གསར་བརྗེ། 
     རིག་གནས་གསར་བརྗེ་ཆེན་མོ་ནི་༡༩༧༧ལོ་ལ་འཇུག་རྫོགས། ཀྲུང་དབྱང་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཐོག།བཅོས་སྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་བཏོན། དོན་དགུ་ལོ་ལ།ཕལ་ཆེན་ལོ་ཉི་ཤུ་ཙམ་ལ་བཀག་སྡོམ་བྱས་པའི་དགོན་པའི་ཆོས་སྒོ་ཕྱེ། གྲྭ་བ་འགའ་རེ་ཡང་དགོན་པ་ཡོང་ཐུབ་པར་གྱུར། མི་རྣམས་ཀྱིས་ཁ་ཏོན་སོགས་བྱས་པའི་མགོ་བརྩམས། ཁྱད་པར་ཏུ་ལྷག་ལུས་སུ་གྱུར་པའི་མཁས་བ་མདོ་སྨད་དུ་ཚེ་ཏན་ཞབས་དྲུང་དང། དམུ་དགེ་བསམ་གཏན། ཁམས་ཕྱོགས་སུ་མཁན་པོ་འཇིགས་མེད་ཕུན་ཚོགས། དབུས་སུ་དུང་དཀར་བློ་བཟང་འཕྲིན་ལས་སོགས་ཀྱི་སྔོན་སྲོལ་ཇི་ཡོད་རྒྱུན་འཛིན་གྱིས་བོད་ཀྱི་རིག་གནས་སློབ་པའི་མགོ་ཚུགས། མི་རིགས་དཔེ་སྐྲུན་ཁང་སོགས་ནས། མི་ལ་རས་བ་དང། གེ་སར་སྒྲུང་སོགས་བསྐྱར་ཏུ་པར་སྐྲུན་བྱེད་པའི་མགོ་ཚུགས། མི་རྣམས་མྱ་ངན་ཐང་ཏུ་ཆུ་རྙེད་པ་ལྟར། སྔོན་སྲོལ་ཇི་ཡོད་ཤུལ་ཏུ་ལུས་བ་རྣམས། རྒྱུན་སྐྱོང་བྱས་པའི་མགོ་བརྩམས་། དཔེར་ན་ལོ་རབས་བརྒྱད་ཅུའི་དུས་མགོ་ཙམ་ལ། ཨ་མས་ཁུར་ཏེ། བག་མ་ལེན་པའི་སྟོན་མོ་ཞིག་ལ་སོང་བ་དྲན་ཞིང། ཐོག་མར་བོད་གླུ་བླངས་ཆོག་པའི་ཆོག་མཆན་ཐོབ་པས། མི་རྒན་པ་རྣམས་མིག་ཆུ་ཤལ་ལེར་ངུ་བཞིན་པ་ད་དུང་ཡང་དྲན་གིན་འདུག། དེའི་སྐབས་ཀྱི་སྤྲོ་སྣང་དང། མ་འོངས་བའི་རེ་བ། ཡ་རབས་ཀྱི་སྤྱོད་བཟང་རྣམས་དངོས་གནས་ཧ་ལས་བ་ལྟ་བུ་ཡོད་པ་རེད། དེ་ལྟ་བུ་གནམ་ས་བསྒྱུར་བ་ལྟ་བུ་དུས་འགྱུར་ཁྲོད། བོད་མི་མང་གི་རང་གི་སྔོན་སྲོལ་གྱི་སྲོག་རྩ་རྙེད། བརླག་སོང་བ་རྣམས་རྒྱ་ཆེན་པོའི་ངང་མྱུར་སྐྱོབ་བྱེད་པའི་དུས་སྐབས་ཤིག་བྱུང་བ་རེད།སྲིད་ཇུས་གུ་ཡངས་བ་དང། བོད་ཀྱི་ཤེས་རིག་སོགས་མཚོན་པའི་སྔོན་སྲོལ་རྣམས་རྒྱུན་སྐྱོང་དང་དར་སྤེལ་སྐབས་སུ། དོན་གྲུབ་རྒྱལ་སོགས་ཀྱིས་བོད་ཀྱི་རྙིང་བཞི་ལ་ངོ་རྒོལ་དང། ཟུར་ཟ། མཐོང་ཆུང། དོགས་འདྲི་སོགས་བྱས་པའི་མགོ་བརྩམས། དུས་སྐབས་འདི་ལ་དོན་གྲུབ་རྒྱལ་དང། བོད་ཀྱི་དེང་རབས་རྩོམ་རིགས་བྱུང་བ་ནི་དེའི་སྐབས་ཀྱི་ཆབ་སྲིད་དང། ལོ་རྒྱུས་དང་དེ་བཞིན་གསར་བརྗེ་བ་དག་གི་སེམས་ཁམས་ལ་རག་ལས་ཡོད་པ་དང། ཡང་དུས་རབས་གཞན་ཞིག་མགོ་བརྩམས་པ་དེ་ཡང་གསལ་བོ་མཚོན་ཡོད། འདི་ལ་མང་པོ་ཞིག་བཤད་རྒྱུ་འདུག་མོད། མདོར་བསྡུས་ན་འདི་འདྲ་ཞིག་ཡིན་པར་འདོད། དེ་ནི་བཅོས་སྒྱུར་སྒོ་འབྱེད་དང། ཁྱད་པར་བོད་ཀྱི་གནའ་རབས་ཀྱི་སློབ་གསོ་དང།ཤེས་རིག་སོགས་བསྐྱར་གསོ་བྱས་པ་དེ་ལ་དོགས་མ་བདེ་བ་དང། ཁོང་ཚོའི་སེམས་ཁོངས་ཀྱི་གསར་བརྗེའི་ལྟ་བ་དེ་ལ་ཕོག་ཐུག་བཏང་བ་དེ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་མ་ཟད། དེང་རབས་བོད་ཀྱི་རྩོམ་རིགས་ཟེར་བ་འདི་བོད་ཀྱི་སྔོན་གྱི་དགེ་བའི་བཤེས་གཉེན་དང། མཁས་བ་དག་ལ་་མི་མང་གིས་མཐོང་ཆེན་དང། བརྩི་བཀུར་བྱས་བ་དང། དེ་བཞིན་སྔོན་གྱི་སྙང་ངག་སོགས་ལ་སེམས་ཀྱི་མ་བཟོད་པར་ཆེད་དུ་སྤེལ་བའི་རིག་གསར་གྱི་རྩོམ་རིགས་ཤིག་ཡིན་པར་བསམ། དོན་གྲུབ་རྒྱལ་གྱིས་སྲིད་གཞུང་གིས་ཆེད་དུ་བཏོན་པའི་བོད་ཡིག་གི་ཚགས་པར་དང།རྒྱང་བསྒྲགས།དུས་དེབ་སོགས་ཀྱི་སྟེང་དུ་རྩོམ་རིགས་གསར་བ་ཡིན་ཁུལ་གྱིས་རྩོམ་མང་པོ་བྲིས། ཁོང་གིས་རྩོམ་གྱི་ངོ་བོ་དང། ལྟ་བའི་ཕུགས་ནི་སྔོན་གྱི་བོད་མི་རྣམས་ནི་མི་རྣམས་ཆེས་ཀླ་ཀློ་དང། གདུག་རྩུབ། ཆེས་རྨོངས་དད་ཅན་གྱི་མི་རིགས་ཤིག་ཡིན་པ་དང། རྣམ་པ་དེ་ལས་ཐར་དགོས་ན། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་བ་ཞིག་དང། དེ་འཛུགས་སྐྲུན་བྱེད་པ་ལ་སྔོན་གྱི་རིག་གནས་རྒྱུན་འཛིན་བྱེད་འདོད་པའི་ལྟ་བ་ལ་རྙིང་ཞེན་དང། རྙིང་ཞེན་གྱི་བསམ་བློ། དེ་དག་ཐམས་ཅད་མཐའ་གཅིག་ཏུ་ཡལ་བར་དོར་ནས།
སྤྱི་ཚོགས་རིང་ལུགས་དང་མཐུན་པའི་བོད་ཀྱི་རྩོམ་རིགས་ཤིག་འབྲི་རྒྱུའི་དེ་ཡིན་པ་དང། གོང་བཤད་བཞིན། ་“བཅིངས་འགྲོལ་བྱས་ནས་ལོ་ངོ་སུམ་ཅུ་ལྷག་འགོར་ཡང་། འདི་ཙམ་གྱི་ལྟ་བ་ལ་ངོ་རྒོལ་བྱ་མ་ཐུབ་པ་ནི་ང་ཚོ་གཞོན་ནུ་རྣམས་ཀྱི་ངོ་ཚ་ཞིག་ཡིན་པ་མ་ཟད།ང་ཚོའི་མི་རབས་འདིའི་ངོ་ཚ་ཞིག་ཀྱང་རེད”ཅེས་སྙམ་པའི་གསར་བརྗེའི་ལྟ་བ་ཤུགས་དྲག་སྐྱེས་ཡོད་པ་རེད། 
                  ལང་ཚོའི་རྦབ་ཆུ།
     མི་རྣམས་ཀྱིས་དོན་གྲུབ་རྒྱལ་གྱིས་༡༩༨༣ལོའི་སྤྲང་ཆར་དེབ་གསུམ་པའི་སྟེང་བཀོད་པའི་ལང་ཚོ་རྦབ་ཆུ་གླེང་དུས། སྤོབས་པ་ཆེན་པོ་དང།འཛེམ་དོགས་ཅི་ཡང་མེད་པར “བོད་ཀྱི་སྙན་ངག་གསར་པ”དང་ “གསར་གཏོད”་དང། ༼བདུད་ལྷ་རྒྱལ། ཚེ་གྲུབ་༽སོགས་ཀྱིས་ཚིག་བཀོད་ནས། ལང་ཚོ་རྦབ་ཆུ་འདིའི་ཚིག་གི་གཅོད་སྟངས་དང། ངག་གི་འགྱུར་བ་སོགས་སྔོན་གྱི་བོད་ཀྱི་རྩོམ་སྲོལ་དང་མི་འདྲ་བར། དུས་རབས་གསར་པའི་སྙན་རྩོམ་ཞིག་གོ་ཞེས་འུད་སྒྲོག་ཆེན་པོ་བྱེད་ཀྱིན་འདུག་པ་མ་ཟད།རྩོམ་དེ་སྤྲང་ཆར་སོགས་སུ་བཀོད་མ་ཐག་ཏུ་མཚོ་སྔོན་རྒྱང་བསྒྲགས་ལས་ཁུངས་ཀྱིས་རྩོམ་དེ་དབྱངས་སུ་ཕབ་ནས་གྱེར་འདོན་བྱས་པ་དང། ལོ་རབས་བརྒྱད་དང་དགུ་བཅུའི་མགོ་སྟོད་དུ་རྒྱང་བསྒྲགས་ལས་ཁུངས་སུ་ཐེངས་མང་པོ་རྒྱང་བསྒྲགས་བྱས་ཏེ། ཕལ་ཆེར་ཨམ་སྐད་ཤོད་ཤེས་བ་ཞིག་ཡིན་ན།མ་གོ་བ་མེད་པ་ལྟ་བུ་ཞིག་ཆགས་བསྡད་ཡོད། དེ་བཞིན་ལང་ཚོའི་རྦབ་ཆུའི་དེའི་རྗེས་སུ་བདུད་ལྷ་རྒྱལ་གྱིས་སྐད་ཆ་དྲངས་ནས་བཤད་ན། “བོད་ཀྱི་སྙན་ངག་གསར་བའང་རབ་དང་རིམ་པར་བྱུང”། ལང་ཚོ་རྦབ་ཆུ་དང་ལད་ཟློས་བྱས་ཏེ་ “རང་མོས་སྙན་ངག”་ཅེས་མིང་བཏགས་པའི་སྙན་ངག་མང་པོ་ཐོན།རྗེས་སུ་བོད་ཡིག་འབྲི་ཀློག་ཙམ་ཡང་ཤེས་མི་ཤེས་བ་ཐམས་ཅད་ཀྱིས་རང་མོས་སྙན་ངག་ཟེར་བ་བྲིས་ནས། སྐབས་རེ་ཉལ་ཁང་དང། སློབ་གྲྭའི་རྭ་བ་དག་ན་ཨེ་མ་དང།ཀྱེ་མ་ཞེས་སྐད་ཆེན་པོ་སྒྲོག་བཞིན་ཡོད་པ། ཕྲན་༡༩༩༣ལོའི་དཔྱིད་ཀར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་པོ་རུ་སྡོད་སྐབས་སུ་ཐོས་མྱོང། སྤྱིར་བཏང་ཁོ་ཚོས་རང་གིས་བོད་ཀྱི་སྙན་ངག་དེ་ལ་གོ་རྒྱུ་ཅི་ཡང་མི་འདུག་ཟེར་བཞིན། རང་མོས་སྙན་ངག་ཟེར་བ་གཞན་གྱིས་གོ་རྒྱུ་མེད་པ་ཉིན་འགའ་ཤས་འགོར་རྗེས་རང་གིས་ཀྱང་གོ་རྒྱུ་མེད་པ་མང་པོ་བརྩམས་ཏེ། དུས་དེབ་སོགས་ཀྱི་སྟེང་ལའང་རང་མོས་སྙན་ངག་ཟེར་པ་མང་པོ་སྤེལ་ནས། བྱ་དགའ་སོགས་ཡང་སྤྲོད་བཞིན་འདུག།ལང་ཚོ་རྦབ་ཆུ་འདི་བོད་ཡིག་ཙམ་གྱི་མི་ཚད། རྗེས་སུ་དབྱིན་ཇི་དང། རྒྱ་ཡིག་དང། ཕ་རན་སིའི་སྐད་དུའང་བསྒྱུར་ཏེ། དོགས་གཞི་སོགས་ཅུང་ཙམ་ཡང་མེད་པར་དེང་རབས་བོད་ཀྱི་སྙན་ངག་ཞེས་བའི་ཆོ་ལོའང་སྟེར་བཞིན་འདུག།མི་མང་བོས་“ལང་ཚོའི་རྦབ་ཆུ་”་དེང་རབས་ཀྱི་སྙན་ངག་གསར་བ་ཞིག་གི་མགོ་རྩོམ་པར་བཤད་མོད། དོན་གྱི་འདི་ནི་བོད་ཀྱི་དེང་རབས་ཀྱི་སྙན་ངག་གསར་བ་སོགས་ཅི་ཡང་མ་ཡིན་པར། རྒྱ་ནག་གི་རྒྱུན་སྲོལ་གྱི་སྙན་ངག་གི་ཉམས་འདོན་ཚུལ་དེ་བོད་ཡིག་ཏུ་བྲིས་བ་ཙམ་ཞིག་རེད།རྒྱ་ནག་གི་ལོ་རྒྱུས་སུ་རྦབ་ཆུ་ནི་ཁྱད་དུ་འཕགས་པའི་སྙན་ངག་གི་ཉམས་མཚོན་བྱེད་ཞིག་ཏུ་གྱུར་ཡོད།དཔེར་ན་རྒྱ་ནག་གི་ཐང་རྒྱལ་རབས་ཀྱི་རྩོམ་པ་པོ།ལི་པེ་༼དོན་གྲུབ་རྒྱལ་གྱིས་ཆང་མཐུང་ནས་སྙན་ངག་འབྲི་བའང་ཁོ་ལ་ལབ་བརྡོལ་བྱས་པ་རེད་ཟེར༽སོགས་དང། གསར་བརྗེ་བ་མོའི་ཙེ་ཏུང་སོགས་ཀྱིས་ཀྱང་རྦབ་ཆུ་དཔེ་རུ་བཞག་ནས་སྙན་ངག་གི་རྩོམ་མང་པོ་བྲིས་མྱོང་ཡོད་པ་དང་། ཡིན་ནའང་བོད་ཀྱི་མཁས་བ་དག་གིས་རྦབ་ཆུའི་ཟེར་བ་དེའི་མཛེས་སྡུག་དང།དམིགས་གསལ་ཅི་ཡང་བརྩིས་མེད། རྒྱུ་མཚན་ནི་རིག་གནས་མི་འདྲ་བ་སྣ་ཚོགས་ལ་མཛེས་སྡུག་དང་ཉམས་མི་འདྲ་བ་སྣ་ཚོགས་བཏོད་ཚུལ་ཡོད་པ་དེ་མཚོན་བཞིན་ཡོད་པ་རེད། དཔེར་ན།བོད་ཀྱི་མཁས་པ་དག་དང། ཐ་ན་ཡི་གེ་མི་ཤེས་བའི་ཨ་མ་རྒན་མོ་དག་ལའང། རི་བོ་འབིགས་བྱེད་བཞིན་དུ་བརྗིད་པའི་སྐུ་དང། ཆུ་བོ་གངྒ་བཞིན་དུ་དག་ཅིང་གསལ་སོགས་ཟེར་དུས། ཁོ་ཚོས་སེམས་སུ་མི་ཟད་པའི་སེམས་ཀྱི་རྒྱུ་བ་དྲག་པོ་ཞིག་ཁྱབ་ཡོང་གིན་ཡོད་ཅིང།དེ་ནི་ལོ་སྟོང་ཕྲག་གཅིག་ཙམ་ལ་སྤྲད་པའི་རིག་གནས་དང། ལོ་རྒྱུས། སེམས་ཀྱི་འཁྱེར་སྟངས་སོགས་ལ་བརྟེན་ནས་མཛེས་བའི་ཉམས་དེ་ཡོང་གིན་ཡོད་པ་རེད། ཡིན་ནའང་དོན་གྲུབ་རྒྱལ་གྱི་སྔོན་དུ་རྦབ་ཆུ་ལ་ཁོ་ལྟར་སློབ་གྲྭ་སོང་བ་དང།རྒྱ་ཡིག་ཤེས་བའི་བོད་མི་འགའ་ལ་མ་གཏོགས་སེམས་ཀྱི་ཚོར་བ་ཅི་ཡང་སྟེར་ཐུབ་མི་འདུག་པས། ལང་ཚོ་རྦབ་ཆུ་ནི་རིག་གནས་བཙན་འགེབས་རིང་ལུགས་ཀྱི་ཉམས་གཏོད་ཚུལ་ཞིག་རེད། དེ་བཞིན་རྩོམ་ཚུལ་གྱི་ཐད་ནས་བལྟས་ན་ཡང་། ལང་ཚོའི་རྦབ་ཆུ་ཟེར་བའི་སྙན་རྩོམ་འདིའི་ཁ་ཅིག་གིས་རང་མོས་སམ་རང་དབང་གི་སྙན་ངག་སོགས་ཟེར་ཅིང། ཁ་ཅིག་གིས་རྩོམ་ཚུལ་འདི་ནི་སྔོན་ནས་བོད་དུ་ཡོད་པ་ཞིག་དང།ཁ་ཅིག་གིས་དོན་གྲུབ་རྒྱལ་གྱིས་གསར་ཏུ་བརྩམས་པ་རེད་ཅེས་མང་པོ་བཤད་ཚུལ་ཡོད་མོད། སྔོན་དུ་ཡོད་མེད་དེ་ཚོ་ཕར་བཞག་ནས། གླེང་བར་བྱ་བ་ནི། དོན་གྲུབ་རྒྱལ་གྱི་ལང་ཚོའི་རྦབ་ཆུ་ནི། དོན་གྲུབ་རྒྱལ་གྱིས་གསར་གཏོད་དང།གསར་བ་བརྩམས་པ་སོགས་ཅི་ཡང་མ་ཡིན་པར། རྒྱ་ནག་གི་རང་མོས་སྙན་ངག་ལས་ཐད་ཀར་ལབ་བརྡོལ་བྱས་པ་ཞིག་དང། ཁྱད་པར་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་པའི་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་གྱི་སྙན་ངག་ཟེར་བ། རྒྱ་ནག་གི་མཁས་བ་མང་པོ་ཞིག་གིས་ཀྲུའུ་ཨེར་ལེན་ལ་སོགས་ལ་མྱ་ངན་དྲན་གསོ་ཆེད་དུ་བྲིས་བའི་སྙན་རྩོམ་ཁ་ཤས་ཀྱི་ཚིག་བརྗེས་ཏེ་བོད་ཡིག་ཏུ་བྲིས་བ་དེ་རང་བསམ་པས། གསར་རྩོམ་ཟེར་བ་ཞིག་རྩ་བ་ཉིད་ནས་མ་རེད་བསམ་བྱུང།༼སྤྱིར་རང་མོས་སྙན་ངག་ཟེར་དང་འདིའི་སྐོར་ཞིབ་ཕྲ་རྗེས་སུ་ཞིབ་དཔྱོད་བྱ་འཐུས༽དོན་གཉེར་ཅན་དག་གིས་རྩོམ་གཤིས་འདི་ལ་་ཞིབ་དཔྱོད་མཛོད་ཅེས་ཡང་ཞུ་རྒྱུ་ཡིན། 
       སད་ཀྱིས་བཅོམ་པའི་མེ་ཏོག།
འདི་ནི་དོན་གྲུབ་རྒྱལ་གྱི་སྒྲུང་རྩོམ་གྲགས་ཅན་ཞིག་ཡིན་པ་དང། དཔེར་ན། མཚོ་སྔོན་གྱི་དུས་དེབ་སྤྲང་ཆར་ལས་བྱ་དགའ་ཨང་དང་པོ་ཐོབ་པའི་སྒྲུང་རྩོམ་ཞིག་རེད། མི་མང་པོས་ཀྱང་སྒྲུང་རྩོམ་འདི་ནི།བོད་ཀྱི་དེང་རབས་ཀྱི་ཁྱད་ཏུ་འཕགས་པའི་སྒྲུང་རྩོམ་ཡིན་ཞེས་ཆོ་ལོ་སྟེར་དང་སྟེར་བཞིན་ཡོད། ཡིན་ནའང་ཞིབ་ཏུ་བལྟས་ན། རྩོམ་འདི་ཡང་དུས་སྐབས་དེ་ལ། ས་ཁུལ་འདིར་དར་ཁྱབ་འགྲོ་བཞིན་པའི་གསར་བརྗེའི་རྩོམ་སྒྲུང་ཞིག་ཡིན་པ་ལས། བོད་ཀྱི་རྩོམ་གཤིས་དང་གསར་བ་གཏོད་པ་ཅི་ཡང་མེད་པར་བསམ། བརྗོད་བྱ་གཙོ་བོ་ནི།སྲོལ་རྒྱུན་དང་དེང་རབས་༼དོན་གྱི་སྤྱི་ཚོགས་རིང་ལུགས༽ཚན་རིག་༼དོན་གྱིས་རྙིང་གཏོར་གྱི་ལྟ་བ་༽དང་ཆོས་ལུགས་བར་གྱི་འགལ་ཟླ་སོགས་ཡིན་པ་དང། ཤུགས་ཀྱིས་རྒྱ་ནག་གི་ཕོ་མོ་བར་གྱི་འབྲེལ་བའི་གོམས་གཤིས་སྟེ། བུད་མེད་ལ་ཐོག་དང་པོར་མཁྲིག་པ་སྤྱོད་མཁན་སུ་ཡིན་པ་ལས་འཕྲོས་ཏེ་བྱུང་བའི་ཟློས་གར་ཅིག་རེད། རྒྱ་ནག་གི་ལུགས་སྲོལ་སྟེ། བུད་མེད་རྣམས་ཀྱིས་ཐོག་མར་འཁྲིག་པ་རང་གི་ཁྱོ་ཀས་སྤྱོད་དགོས་བ་དང། དེ་ནི་བུད་མེད་རྣམས་ཀྱི་རང་གཤིས་ཐམས་ཅད་ཐག་གཅོད་པའི་སྤྱོད་བཟང་དང། ཡ་རབས་སོགས་ཀྱིས་མཚོན་བཞིན་ཡོད་པ་རེད། ཡིན་ནའང་བོད་དུ། འདི་ལྟ་བུའི་ཡུལ་སྲོལ་མི་འདུག་པ་མ་ཟད། བོད་ཀྱི་ཆོས་དང། རིག་གནས་ཀྱི་སྟེང་ནས་ཕོ་མོ་སྐྱ་བོ་དག་གི་འཁྲིག་པ་སྤྱོད་སྟངས་ཀྱི་སྐོར་ནས་དགག་བྱ་དང། སྤྱོད་ལམ་སྟོན་པ་ཕལ་ཆེར་མེད་མ་ཟད། རྒྱའི་ལུགས་སྲོལ་ལྟར་མེ་ཏོག་ལེན་པ་འདི་ཡང་གལ་ཆེན་པོ་ཞིག་བརྩིས་བཞིན་མེད། དེ་བས་དོན་གྲུབ་རྒྱལ་གྱི་སད་ཀྱི་བཅོམ་པའི་མེ་ཏོག་ནི་རྒྱ་ནག་གི་ལུགས་སྲོལ་མཚོན་པའི་རྩོམ་ཞིག་ལས་བོད་ལ་འབྲེལ་བ་ཅི་ཡང་མེད་པ་མ་ཟད།རྒྱའི་ཡུལ་སྲོལ་དེ་བོད་ཀྱི་སྟེང་ལ་བཙན་འགེལ་དང་ཤུགས་ཀྱིས་བོད་ཀྱི་གོམས་སྲོལ་ལ་ཁྱད་གསོད་དང། རྒྱའི་གོམས་སྲོལ་ལ་བཟང་བསྟོད་བྱས་ཡོད་པ་དེ་རེད། 
         རྐང་ལམ་ཕྲ་མོ།
    རྐང་ལམ་ཕྲ་མོ་ཟེར་པའི་སྒྲུང་རྩོམ་འདི་ནི། དོན་གྱིས་རིག་གནས་མགོ་འདོགས་རིང་ལུགས་དང། རང་མཐོང་མེད་པའི་རྩོམ་ཞིག་རེད། སྒྲུང་རྩོམ་འདིའི་བརྗོད་བྱ་གཙོ་བོ་ནི། བོད་ཀྱི་སྡེ་བ་ཞིག་ཏུ་རྐང་ལམ་ཕྲ་མོ་ཞིག་ཡོད་ཅིང། རྐང་ལམ་དེ་ནི་ལམ་ཕྲ་ཞིང། ཀྱ་ཀྱོག་མང་པ། འགྲོ་མི་བདེ་བ་སོགས་ཀྱིས་ཁྱད་ཆོས་མང་ནའང། སྡེ་བ་དེའི་མི་རྣམས་ད་དུང་རྐང་ལམ་དེ་ལ་ཐུན་མོང་མ་ཡིན་པའི་དུང་ཞེན་དང་།དགའ་སྣང་ཡོད་པ་དང་།དེང་དུས་ལྕགས་ལམ་དང་།རྒྱ་ལམ་སོགས་ཞེང་ཆེ་ཞིང་བརྗིད་ཆགས་མང་པོ་ཡོད་ནའང་།སྡེ་མི་རྣམས་ད་དུང་རྐང་ལམ་ཕྲ་མོ་དེ་ལ་འགྲོ་བཞིན་ཡོད་ཅེས་བའི་བརྗོད་བྱ་གཙོ་བོ་བཟུང་བཤད་ཡོད། དོན་གྲུབ་རྒྱལ་གྱིས་རྗེས་སུ་ཞུགས་པ་དག་གིས་བཤད་པ་ལྟར་ན། སྒྲུང་རྩོམ་བརྗོད་བྱ་གཙོ་བོ་བོད་ཀྱི་ཤེས་རིག་དང་དེང་རབས་ཅན་གཉིས་ཀྱི་འགལ་འབྲེལ་དང། རྐང་ལམ་ཕྲ་མོ་བོད་ཀྱི་རིག་གཞུང་དང། གོམས་སྲོལ་ཡིན་པ་དང། གཞུང་ལམ་སོགས་ནི་དེང་རབས་ཅན་ཡིན་ཟེར། དེ་ལྟར་ན། སྒྲུང་རྩོམ་འདི་ནི་རིག་གནས་མགོ་འདོགས་རིང་ལུགས་ཀྱི་སྒྲུང་རྩོམ་ཞིག་རེད། སྤྱིར་བཏང་བོད་ཀྱི་ཤེས་རིག་ཐམས་ཅད་རྐང་ལམ་ཕྲ་མོ་ཞིག་ལ་སྦྱར་བ་ནི། རང་མཐོང་མེད་པ་དང། རྨོངས་བཤད་ཅིག་རེད། རྒྱུ་མཚན་ཅི་རེད་ཟེར་ན། དོན་གྲུབ་རྒྱལ་གྱིས་བོད་ཀྱི་ཤེས་རིག་ལ་སྦྱངས་བ་འབུར་ཏུ་ཐོན་པ་ཞིག་མ་བྱས། ཡོན་ཏན་དང་དེའི་ཁྱད་ཆོས་མ་རྟོགས། ལོ་རབས་བརྒྱད་ཅུ་བའི་དུས་སྐབས་སུ་བོད་ཀྱི་ཤེས་རིག་རྣལ་མ་མཚོན་པའི་དཔེ་དེབ་ཆེས་ཉུང་ཤས་ཞིག་མ་གཏོགས་མེད་ཅིང། དེ་དག་ལ་སྦྱངས་བ་མ་བྱས་པར། འདི་ལྟར་བོད་ཀྱི་ཤེས་རིག་ཐམས་ཅད་རྐང་ལམ་ཕྲ་མོ་ཞིག་ཏུ་སྦྱར་བ་ནི། ཤར་ནུབ་གང་གི་མཁས་བའི་ལུགས་དང་མི་མཐུན་ཞིང།དེ་ལྟ་བའི་སྡོམ་ཚིག་རྒྱབ་པ་དེ་ཡང་གསར་བརྗེའི་རང་གཤིས་ལས་གཞན་ཅི་ཡང་མེད། དེ་བས་སྒྲུང་རྩོམ་འདི་ནི་དོན་དངོས་ཁས་མི་ལེན་པའི་གསར་བརྗེ་བ་ཞིག་གི་རང་གཤིས་མཚོན་པའི་སྒྲུང་རྩོམ་ཞིག་མིན་ན། རང་གི་རིག་གནས་ནི་ཕྲ་མོ་དང། གུ་དོགས་པོ། ཀྱག་ཀྱོག་མང་པོ་ཞིག་ཏུ་སྦྱར་པ་དང། དེང་རབས་ཅན་གྱི་ལྕགས་ལམ་དང་རྒྱ་ལམ་སོགས་ཡོད་པའི་སྐབས་སུ་མཁོ་བ་ཞིག་རེད་དམ་ཅེས་དྲི་ཚིག་བསླངས་མཁན་གྱི་རིག་གནས་མགོ་འདོགས་རིང་ལུགས་ཀྱི་སྒྲུང་རྩོམ་ཤིག་རེད།
                  སྤྲུལ་སྐུ། 
      དོན་གྲུབ་རྒྱལ་གྱིས་བརྩམས་པའི་སྒྲུང་རྩོམ་འདིས་ཁྱད་པར་ཏུ་དོན་གྲུབ་རྒྱལ་གྱིས་རྙིང་འདོར་གྱི་གསར་བརྗེའི་སེམས་ཀྱི་འཁྱེར་སྟངས་དེ་མཚོན་ཡོད། བོད་ཀྱི་དད་སེམས་ཅན་རྣམས་ལ་ཕོག་ཐུག་ཚད་མེད་བཟོས། གོང་གི་ལོ་རྒྱུས་མདོར་བསྡུས་སུ་བཀོད་ཡོད་པ་བཞིན།ང་བརྒྱད་ལོ་ནས་ཆོས་སྒོ་བརྒྱབ་པ་དང། དྲུག་ཅུའི་རེ་གཉིས་ལ་ཅུང་ཙམ་ཕྱེས། དེ་ནས་དོན་གྲུབ་རྒྱལ་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་འགྲིམས་པའི་ལོ་དེར། རིག་གནས་གསར་བརྗེའི་མགོ་བརྩམས་ནས། དེང་སྐབས་སུ་ཡོངས་གྲགས་སུ་ཡོད་པའི་“ལོ་བཅུའི་གོད་ཆག”ཟེར་བ་དེ་རེད། དོན་དགུ་ཙམ་ནས་”བཅོས་སྒྱུར་སྒོ་འབྱེད་”སྲིད་བྱུས་མགོ་བརྩམས། ལོ་ཕལ་ཆེར་ལོ་ཉི་ཤུ་ཙམ་ལ་ཆོས་སྒྲ་མ་ཐོས་བའི་མི་རྣམས་ཀྱི་ཆོས་སྒྲ་ཐོས་བར་གྱུར། གྲལ་རིམ་འཐའ་རྩོད་སོགས་ཀྱང་རིམ་པར་བརྗེད་པར་གྱུར་ཏེ། ཕྱུགས་ཟོག་དང་ས་ཞིང་སྒེར་ལས་ཅན་དུ་བསྒྱུར།མི་རྣམས་ཀྱིས་ཀྱང་སྔོན་གྱིས་སྤྱོད་བཟང་སྟེ། མི་ལ་བརྩི་བཀུར་དང། ཡིད་ཆེས་བྱས་པའི་མགོ་བརྩམས། དེ་བཞིན་དད་ལྡན་རྣམས་ཀྱིས་ཀྱང་མ་བསྐུལ་རང་མོས་ཀྱིས་སྔོན་གྱི་བླ་མ་དང། དཔོན་པོ།མཁས་བ།
     མི་ཤ་ཞེན་ཅན་སོགས་ལ་བརྩི་བཀུར་དང་བློ་འདྲི་བྱེད་སའི་མགོ་བརྩམས། གྲལ་རིམ་ལ་བརྟེན་ནས་མིའི་ཐོང་ཐང་དབྱེ་འབྱེད་བྱེད་པ་དེ་ཡང་རིམ་གྱིས་རྨེག་མེད་གྱུར། དེ་འདྲའི་སྐབས་ཤིག་ལ།དོན་གྲུབ་རྒྱལ་གྱིས་“སྤྲུལ་སྐུ”་བརྩམས་ཏེ་།ཕྱོགས་ཀུན་དུ་བཀྲམས།དགུ་རོང་སྤུན་གྲོལ་ལགས་ཀྱིས་ “སྤྲུལ་སྐུ་ལས་མཐོང་བའི་དོན་གྲུབ་རྒྱལ་གྱི་ནང་སེམས་ཀྱི་འཇིག་རྟེན”ལས་བཀོད་པ་ལྟར་ན། དོན་གྲུབ་རྒྱལ་གྱིས་སྤྲུལ་སྐུ་ཟེར་བ་སྔ་ཕྱི་ཐེངས་མང་བཅོས་ནས། ཐོག་མར་“མཚོ་སྔོན་སློབ་གསོ་”ཡི་དུས་དེབ་ཐོག་བསྐུར་པ་དང།དེའི་སྟེང་མ་བཀོད་ཅིང། ༡༩༨༡ལོའི་”སྤྲང་ཆར”སྤེལ་ཐེངས་གསུམ་པའི་ཐོག་བཀོད་པར་བཤད། མཁས་དབང་ཚེ་ཏན་ཞབས་དྲུང་རིན་པོ་ཆེ་སོགས་ཀྱིས་བསྟན་པ་ཡང་དར་ཏུ་འབོད་པའི་བསྟན་པ་ཤིན་ཏུ་ཉག་ཕྲ་བ་དེ་འདྲའི་དུས་སྐབས་སུ།དོན་གྲུབ་རྒྱལ་གྱིས་རྩལ་ཆེན་པོ་བཏོན་ནས།འདི་ལྟ་བུ་སྒྲུང་རྩོམ་ཞིག་སྤེལ་དགོས་བའི་རྒྱུ་མཚན་ག་རེ་ཡིན་ནམ། དུས་སྐབས་དེ་ལ་དངོས་གནས་དོན་གྲུབ་རྒྱལ་གྱིས་སྒྲུང་གཏམ་ནང་བཤད་པའི་སྤྲུལ་སྐུ་དེ་འདྲས་ས་སྟེང་བཀང་ནས་། བོད་སྤྱི་བའི་གནད་དོན་ཞིག་ཏུ་ཆགས་བསྡད་ཡོད་དམ་ཟེར་ན།གཅིག། བོད་ཁམས་ཡོངས་སུ་སྤྲུལ་སྐུ་རྫུན་མ་དང། ཡང་ན་མི་འགའ་ཤས་ཀྱིས་སྤྲུལ་སྐུ་ལ་ཁ་གཡར་ཏེ། གཞན་ལ་མགོ་སྐོར་གཏོང་བ་ཡོད་སྲིད་པ་རེད།ཡིན་ནའང་ཕྲན་གྱིས་མཐའ་གཅིག་དུ་བཤད་ཆོག་པ་གཅིག་ནི། དུས་སྐབས་དེར་སྤྲུལ་སྐུ་རྫུན་མ་ཕར་ཞོག། སྤྲུལ་སྐུ་དངོས་མ་རྣམས་ཀྱིས་ཀྱང་རང་ཉིད་སྤྲུལ་སྐུ་ཡིན་པའི་ཁས་ལེན་ཐུབ་གྱིས་མེད་ཅིང། དགོན་པ་མང་པོ་ཤིག་ད་དུང་བསྐྱར་གསོ་བྱས་མེད་པ་མ་ཟད།སྲིད་གཞུང་གིས་ཀྱང་སྤྲུལ་སྐུ་ཟེར་བ་ཞིག་ཡོད་པ་ཁས་ལེན་བཞིན་མེད་པ་དང། དེ་ལ་ཆོག་མཆན་ཀྱང་སྤྲོད་ཀིན་མེད། གཉིས།དེ་བས་དུས་སྐབས་དེ་ལ་དོན་གྲུབ་རྒྱལ་གྱིས་ཤིན་ཏུ་དམིགས་གསལ་ཞིག་ཆེན་པོ་ཞིག་ལ་བརྩིས་ཏེ་སྤྲུལ་སྐུ་བརྩམས་པ་ནི། ཁོའི་སེམས་ཀྱི་རྙིང་གཏོར་གྱི་ལྟ་བ་དང།གྲལ་རིམ་འཐབ་རྩོད་ཅིག་ལས་གཞན་ཅི་ཡང་མ་རེད། 
      བོད་ཀྱི་ལོ་རྒྱུས་དང། རཱ་མ་ཎའི་རྟོགས་བརྗོད།
     དོན་གྲུབ་རྒྱལ་གྱི་གསུང་འབུམ་ནང་དུ་རྙིང་འདོར་གྱི་ལྟ་བ་མཚོན་པའི་ལྟ་བ་དང། གསར་བརྗེའི་སྙན་ངག་དང་འབོད་ཚིག་གང་མང་ཡོད་པ་མ་ཟད།བོད་ཀྱི་ལོ་རྒྱུས་ལ་ཞིབ་དཔྱད་བྱེད་པའི་རྩོམ་འགའ་རེ་དང།ལྷག་པར་ཏུ་རཱ་མ་ཎའི་རྟོགས་བརྗོད་སོགས་མཚོན་པའི་རྒྱ་གར་གྱི་གནའ་བོའི་ཆེད་དུ་བྲིས་བའི་རྩོམ་ཁ་ཤས་ཀྱང་ཡོད།དེ་མིན་ཁོང་གིས་ཞང་ཞུང་ཆོས་དབང་གྲགས་པའི་མཛད་པའི་རཱ་མ་ཎའི་རྟོགས་བརྗོད་དཔེ་ཁྲིད་བྱས་པའི་སྒྲ་ཐག་ཀྱང་ཡོད།ཁ་ཅིག་གིས་འདི་ནི་དོན་གྲུབ་རྒྱལ་ནི་རྙིང་གཏོར་གྱི་གསར་བརྗེ་བ་ཞིག་མ་ཡིན་པར། བོད་ཀྱི་ཁོ་ཚོས་བཏགས་པའི་”སྲོལ་རྒྱུན་རིག་གནས་”དང། བོད་ཀྱི་ལོ་རྒྱུས་ལ་དགའ་མཁན་ཡིན་པ་སོགས་སྒྲུབ་བཞིན་ཡོད། ཧོབ་ཀྱིས་བལྟས་ཏེ། འདི་ལྟ་བུ་འཆར་སྣང་ཡོང་སྲིད། ཡིན་ནའང་ཞིབ་དུ་དཔྱད་དུས། དེ་ཡང་དུས་སྐབས་དེ་ལ་པེ་ཅིང་དུ་མ་ཧ་ཙི་ནའི་དག་གི་ཁྲོད་དུ་དར་པའི་ཤེས་རིག་ཅིག་བོད་དུ་དར་པ་ཡིན་པ་ལས་བོད་ཀྱི་ཤེས་རིག་ལ་དགའ་ནས་སྤེལ་བ་ཞིག་མ་ཡིན་པར་བསམ།རྒྱུ་མཚན་ཅི་ཡིན་ཟེར་ན། དུས་སྐབས་དེ་ལ་རྒྱ་ནག་ཏུ། རཱ་མ་ཎའི་རྟོགས་བརྗོད་དང། ཏུན་ཧུང་གི་གཏེར་ཡིག་སོགས་ལ་ཞིབ་དཔྱོད་དང། དོ་སྣང་བྱས་པའི་དུས་སྐབས་ཤིག་རེད། རྒྱ་ནག་གི་མཁས་བ་ཆེན་པོ་ཅིས་ཤང་ལེན་ (季羡林) ཟེར་བའི་མཁས་པ་འདིས་རིག་གནས་གསར་བརྗེའི་ཆེན་མོ་སྐབས་སུ་རཱ་མ་ཎའི་རྟོགས་བརྗོད་ཆེན་པོ་ཟེར་བ་ཞིག་རྒྱ་ནག་གི་སྐད་ཏུ་བསྒྱུར། ཕྱིས་སུ་རིག་གནས་གསར་བརྗེའི་སྐབས་སུ་རང་རྣམ་ཞིག་ཀྱང་བརྩམས། དོན་གྲུབ་རྒྱལ་པེ་ཅིང་སོགས་སུ་སློབ་གཉེར་བྱས་སྐབས་སུ། རྒྱའི་མཁས་བ་ཆེན་པོ་སྐད་གྲགས་ཆེན་པོ་ཡིན་ཞིང། ལྷག་པར་ཏུ་རཱ་མ་ཎའི་རྟོགས་བརྗོད་ཀྱི་སྐོར་ལ་་གྲགས་སྙན་ཆེན་པོ་ཡོད་པས། རྒྱ་ནག་གི་མི་མང་པོ་དོ་སྣང་ཆེན་པོ་བྱས་བཞིན་ཡོད། དེ་བས་དོན་གྲུབ་རྒྱལ་ཀྱང་རི་བོང་ཅལ་གྱིས་རྗེས་སུ་འབྲངས་ཏེ།རཱ་མ་ཎའི་རྟོགས་བརྗོད་སོགས་ལ་སློབ་གཉེར་དང། དོན་གཉེར་བྱས་པ་རེད་སྙམ་ཞིང། དོན་གྲུབ་རྒྱལ་གྱི་ཞང་ཞུང་ཆོས་དབང་གྲགས་པ་སོགས་ཀྱི་རཱ་མ་ཎའི་རྟོགས་བརྗོད་སོགས་རྩལ་དུ་བཏོན་པའང། རྒྱ་མཁས་བ་དེའི་གསུང་ལ་ཟུར་རྒྱན་ལྟ་བུ་ལས་ཁྲིད་པ་ལས། བོད་རང་གི་རིག་གནས་དུང་ནས་རཱ་མ་ཎའི་རྟོགས་བརྗོད་སོགས་ཁྲིད་པ་མ་རེད་བསམ་བྱུང། དེ་བཞིན་མགུར་གླུ་དང། ཁྱད་པར་ཏུན་ཧུང་གི་གཏེར་ཡིག་ལ་བྱས་པ་ཡང་དེ་དུས་པེ་ཅིང་དུ་ཡོད་པའི་རྒྱ་རིགས་ཀྱི་བོད་ཀྱི་མཁས་བ་དག་གི་ཁྲོད་དུ་ཞིབ་འཇུག་བྱ་རྒྱུའི་ཆེས་དགའ་བའི་བརྗོད་བྱར་གྱུར་ཡོད་པར་བརྟེན། དོན་གྲུབ་རྒྱལ་གྱིས་དེ་དག་གི་རྗེས་སུ་འབྲངས་ནས་ཞིབ་འཇུག་བྱས་པ་ཡིན་པ་ལས། རང་སྐྱ་ཐུབ་པའི་ངང་བོད་ཀྱི་ཤེས་རིག་ལ་དུང་བ་དང། དགའ་བ་བྱས་ནས་བྱུང་བ་ཞིག་མིན་པར་འདོད། ར་མ་ཎའི་རྟོགས་བརྗོད་ཡིན་ནའང་འདྲ། དེ་བཞིན་ཏུན་ཧོང་གཏེར་ཡིག་ཡིནའང་འདྲ། འདི་ཐམས་ཅད་དོན་གྱིས་སེར་མོའི་རིག་གནས༼ཁོ་ཚོས་དེ་ལྟར་འདོད༽དང། ལོ་རྒྱུས་ལ་ལྡོག་ཕྱོགས་སུ་ལངས་བ་ཞིག་དང།པེ་ཅིང་གི་མཁས་བ་དེའི་ཚོས་ལྟ་བ་དེ་དག་ཤུགས་དྲག་ཏུ་བོད་དུ་སྤེལ་བ་དེ་རེད། དོན་གྲུབ་རྒྱལ་པེ་ཅིང་དུ་ཡོད་དུས། རྒྱ་ནག་གི་ལོ་རྒྱུས་སྨྲ་བ་ཝང་ཡོ་དང་འབྲེལ་བ་ཆེན་པོ་ཡོད་པར་བཤད་ཅིང།སྐབས་རེ་ཁོའི་ནང་དུ་སོང་ནས་བསྡད་ཡོད་པ་མ་ཟད། ཝང་ཡོ་ཡིས་ཅི་གསུང་ཕལ་ཆེར་བླ་མའི་གསུང་བཞིན་བརྩི་བཞིན་ཡོད་པར་བཤད། ཝང་ཡོ་ནི་ཏུན་ཧུང་གི་གཏེར་ཡིག་སོགས་ལ་ཞིབ་འཇུག་བྱས་པའི་གཙོ་བོ་དེ་ཡིན་ཞིང། དོན་གྲུབ་རྒྱལ་གྱིས་ཆེད་དུ་ཏུན་ཧུང་གི་གཏེར་ཡིག་སོགས་ལ་དོ་སྣང་བྱས་པ་དང། བོད་ཀྱི་ཆོས་འབྱུང་ལོ་རྒྱུས་སོགས་དོ་སྣང་དེ་ཙམ་བྱས་མེད་པ་དེའང། ཝང་ཡོ་སོགས་ལ་བརྟེན་ནས་བྱུང་བ་ཡིན་པ་གསལ་བོ་རེད། ཁོང་ལ་རང་གི་མཁས་བ་དག་བརྩི་བཀུར་མེད་པ་དང། རྒྱའི་མཁས་བ་དག་ལ་བླ་མ་ལྟ་བུའི་འདུ་ཤེས་འཛིན་སྟངས་ཡོད་པ་དེས་ཁོའི་བྲན་གཡོག་ལྟ་བུའི་སེམས་ཤུགས་དང། རང་སྨད་གཞན་བསྟོད་ཀྱི་སེམས་ཀྱི་འཁྱེར་སྟངས་དེ་མཚོན་འདུག་པ་མ་ཟད། སྤྱིར་བཏང་དོན་གྲུབ་རྒྱལ་སོགས་གཙོ་བྱས་བའི་བོད་ཀྱི་གསར་བརྗེ་བ་དག་གི་ཏུན་ཧུང་གཏེར་ཡིག་དང། རྒྱའི་ལོ་རྒྱུས་ལས་བྱུང་བའི་བོད་ཀྱི་ལོ་རྒྱུས་སོགས་ལ་བརྩི་བཀུར་དང། བོད་ཀྱི་མཁས་བ་དག་གིས་མཐོང་ཆུང་དང་། བརྙས་བཅོས་དང་། བྱེད་པའི་སྲོལ་ཞིག་འདུག་པ་མ་ཟད། ཏུན་ཧུང་གཏེར་ཡིག་དང། རྒྱས་བྲིས་བ་ཡོད་ཚད་ཚད་ལྡན་ཞིག་ཏུ་ཞིག་ཏུ་ངོས་འཛིན་བྱེད་པའི་སེམས་ཀྱི་འཁྱེར་སྲོལ་ཞིག་ཏན་ཏན་ཞིག་འདུག། ༼བོད་ཀྱི་ཞིབ་འཇུག་པ་ཡིན་ཟེར་བ་དག་གི་སྐོར་ལ་རྗེས་སུ་བརྗོད་མཐུས༽ 
      “དེང་རབས་བོད་ཀྱི་རྩོམ་རིག”ལ་རྐུབ་སྟེགས་སྤྲད་པ།
      དོན་གྲུབ་རྒྱལ་གྱིས་རང་སྲོག་རང་གིས་བཅད་པའི་ལོ་དེ་ཙམ་ནས་བཟུང། བོད་ཀྱི་ཤེས་རིག་གི་རྒྱུན་མཐུད་པ་དང། ཤེས་རིག་རྣལ་མ་སློབ་པའི་སྐལ་བ་ཙམ་ཡོད་པར་གྱུར། བོད་ཀྱི་ཤེས་རིག་གི་བསྟི་གནས་སུ་གྱུར་པའི་དགོན་ཆེན་དག་ཀྱང་སླར་གསོ་བྱས། དགེ་བའི་བཤེས་གཉེན་རྣམས་ཀྱིས་ཀྱང་བསླབ་གྲྭ་སོ་སོར་སློབ་ཁྲིད་བྱེད་པའི་མགོ་ཚུགས་ཏེ། ཁྱད་པར་ཏུ་རིགས་དང་གཏན་ཚིགས་གཙོ་བོ་གྱུར་པའི་ཤེས་བྱའི་གནས་ལ་འཇུག་པའི་སྐལ་བ་བྱུང། གཙོ་བོ་རང་སྟོབས་ཀྱིས་འཇིག་རྟེན་གྱི་རྣམ་བཞག་སོགས་ལ་རིགས་པས་བརྩད་གཅོད་པ་དང། འཇིག་རྟེན་གྱི་ཤེས་བྱ་ཐམས་ཅད་ཤེས་འདོད་པའི་ཀུན་སློང་རྣམ་པར་གཡོས། དུས་སྐབས་དེ་ལ་དགོན་སྡེ་སོགས་ལ་དགེ་བའི་བཤེས་གཉེན་མང་པོ་བསྐྱེད་བསྲིད་བྱས་པ་ཕར་ཞོག། རྗེས་སུ་རྒྱལ་ཁབ་ལས་ཁུངས་སུ་བོད་ཀྱི་ཤེས་རིག་གི་རྩོམ་སྒྲིག་པ་དང།
    ཞིབ་འཇུག་པ་མང་པོ་ཞིག་བསྐྱེད་བསྲིང་བྱས།དཔེར་ན་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཁང་གི་འཇིགས་མེད་བསམ་གྲུབ་དང། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཆུ་སྐྱེས་དགེ་འདུན་བསམ་གཏན། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་འདུན།དེ་བཞིན་དབུས་གཙང་གི་འབྲི་གུང་དཀོན་མཆོག་རྒྱ་མཚོ་སོགས་རེད། དེ་འདྲའི་དུས་སྐབས་ཞིག་ལ་ཡང། རིག་གནས་གསར་བརྗེ་བ་འགའ་ཤས་བྱུང་ཞིང། དེ་དག་གིས་དོན་གྲུབ་རྒྱལ་ལྟར་རིག་གནས་གསར་བརྗེའི་ཚིག་དང། མོའི་སོགས་ཀྱི་སྐད་ཆ་ལུང་འདྲེན་ཐད་ཀར་བྱས་མེད་པར། རྩོམ་འདི་དག་ལ། མིང་སྙན་པོ།དེང་རབས་ཅན། དམངས་གཙོ། རང་དབང། མིའི་ཐོབ་ཐང་ཟེར་བ་སོགས་ཀྱིས་མིང་སྙན་པོ་བཏགས་ནས་སྤེལ་བཞིན་འདུག། འདིས་མི་མང་པོ་ཤིག་གིས་སེམས་རབ་རིབ་ཏུ་བཏང་བ་དང། དོན་གྲུབ་རྒྱལ་གྱི་རྩོམ་དང། དེང་རབས་རྩོམ་རིགས་ཟེར་བ་སོགས་ནི་དེང་རབས་ཅན་གྱི་མཚོན་རྟགས་ལྟ་བུ་དང། ཡར་རྒྱས་ཀྱི་རྣམ་པ་ལྟ་བུ་བརྩི་བཞིན་འདུག་ཅིང། རིག་གནས་གསར་བརྗེའི་གསར་པ་འདིའང་སློབ་མའི་ཉལ་ཁང་དང་ཆང་ཁང་ནང་ནས་རིམ་གྱིས་ཁྱབ་ཏེ།  ད་ལྟ་བོད་ཕྱི་ནང་ཀུན་དུ་ལྟ་བ་འདི་གནས་ཡོད་པ་མ་ཟད། མུ་མཐུད་དུ་གནས་རྒྱུ་ཡིན་པའང་ཏན་ཏན་རེད། རྙིང་འདོར་གྱི་ལྟ་བ་གསར་པ་འདི་ལ་བརྟེན་ནས། བོད་ནང་དུ་དོན་གྲུབ་རྒྱལ་གྱི་ལོ་རྒྱུས་སོགས་མཚོན་པའི་དཔེ་དེབ་དང། རྩོམ་སོགས་ཐོན་དང་ཐོན་མུས་རེད། ལོ་སྔོན་མའི་ནང་དུ་རང་གྲོལ་ཞིབ་འཇུག་ཅེས་བའི་དེབ་ཕྲེང་དང་པོ་ཐོན་པ་དང། དེ་བཞིན་ད་ལོ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་དྲིལ་བསྒྲགས་ལས་ཁུངས་ཀྱིས། མི་དམངས་ཀྱིས་ཁྲལ་དངུལ་བཀོལ་ཏེ།རང་གྲོལ་ཞེས་བའི་དུས་དེབ་ཞིག་འདོན་འཆར་གྱིས་ས་ཕྱོགས་ཀུན་དུ་དྲིལ་བསྒྲགས་བྱེད་བཞིན་འདུག་པ་མ་ཟད། ཁོ་ཚོས་སློབ་གྲྭ་དང། རྒྱལ་ཁབ་ཀྱི་རྒྱང་བསྒྲགས་དང། ཚགས་པར། དྲ་རྒྱ་སོགས་བེད་སྤྱད་ནས་རྒྱ་ཆེན་པོ་སྤེལ་བཞིན་འདུག། 
    ཡ་མཚར་པ་ཞིག་ལ། བར་སྐབས་ཀྱི་་རྙིང་གཏོར་གྱི་ལྟ་བ་དེ་ཕྱི་རྒྱལ་དུ་ཡོད་པའི་བོད་ཀྱི་སློབ་གཉེར་དག་གིས་ཁྲོད་དུའང་ཁྱབ་ཏེ། ད་ལྟ་ཕྱི་རྒྱལ་དུ་ཡོད་པའི་བོད་ཀྱི་རྩོམ་རིགས་ཀྱི་དུས་དེབ་དང།ཚགས་པར། དྲ་རྒྱ་སོགས་སུ་རྙིང་གཏོར་གྱི་ལྟ་བ་འདི་རྒྱ་ཁྱབ་དུ་ཡོད་པ་མ་ཟད། དོན་གྲུབ་རྒྱལ་གྱི་ཚིག་སྟེ། རྙིང་ཞེན་དང། རྨོངས་དད། གཞོན་ནུ་སོགས་ཀྱི་གསར་བརྗེའི་ཚིག་རྒྱ་ཁྱབ་དུ་བཀོལ་བཞིན་འདུག། ཁ་ཅིག་གིས་འབྱོར་མེད་གྲལ་རིམ་སྲིད་དབང་སྒེར་འཛིན་བྱེད་དགོས་ཞེས་ཆབ་སྲིད་ཀྱི་ལས་འགུལ་ཡང་མང་པོ་སྤེལ་བཞིན་ཡོད་པ་རེད། དེ་བཞིན་ཕེ་གླིང་པ་འགའ་ཤས་ཀྱིས་ཅི་མི་སྙམ་པར་དོན་གྲུབ་རྒྱལ་ནི་”དེང་རབས་བོད་ཀྱི་རྩོམ་རིགས་གསར་གཏོད་མཁན”་རེད་ཅེས་དང།“བོད་རིགས་གཞོན་ནུ་རྣམས་ཀྱི་བསམ་བློའི་སྙིང་སྟོབས་དང་ན་ཟུག་མཚོན་ཡོད”་ཅེས་འུད་སྒྲོག་བྱས་དང་བྱེད་བཞིན་པ་རེད། ཕྱི་རྒྱལ་དུ་རྙིང་གཏོར་གྱི་ལྟ་བ་འདི་སྤེལ་མཁན་གཙོ་བོ་དེང་དུས་ཨ་རི་ལ་བཞུགས་པའི་པདྨ་འབུམ་ཡིན་པ་དང། ཁོས་དོན་གྲུབ་རྒྱལ་གྱི་སྐོར་ལ་རྩོམ་འགའ་ཤས་སྤེལ་བ་དང། ཁོང་ནི་ཕྱི་རྒྱལ་དུ་དོན་གྲུབ་རྒྱལ་དང་དེང་རབས་ཀྱི་རྩོམ་རིགས་ཀྱི་ཐད་དུ་”སྲོལ་འབྱེད་པ”ལྟ་བུ་ཡིན་ཞེས་༼ཆོས་སྐྱོང༽བཤད་མཁན་འདུག།པད་མ་འབུམ་ཡང་རིག་གསར་ཀྱི་སྐབས་སུ་སྐྱེས་ཞིང། ཁོང་གིས་རིག་གསར་སྐོར་གྱི་དཔེ་དེབ་ཀྱི་ནང་དུ་གསུང་བ་བཞིན་མོའི་ཙེ་ཏུང་གི་གསུང་རྩོམ་ནང་སྦྱངས་ནས་ཡོང་བ་ཞིག་ཡིན། རྙིང་གཏོར་དང། གྲལ་རིམ་འཐབ་རྩོད་སོགས་ཁོའི་ཤེས་བྱ་སྤྱོང་བའི་རྨང་རྡོ་ལྟ་བུ་གྱུར་ཡོད། ཕྱི་ལོ་༡༩༩༡་དོན་གྲུབ་རྒྱལ་ཀྱི་སྐོར་ཚོགས་འདུ་བསྡུས་བ་དང། ༡༩༩༤ལོ་ལ་འཕགས་ཡུལ་ངྷ་ས་ནས་དོན་གྲུབ་རྒྱལ་གྱི་ལྗགས་རྩོམ་ཟེར་བ་པར་སྐྲུན་བྱས་བ་དང། དེའི་དེའི་སྔོན་བརྗོད་དུ་པད་མ་འབུམ་གྱིས་༼དོན་གྲུབ་རྒྱལ་གྱི་མི་ཚེ༽ཟེར་བ་ཞིག་པར་བསྐྲུན་བྱས་བ་དང། དེའི་རྗེས་རིམ་གྱི་དོན་གྲུབ་རྒྱལ་ཟེར་བ་འདིའང་ཕྱིའི་རྒྱལ་ཁབ་ཁག་ཏུ་རིམ་བཞིན་ཁྱབ་པར་གྱུར་ཅིང། དགེ་ཆོས་ཀྱི་རྣམ་ཐར་རིག་བྱེད་གཏམ་རྒྱུད་དུ་བཟོ་མཁན་མཁས་མ་བདེ་སྦྱིན་བཟང་མོ་སོགས་ཀྱིས་ཡང་དགེ་ཆོས་ཀྱི་གཏམ་རྒྱུད་བཞིན། ཡང་དོན་གྲུབ་རྒྱལ་གྱི་”ལོ་རྒྱུས་བཟོ་མགོ་བརྩམས”། སྤྱིར་བཏང་འདི་དག་ནི་ཕྱི་རྒྱལ་བ་ཚོས་རང་གིས་བཟོས་བ་དང། རྟོག་བཏགས་ཀྱི་ལོ་རྒྱུས་ཤིག་ལས་བོད་ལ་འབྲེལ་བ་ཅི་ཡང་མེད། ཕྱིས་སུ་སྐལ་བ་ལྡན་ན་ཕྲན་གྱིས་ཕྱི་རྒྱལ་གྱི་བོད་ཀྱི་མཁས་བ་དག་གིས་རང་རང་གི་རྟོག་ངོར་བཟོས་བའི་གཏམ་རྒྱུད་དང། དེ་དག་གི་སེམས་པའི་མཁྱེར་སྟངས་སོགས(Orientalism) ཞིབ་ཏུ་འབྲི་རྩིས་ཡོད་པས། དེ་རུ་གཟིགས་པར་མཚལ།པད་མ་འབུམ་སོགས་ལ་བརྟེན་ནས་བོད་དུ་གཞུང་གི་སློབ་གྲྭར་འགྲོ་མྱོང་བའི་བོད་ཀྱི་ཡོན་ཏན་པ་དག་གིས་རྙིང་གཏོར་གྱི་ལྟ་བ་འདི་རྒྱ་ཆེན་པོ་སྤེལ་མགོ་ཚུགས། ད་ལྟ་གོ་ཐོས་སུ་ཁོ་ཚོའི་རྗེས་སུ་རྒྱུགས་པའི་བོད་ཀྱི་ཤེས་ཡོན་ཅན་ཡང་མང་རབས་བཤད།༼འདིའི་སྐོར་ཕྱི་རྒྱལ་དུ་བཞུགས་པའི་བོད་ཀྱི་མཁས་དབང་ཞིག་གིས་གིས་ཞིབ་འཇུག་བྱེད་པར་བྱ་ཞེས་རེ་བ་ཡང་ཞུ་རྒྱུ་༽པད་མ་འབུམ་གྱི་རྩོམ་སོགས་ལས་ཤེས་བ་ལྟར། གྲལ་རིམ་འཐབ་རྩོད་དང། ཅི་མི་སྙམ་པར་སྲོལ་རྒྱུན་དང་དེང་རབས། རྙིང་བ་དང་གསར་བ། ཆོས་ལུགས་དང་ཚན་རིག། ཆོས་བ་དང་སྐྱ་བོ། སློབ་གྲྭ་བ་དང་གྲྭ་བ་སོགས་ཀྱི་ཁྱད་པར་ཡང་རང་བཞིན་གྱི་ཤར་ཡོངས་ཞིང། སྲོལ་རྒྱུན་ཡིན་ན་དོགས་གཞི་བྱ་འོས་བ་དང། དེང་རབས་ཡིན་ན་མཐའ་གཅིག་ཏུ་ཁས་ལེན་དགོས་བ། རྙིང་བ་ནི་གསར་བ་འགོག་པའི་རྒྱུ་དང་རྐྱེན་ལྟ་བུ་དང། ཆོས་ལུགས་ཡིན་ན་ཚན་རིག་མ་ཡིན་པ་དང། ཚན་རིག་ཡིན་ན་ཆོས་ལུགས་མ་ཡིན་པ། དེ་བཞིན་སྐྱ་བོ་ཡི་གེ་ཤེས་བ་དག་ལ་ཡོན་ཏན་པ་དང་ཤེས་ཡོན་ཅན་གྱི་མིང་ནས་འབོད་ཅིང། མིང་སྙན་པོ་རེ་འདོགས། དེ་དག་ནི་མཐའ་གཅིག་ཏུ་འགལ་བའི་རང་བཞིན་དང། གཅིག་ཤོས་ཡོད་ན་གཅིག་ཤོས་མེད་པར་འདོད་པའི་སེམས་ཀྱི་མཁྱེར་སྲོལ་ཞིག་ལྷན་སྐྱེས་སུ་འདུག། དེ་ལས་ཀྱང་འཇིགས་སུ་རུང་བ་ཞིག་ནི། གནའ་བོ་མཁས་པས་བརྩམས་པའི་དཔེ་ཆ་དག་དཔེ་ཀློག་ཙམ་ཡང་མ་བྱས་པར། དེ་དག་ནི་ལོ་དུས་ག་གེ་མོ་ཞིག་གི་སྔོན་དུ་བརྩམས་པ་ཡིན་ཕྱིར།དེ་དག་ནི་རྙིང་བ་དང་དེང་གི་དུས་སུ་དགོས་བ་མེད་དོ་ཞེས་རྙིང་འདོར་སེམས་ཀྱི་འཁྱེར་སྟངས་ཞིག་དེང་རབས་བོད་ཀྱི་ཤེས་ཡོན་ཅན་དུ་རློམ་པ་དག་གི་སེམས་ངོགས་ན་ཏན་ཏན་འདུག།
     ཞོགས་དུང་སོགས་ཀྱི་རྙིང་གཏོར་གྱི་ལྟ་བ།
    ལོ་རབས་དགུ་བཅུ་བའི་མཇུག་ནི། མི་མང་གི་དཔལ་འབྱོར་འདུ་འགོད་ཐད་ནས་ཡར་རྒྱས་འགྲོ་བཞིན་ཡོད་པ་དང། བོད་ཀྱི་རིག་གནས་འདི་ཡང་ཆོས་སྡེ་ཆེན་པོ་དག་དང།ལུང་ཁུག་དག་ནས་མ་བསྡད་པར་རིམ་གྱིས་ཁྲོམ་རའི་དཔལ་འབྱོར་དང་མཉམ་དུ་འཛམ་གླིང་གང་སར་ཁྱབ་བཞིན་པ་དང།ལྷག་པར་མ་ཧ་ཙི་ནིའི་ཡུལ་ཁམས་སོགས་ལ་ཁྱབ་པའི་མགོ་ཚུགས།དེ་ནང་དུ་གྲྭ་བ་དང་ཆོས་གྲྭ་འགྲིམས་པ་རྣམས་ཀྱིས་དམིགས་གསལ་གྱི་ནུས་བ་ཁྱད་པར་ཅན་ཐོན། གྲྭ་བ་དེ་དག་ཆོས་སྤེལ་བ་ཙམ་གྱི་མི་ཚད་པར། དཔལ་འབྱོད་འདུ་འགོད་དང། སློབ་གྲྭ་འཛུགས་པ་དང་དྭ་ཕྲུག་ཁང། སྨན་ཁང་དང། སྨན་སྦྱིན་སོགས་ཀྱིས་ཐད་ལ་ལས་ཀ་མང་པོ་བྱས། དེ་དང་མཉམ་དུ་དཀོར་གྱི་རྣམ་སྨིན་ལྟ་བུའི་གྲྭ་བ་འགའ་ཤས་ཀྱིས་ཆོས་ལ་མིང་བཏགས་པའི་ཆོས་ཚོང་རྒྱག་པའི་མགོ་བརྩམས། རླངས་འཁོར་སོགས་གཏོང་བ་དང། དེ་བཞིན་ཁ་ཅིག་གིས་ཆོས་དང་འཇིག་རྟེན་གང་ལའང་འགལ་བའི་གནད་དོན་མང་པོ་བྱུང། སྤྱིར་བཏང་མི་སྡེ་གང་གི་ནང་དུའང་བྱུང་སྲིད་པའི་གནད་དོན་དག་ཡིན་པ་དང།དམིགས་བསལ་བ་ཅི་ཡང་མ་རེད། ཡང་དུས་སྐབས་དེ་ལ་དམིགས་བསལ་ཁྱད་པར་ཅན་ཞིག་བྱུང་བ་ནི། གྲྭ་བ་དག་གིས་དཔེ་དེབ་འབྲི་བ་དང། རྩོམ་སོགས་མང་པོ་སྤེལ། དེ་ནི་དམིགས་བསལ་ཅན་ཞིག་ཡིན། རྒྱུ་མཚན་ཅི་ཡིན་ཟེར་ན། ལོ་རབས་བརྒྱད་ཅུ་བའི་ནང་དུ། གཞུང་གི་དུས་དེབ་དང་།ཚགས་པར་སོགས་སུ་རྩོམ་འབྲི་མཁན་མང་ཆེ་བ་ནི་ལས་བྱེད་པ་དང། སློབ་གྲྭ་བ་དག་རེད། ལོ་རབས་དགུ་བཅུ་བའི་ནང་དུ། གྲྭ་བ་ཚོ་དང་བསྡུར་ཚེ། ལས་བྱེད་པ་རྣམས་དང་། གཞུང་གི་མཁས་བ་རྣམས་ལ་མི་ཟད་པའི་དཀའ་ངལ་འཕྲད་ཡོད། ཟླ་ཕོགས་སྟེར་མ་ཐུབ་པའི་དཀའ་ངལ་ཡོད་པ་མ་ཟད། སློབ་གྲྭ་རྣམས་ལ་ལས་ཀ་ཚུལ་བཞིན་དུ་བགོ་མ་ཐུབ་པ་དང། ཁྱད་པར་ཏུ་སྔོན་གྱིས་ “ཟངས་ཆེན་ནང་གི་ཁ་ལག”་ཟ་བའི་དུས་སྐབས་ལས་མཇུག་རྫོགས་ཏེ།མ་རྩའི་དཔལ་འབྱོར་ཅན་ཏུ་བསྒྱུར་པར་མི་ཟད་པའི་དཀའ་ངལ་ཆེན་པོ་འཕྲད་ཡོད། དུས་སྐབས་འདི་འདྲ་ཞིག་ལ་བོད་ཀྱི་རྙིང་བཞི་(四旧)སྟེ་། སེམས་ཀྱི་འཁྱེར་སྟངས་རྙིང་བ། རིག་གནས་རྙིང་བ། གོམས་སྲོལ་རྙིང་བ། སྤྱོད་པ་རྙིང་བ་བཅས་ལ་རྒོལ་བའི་ལྟ་བུ་ཡང་བསྐྱར་བྱུང་བ་དང། ལྟ་བ་འདི་རྒྱུན་འཛིན་དང་དར་སྤེལ་བྱེད་མཁན་གཙོ་བོའི་གྲས་ནི་ཞོགས་དུང་དང། མེ་ལྕེ་།འཇམ་དབྱངས་སྐྱིད་སོགས་རེད། ཕྲན་ཨ་རིའི་མཐོ་རིམ་གཙུག་ལག་བསླབ་གྲྭ་ཞིག་ཏུ་ཨ་རིའི་སྲིད་དོན་རིག་པ་དང་དཔལ་འབྱོར་གྱི་རྣམ་བཤད་ཀྱི་གཞུང་ལུགས་སོགས་ལ་སློབ་གཉེར་བྱས་སྐབས།་སྔོན་གྱི་་ཆོས་གྲོགས་ཤིག་གིས། “ད་ལམ་ཞོགས་དུང་ཟེར་བ་ཞིག་གིས་རྩོམ་མང་པོ་བྲིས་ཏེ།རིག་གནས་གསར་བརྗེ་སློང་གིན་འདུག་”ཅེས་བཤད་བྱུང། དེ་དུས་ཁོང་གིས་བྲིས་བའི་ཆེད་རྩོམ་དེ་དག་ཀློག་འདོད་ཀྱི་འདུན་པ་ཆེན་པོ་སྐྱེས་བྱུང་མོད། ཡུད་ཙམ་ཞིག་ལ་ཀློག་ཐུབ་པའི་སྐལ་བ་མ་བྱུང། དེའི་རྗེས་བོད་དུ་ལོག་ཏེ།ཞོགས་དུང་གིས་བྲིས་བའི་རྩོམ་ཐམས་ཅད་ལ་བལྟས་བ་ཡིན། རྩོམ་གྱི་འབྲི་སྟངས། སེམས་ཀྱི་འཆར་སྟངས་ཚང་མ་རིག་གསར་སྐབས་ཀྱི་རྙིང་གཏོར་སྐབས་ཀྱི་ལྟ་བ་ཞིག་ལས་གཞན་ཆེན་པོ་མཐོང་ཐུབ་མ་སོང་མོད།ནུབ་དུ་ཆབ་སྲིད་སོགས་ཀྱི་ལྟ་བ་སྟེ།མིའི་རང་བཞིན་གནས་རིགས་ཀྱི་(Individualism)ལྟ་བའི་མིང་ལ། མི་གཞིའི་དང་མི་སྒེར་གྱི་ཐོབ་ཐང་ཟེར་བ་སོགས་བཏགས་ནས། དོན་གྱིས་རྙིང་གཏོར་གྱི་ལྟ་བ་ཞིག་ལབ་བཞིན་པ་ལས་རྒྱུ་མཚན་ཅི་ཡང་མི་འདུག་བསམ་ནས་བཞག་པ་ཡིན།  རྒྱུ་མཚན་ཅི་ཡིན་ཟེར་ན། རིག་གནས་གསར་བརྗེའི་ཆེན་པོ་ནི་འདས་སོང་སྙམ་པའི་སེམས་ཀྱི་འཁྱེར་སྟངས་ཞིག་དང། དོན་མེད་པའི་བསྟན་བཅོས་དེ་དག་ལ་དཔྱོད་པའི་གནས་ཞིག་མ་མཐོང་བར་བཞག་པ་ཡིན། ཡིན་ནའང་ལོ་འགའ་ཤས་ཀྱི་སྔོན་དུ། ཁོ་ཚོས་རྙིང་གཏོར་གྱི་ལྟ་བ་འདི། རིག་གཞུང་ཁོ་ན་ལ་ངོས་འཛིན་མ་བྱས་པར།སྔོན་ཆད་དང་མི་འདྲ་བར་རྙིང་གཏོར་གྱི་ལྟ་བ་འདི་རིམ་གྱིས་བོད་ཀྱི་བྱིས་པ་བསམ་མེད་དང། སློབ་གྲྭ་བ་ལས་ཀ་མ་རེག་པ་དང།དགོན་པའི་སྒྲིག་འོག་ནས་ཕུད་པའི་གྲྭ་ཟུར་དག་གི་ཁྲོད་དུ་སྤེལ་ཅི་ཐུབ་དང། རིག་གཞུང་ཞིབ་འཇུག་དང་།བགྲོ་གླེང་ལ་ཁ་གཡར་ཏེ་སྤེལ་ཅི་ཐུབ་བྱ་བཞིན་ཡོད་པ་དང། ཁོ་ཚོའི་འདོད་པའི་”སྲོལ་རྒྱུན་རིག་གནས་”ལ་དགག་རྒྱག་གི་ཚོགས་འདུ་ཡང་མང་པོ་ཚོགས་ཡོད་པར་ངེས། དེ་བཞིན་རྙིང་གཏོར་གྱི་ལྟ་བ་མཚོན་པའི་དཔེ་དེབ་དང་དྲ་རྒྱ་སོགས་ཆེད་དུ་བཙུགས་ཏེ་རྙིང་འདོར་གྱི་ད་ལྟ་རྒྱ་ཁྱབ་ཏུ་སྤེལ་བཞིན་འདུག། མེ་ལྕེ་དང། སེང་རྡོར་དང། རྣོ་སྤྲེང་སོགས་ཀྱིས་དཔེ་དེབ་མང་པོ་བྲིས་ཡོད་པ་དེ་བཞིན་རེད།    
      ཞོགས་དུང་གིས་ཐོག་དང་པོའི་“འཕག་འཚག་གི་ང་རོ”ཟེར་པའི་རྩོམ་ཞིག་མཚོ་སྔོན་བོད་ཡིག་གསར་འགྱུར་ཏུ་བཀོད་ཅིང། དེ་ནས་རིམ་གྱི་རྒྱ་ཁྱབ་ཏུ་སྤེལ། ཕྱིས་སུ་རྩོམ་དེ་ལ་འགྲེལ་བ་དང་ཡང་འགྲེལ་སོགས་མང་པོ་བརྩམས་ནས། ཕྱི་ལོ་༢༠༠༡ལོ་ལ་དཔེ་དེབ་དུའང་བཀོད་ཅིང། ཡང་༢༠༠༨ལོ་ལ་ཐེངས་གཉིས་པ་དཔར་སྐྲུན་བྱས་ཏེ། ཕྱོགས་ཀུན་རྒྱ་ཁྱབ་དུ་སྤེལ་འདུག།ཞོགས་དུང་གི་ལྟ་བ་ནི་འདི་ལྟར། ཁོང་གིས་ “རྒུད་པ་མཐའ་དག་གི་རྩ་བ་ནི་བག་ཆགས་རྙིང་བ་འདི་ཉིད་རེད།བག་ཆགས་རྙིང་བ་འདི་མི་ལོ་སྟོང་ཕྲག་ལོན་པའི་རིག་གནས་ཤིག་གི་མངལ་ལས་འཁྲུངས་ཤིང། མི་ལོ་སྟོང་ཕྲག་ལོན་པའི་རིག་གནས་ཀྱི་ཤན་ཆེ་བའི་ཁོར་ཡུག་ནས་འཚར་ལོངས་བྱུང་བ་རེད”ཅེས་བཤད་པ་ལྟར། ཞོགས་དུང་གིས་བོད་ཀྱི་རྒུད་པ་ཡོད་ཚད་སྟེ། དཔེར་ན་དབྱིན་ཇི་སོགས་ཀྱིས་བོད་ལ་བཙན་འཛུལ་བྱས་པ་དང། མི་བསད་པ། རྒྱུ་འཕྲོག་པ། ཐ་ན་མིའི་ན་ཚ་བྱུང་བ་དེ་དག་ཡིན་པར།  བོད་ཀྱི་རིག་གནས་དང། རིག་གནས་ལ་འཆང་བའི་སེམས་པའི་འཁྱེར་སྟངས་ཞིག་དེ་ཡིན་པ་དང། སེམས་ཀྱི་འཁྱེར་སྟངས་དེ་ལོ་སྟོང་ཕྲག་མང་པོ་རིང་གི་བོད་ཀྱི་རིག་གནས་དང། ལོ་རྒྱུས་ལས་བྱུང་བ་རེད་ཅེས་བཤད་འདུག། ལྟ་ཚུལ་འདི་ནི་རིག་གནས་གསར་བརྗེའི་ཆེན་པོ་སྐབས་ཀྱི་༼མོའི་གསུང་རྩོམ་གཅེས་བསྡུས་༽ལས་བྱུང་པའི་ལྟ་བའི་གཞི་ལམ་འབྲས་གསུམ་གང་གི་ཐད་ནས་ཆུ་ལ་ཆུ་བཞག་པ་བཞིན་དུ་ངོ་འཕྲོད་ཡོང་གིན་འདུག དཔེར་ན་གཉིས་ཀས་“རིག་གནས”་ཟེར་བ་ནི་”འདུ་ཤེས་འཛིན་སྟངས”ཞིག་དང། དེ་ནི་ “སྤྱི་ཚོགས”་ཞིག་དང། ཆབ་སྲིད་དང་། དཔལ་འབྱོར་གྱི་རྣམ་པ་མི་འདྲ་བ་ལ་བརྟེན་ནས་བྱུང་བ་ཡིན་པར་འདོད་པ་དང་།  མོའི་ཙེ་ཏུང་གིས་འདོད་པའི་རིག་གནས་རྙིང་བ་ནི། ཁུང་ཙི་ལ་སོགས་འདུས་བའི “ལུགས་སྲོལ་རྙིང་བ་དང། བསམ་བློ་རྙིང་བ”དང་།དེ་མིན་ད་དུང་ “བཙན་རྒྱལ་རིང་ལུགས་དང”་དང་”བཀས་བཀོད་རྒྱུད་འཛིན་གྱི་ཕྱེད་ཙམ་”གྱི་རིག་གནས་དེ་གཉིས་རེད།ཞོགས་དུང་གི་འདོད་པའི་རིག་གནས་རྙིང་བ་ནི། ཁོ་རང་གིས་བཏགས་པའི་”ལྷ་ཆོས་རིང་ལུགས”སྟེ། འདོར་ན་སྔོན་གྱི་བོད་ཀྱི་རིག་གནས་ཐམས་ཅད་ནང་དུ་བསྡུ། དམར་ཕྱོགས་ཀྱི་གསར་བརྗེ་ནི། དྲག་ཆས་ཅན་གྱི་གསར་བརྗེ་ཁོ་ན་མ་ཡིན་པར། རིག་གནས་ཀྱི་གསར་བརྗེ་ཞིག་ཡིན་ཞེས་བཤད་པ་ཡོད་པ་རེད། མོའི་ཙེ་ཏུང་གིས་ཀྱང“རིག་གནས་རྙིང་པས་དབང་དུ་སྒྱུར་པ་ཡིན་ཙང།བླུན་རྨོངས་དང་རྗེས་ལུས་ལ་གྱུར་པའི་ཀྲུང་གོ་རིག་གནས་འདི་རིག་གནས་གསར་པས་དབང་དུ་སྒྱུར་བ་ནས།དཔལ་ཡོན་དར་བ་དང།སྔོན་ཐོན་ཆེ་བའི་ཀྲུང་གོ་ཅིག་ལའང་སྒྱུར་དགོས་པ་རེད།ཚིག་གཅིག་ལ་བསྡུས་ནས་བཤད་ན་ང་ཚོས་ཀྲུང་གོ་གསར་བ་ཞིག་འཛུགས་དགོས་གི་རེད།ཀྲུང་ཧྭ་མི་རིགས་གི་རིག་གནས་གསར་བ་ཞིག་འཛུག ས་རྒྱུ་དེ་ནི་ང་ཚོའི་རིག་གནས་ཐད་ཀྱི་དམིགས་ཡུལ་དེ་རེད།”༼མོའི་ཙེ་ཏུང་གི་གསུང་རྩོམ་གཅེས་བསྡུས་གཉིས་བ།༥༤༤༽་ལས་ཞེས་བཤད་ཡོད། དེ་བཞིན་ཞོགས་དུང་གིས་བོད་འདི་ཡར་རྒྱས་འགྲོ་དགོས་ན། བག་ཆགས་རྙིང་བ་ཐམས་ཅད་བཅོམ་ཏེ། གསར་བ་གསར་རྐྱང་ཞིག་འཛུགས་དགོས་ཞེས་བ་དེ་རེད་ཅེས་བཤད་ཡོད་པ་རེད།ཁོང་གིས་གསར་རྐྱང་དེ་ནི་“དྲག་ཆས་ཀྱི་གསར་བརྗེ་སློང་བ་དང”དང་འདྲ་བར་ “བསམ་བློའི་འཐབ་རྩོད་”་བྱེད་དགོས་བ་དང། “ལྷ་འདྲེ་དང་བདག་མེད་སོགས་ཀྱིས་དབང་སྒྱུར་ལ་རྒོལ་ཕྱིར། བློ་རིག་གསར་པའི་གསར་བརྗེ་སློང་བ་ཡིན”ཞེས་གསལ་བོ་བརྗོད་ཡོད། ཚིག་སྤྱོར་འདིའི་ནང་གི་བདག་མེད་ཟེར་པའི་ཚིག་འདི་བླངས་ཚེ། ཆུ་ལ་ཆུ་བཞག་པ་བཞིན་དུ་དམར་སྲུང་དམག་གི་ལྟ་བ་ཇི་བཞིན་དུ་བཤད་ཡོད། རིག་གསར་གྱི་སྐབས་སུ་གྲལ་རིམ་འཐབ་རྩོད་དང། ལྷག་པར་ཏུ་རིག་གཞུང་གི་དགྲ་གྲོགས་ནི་གསལ་བོ་བཤད་ཡོད། ཅི་ཡིན་ཟེར་ན། འཐབ་རྩོད་བྱ་ཡུལ་གྱི་དགྲ་ཞིག་དགོས་བ་དང། དེ་ཡོད་པ་ཙམ་གྱིས་མི་ཆོག་པར།  གསར་བརྗེའི་ཆེད་དུ་དགྲ་བོ་དེ་དག་གཏོར་དགོས་བར་བཤད།ཞོགས་དུང་གིས་ཀྱང་དགྲ་གྲོགས་ཀྱི་དབྱེ་བ་གསལ་བོ་ཕྱེས་ཏེ། དགྲ་བོ་ལ་འཐབ་རྩོད་བྱེད་དགོས་བར་བཤད་ཡོད། ཞོགས་དུང་གི“གྲོགས་པོ”ནི་རིག་གནས་གསར་བརྗེ་སློང་མཁན་དང། “དགྲ་བོ”ནི་ཁོ་ཚོའི་ལྟ་བ་ལ་ངོ་རྒོལ་བྱེད་མཁན་ཡིན་གསལ་བོ་བྱས་ནས་བཤད་འདུག། སྤྱིར་བཏང་དེང་གི་སྐབས་ལ་དེ་ལྟ་བུ་ཤི་གསོན་གྱི་གྲལ་རིམ་གྱི་འཐབ་རྩོད་ནི་ཅི་ལ་དགོས་སམ་ཞེས་དོགས་པ་འཆར་ཡོང་མོད། ཁོ་ཚོ་ལ་མཛེམ་དོགས་ཅུང་ཙམ་ཡང་མེད་པར་མུ་འཐུད་དུ། ”དུས་རབས་དང་མཐུན་པའི་”གཏམ་ལ་“བདུད་ཀྱི་གཡབ་མོ་དང་བསྟན་གཤིག་ཐན་ལྟས་”སུ་བསྒོམས་པ་རྣམས་ཁོ་ཚོའི “བསམ་བློའི་དགྲ་ཟླ”དང། དེ་བཞིན་ “བསམ་བློ་གསར་པ”དགའ་བའི་ཐལ་མོ་རྡེབ་མཁན་རྣམས་ནི།ཁོང་ཚོའི་ “གྲོགས་དམ་པ”་ཡིན་ཞེས་དགྲ་གྲོགས་ཀྱི་ཁྱད་པར་གསལ་བོ་ཕྱེས། དེ་བཞིན་ཁོང་ཚོའི་གསར་བརྗེའི་ལས་ཀ་འདི་དཀའ་ངལ་ཅན་གྱིས་ཡིན་པའི་སྐོར་ཡང་ཞོགས་དུང་གིས “བག་ཆགས་རྙིང་བ་བཅོམ་བརླག་དང། གཏོར་བཤིག་གཏོང་བ་ནི་ལས་སླ་མོ་ཞིག་མིན།”ཞེས་གསལ་བོ་བཤད་ཡོད།                                   
     ཞོགས་དུང་རྩོམ་འདིའི་རྗེས་སུ། ཞོགས་དུང་གི་རྗེས་སུ་བརྒྱུགས་པའི་”ན་གཞོན”་རྩོམ་པ་པོ་ཟེར་བ་སྐོར་ཅིག་བྱུང་སྟེ། དེ་དག་གིས་ཀྱང་ཞོགས་དུང་གི་ལྟ་བ་འདི་གཞི་རྒྱ་ཆེན་པོས་སྤེལ་མགོ་བརྩམས། འདི་དག་གི་ནང་ནས། མེ་ལྕེ་ཟེར་བ་དང། འཇམ་དབྱངས་སྐྱིད་ཟེར་བ་དང། སེང་རྡོར། རྣོ་སྤྲེང་སོགས་འདུས་ཡོད་ཅིང། ཁོ་ཚོས་ཀྱང་ཅི་མི་སྙམ་པར་རིག་གནས་གསར་བ་དང། ལྟ་གྲུབ་གསར་པ་ལ་ཁ་གཡར་ཏེ།“རྙིང་གཏོར་”་ལྟ་བ་འདི་ཕྱོགས་ཀུན་དུ་སྤེལ་ བར་བརྩམས། ཁོ་ཚོའི་རྙིང་གཏོར་གྱི་ལྟ་བ་དང། གསར་བརྗེའི་ཀུན་སློང་སོགས་ཞོགས་དུང་ལས་ཁྱད་པར་ཅི་ཡང་མེད་ཅིང། རྙིང་པ་གཏོར་བའི་རྗེས་སུ་འབྲས་བུ་ནི།འདི་ལྟར་“ངས་བསམ་ན་བོད་སྤྱི་ཚོགས་ཀྱི་རྣམ་པ་གསར་བ་ཞིག་འབྱུང་དགོས་ན་ཐོག་མར་བསམ་བློ་བཅིངས་འགྲོལ་དང་། བསམ་བློ་གསར་བརྗེ་ནས་མགོ་རྩོམ་དགོས་བ་རེད”༼མི་གཞིའི་སྙིང་སྟོབས་༽སོགས་ལས་བཤད། སྤྱིར་བཏང་མི་འདི་དག་ལ་གསར་བརྗེའི་སྙིང་སྟོབས་ཡོད་པ་ནི་སུས་ཀྱང་བསྙོན་ཏུ་མེད་པ་ཞིག་དང། ཁོང་ཚོའི་སེམས་ཀྱི་ཕུགས་སུ་བོད་མི་རིགས་འདི་བཞིན་ཡར་རྒྱས་དང། སྟོབས་དང་འབྱོར་བ་ཅིག་ཏུ་སྒྲུབ་འདོད་པའང་སྨོས་མེད་ཅིག་རེད། ཡིན་ནའང་བོད་ཀྱི་ཤེས་རིག་དང་། ཡུལ་སྲོལ། སེམས་ཀྱི་འཁྱེར་སྲོལ། ཐ་ན་གུས་ཞབས་སོགས་མཚོན་བྱེད་ལུས་ཀྱི་སྤྱོད་པ་ཐམས་ཅད་བགེགས་སུ་བརྩི་བཞིན་པ་འདིའང་བསྙོན་དུ་མེད་པ་ཞིག་རེད། 
       གསར་བརྗེ་བ་ཚོའི་རང་གཤིས་ཐུན་མོང་མ་ཡིན་པ།
     ཕྲན་གྱིས་ལོ་མང་པོར་བོད་ཀྱི་གསར་བརྗེ་བ་འདི་ཚོའི་གསར་བརྗེའི་རང་གཤིས་ཐུན་མོང་པ་དག་ལ་ཞིབ་དཔྱད་བྱས་ཏེ། དེ་ནི་དོན་མེད་པར་རྒྱུ་མཚན་དང། ཁུངས་ལུང་སོགས་ཅི་ཡང་མེད་པར།སྐད་ཆེན་པོའི་རང་གིས་ཅི་ཞིག་ཤེས་ཁུལ་གྱི་གཏམ་ཆེན་པོ་སྤེལ་བ་དག་རེད། རིགས་པ་དང་གཏན་ཚིགས་སོགས་མེད་ཅིང། དེ་བཞིན་ཚན་རིག་གི་ལམ་དུ་འགྲོ་བྱེད་ཀྱི་རིམ་པ་སྟེ། དང་པོ་རྒྱ་ཆེན་ཐོས་བ་་མང་དུ་སྩོལ་བ་དང་། བར་ཏུ་གཞུང་ལུགས་ཐམས་ཀྱི་དོན་ཡང་དག་པར་རྟོགས་པ། མཐར་དཔྱད་པར་བྱ་བའི་གཞི་ཐམས་ཅད་རྫས་སྦྱོར་ཁང་དང། ཉམས་མྱོང་དངོས་ཀྱི་སྟེང་ནས་བདེན་པ་ར་སྤྲོད་པ་སོགས་ཀྱི་ཐབས་དང་ཤེས་རབ་སྦྱར་ནས་བདེན་པ་ངོ་སྤྲོད་དང་། རིགས་པའི་སྒྲུབ་བྱེད་སོགས་རྩ་བ་ཉིད་ནས་མི་འདུག དོན་གྲུབ་རྒྱལ་དང་། པད་མ་འབུམ།ཞོགས་དུང་སོགས་ཀྱིས་བོད་ཀྱི་ཤེས་རིག་གི་རྣལ་མ་སོགས་ལ་སྦྱོང་བ་རྣལ་མ་བྱས་མེད་པ་མ་ཟད། ནང་ཆོས་ཀྱི་གཞི་ལམ་འབྲས་གང་ཡིན་ལ་སྦྱོང་བ་དང། ཆེད་དུ་སློབ་གཉེར་བྱས་པ་དེ་བས་ཀྱང་མེད། ཡིན་ནའང་ཁོ་ཚོས་ཅི་མི་སྙམ་པར་བོད་ཀྱི་ཤེས་རིག་ཡོངས་རྫོགས་དང། ནང་ཆོས། དེ་བཞིན་དེ་དག་གི་རྗེས་སུ་ཞུགས་པ་དག་ལ་སྡོམ་ཚིག་ཆེན་པོ་རྒྱག་པའི་སྲོལ་དང་ལུགས་ཞིག་ཏན་ཏན་ཡོད། དོན་གྲུབ་རྒྱལ་གྱི་ལྟ་བ་གོང་དུ་བརྗོད་ཡོད་པ་ལྟར། རྙིང་ཞེན་དང། སྲོལ་རྒྱུན་རིག་གནས་ཞེས་མིང་བཏགས་ནས།དེ་དག་ད་ལྟ་སྤྱི་ཚོགས་རིང་ལུགས་ཀྱི་དུས་སྐབས་སུ་དེ་དགོས་མིན་གྱི་དོགས་པ་བསླངས། པད་མ་འབུམ་དང། ཞོགས་དུང་གཉིས་ཀ་མཚོན་ན་དེ་བཞིན་རེད། བོད་ཀྱི་ཤེས་རིག་དང། ཁྱད་པར་ཏུ་ནང་ཆོས་ཀྱི་གཞི་ལམ་འབྲས་གསུམ་གྱི་གཞུང་ལ་སྦྱོང་བ་བྱས་མེད་པ།ནང་ཆོས་ལ་ཅུང་ཙམ་སྤྱོང་བ་ཞིག་གིས་བལྟས་ཀྱང་མངོན་གསལ་རེད།༼འདིའི་སྐོར་ཞོགས་དུང་སོགས་ལ་ལན་སློག་མཁན་དག་གིས་མང་དུ་བྲིས་འདུག་ཡོད་པར་བཤད་པས་དེ་དག་དུ་་གཟིགས་པར་འཚལ༽ཡིན་ནའང་ཁོ་གཉིས་ཀྱིས་ཅི་མི་སྙམ་པར་བོད་ཀྱི་ཤེས་རིག་དང། ནང་ཆོས་ལ་སྡོམ་ཚིག་མང་པོ་བརྒྱབ་ཡོད། དཔེར་ན་པད་མ་འབུམ་གྱིས་“མི་ཞིག་གི་སྤྱོད་ལམ་གྱི་སྟེང་ནས་སྐྱོན་ཆ་རེ་གཉིས་མཐོང་ན་དེའི་རྒྱུད་ན་ཤེས་སྟོབས་ཀྱི་ཡོན་ཏན་ཅི་འདྲའི་ཆེན་པོ་ཞིག་ཡོད་ཀྱང་མཐོང་མི་ཐུབ་པ་ནི་ནང་བ་སངས་རྒྱས་པ་རྣམས་ཀྱི་ཐུན་མོང་གི་ཁྱད་ཆོས་ཤིག་ཡིན”འདི་ལྟར་ནང་བ་སངས་རྒྱས་བའི་གྲུབ་མཐའ། ཆོས་འབྱུང། རྗེས་འཇུག་པ། སེམས་ཀྱི་མཁྱེར་སྲོལ་དག་ལ་སྡོམ་ཚིག་ཆེན་པོ་རྒྱབ་ཡོད་པ་དེ་བཞིན་རེད། པད་མ་འབུམ་ལྟར་ཞོགས་དུང་གིས་ཀྱང་བོད་ཀྱི་ཤེས་རིག་གི་ཐད་ལ་གང་ཅིའི་ཐད་ནས་སྦྱངས་བ་ཞན་ཞིང། གཞུང་ལུགས་ཀྱི་གནད་ཕར་ཞོག། ཐ་ན་སྤྱིར་བཏང་གི་འགྲོ་སྟངས་ཙམ་ཡང་ཤེས་བཞིན་མེད་ནའང། མ་ཤེས་བ་དང་མི་གོ་བའི་ཚུལ་གྱིས་མི་འདུག་པར་ཆེན་པོ་ཞིག་གོ་ཁུལ་གྱི་བསྟན་བཅོས་གང་ཡིན་ལ་མི་ཟད་པའི་ལོག་འགྲེལ་མང་པོ་བརྒྱབ་ཡོད། དཔེར་ན། ཁོང་གིས་བཙན་པོ་རྒྱས་བཤད་ཀྱི་སྐོར་ལ་འདི་ལྟར་བཤད་ཡོད། “ཡང་མི་ལོ་མང་པོ་མ་ཕྱིན་པའི་སྤྱི་ལོ1789ལོར། ཧྥ་རན་སི་པ་རྣམས་ཀྱིས་མི་བུའི་ཐོབ་ཐང་དེ་དག་ཁོ་ཚོའི《མི་བུའི་ཐོབ་ཐང་གསལ་བསྒྲགས》སུ་གསལ་པོར་བཀོད་དུས་སུ། བོད་རྣམས་ཀྱིས་རང་དབང་དང་འདྲ་མཉམ་ཞེས་པ་གོ་ཐོས་ཡོད་པ་ལྟ་ཞོག འཛམ་གླིང་ཞེས་པའང་ག་འདྲ་ཞིག་ཡིན་པ་ཧ་གོ་མེད་པའི་ཚོད་རེད། རྒྱུ་མཚན་ནི། འཛམ་གླིང་ཞེས་པ་ངོ་སྤྲོད་རགས་རིམ་མཛད་མཁན་གྱི་བཙན་པོ་ནོ་མིན་ཧན་འཇམ་དཔལ་ཆོས་ཀྱི་བསྟན་འཛིན་འཕྲིན་ལས་འཁྲུངས་མ་ཐག་པའི་ལོ་རེད། ཁོང་གིས་ཕྱིས་སུ《འཛམ་གླིང་རྒྱས་བཤད》(1830ལོ)བརྩམས་གནང་ནའང་། འཛམ་གླིང་ཧྲིལ་པོ་མ་ཡིན་པའི་ཡུལ་གྲུ་སྐོར་ཞིག་གི་སྣོད་བཅུད་དག་ལྷ་སྒྲུང་དང་གནའ་ཐོས། མཚར་གཏམ་གྱིས་བཅིངས་ཏེ་ལྷ་ཆོས་ཀྱི་ཕྱག་མཛུབ་གཡོས་པ་ཙམ་ལས་མི་ཆོས་ཀྱི་བློ་མིག་སྤྱོད་ཐུབ་མེད་པ་འདྲ།”སྐད་ཆ་འདི་ནི་མ་བརྟག་པ་དང། མ་དཔྱད་པ།རྒྱུ་མཚན་དང་གནས་ལུགས་ཅི་ཡང་མེད་པའི་ལོང་གཏམ་འགའ་ཞིག་རེད། སྨིན་གྲོལ་ནོ་མོན་ཧན་གྱིས་འཛམ་གླིང་༼ཁོང་གིས་འཛམ་གླིང་ཞེས་བ་ཡོ་རོབ་དང་ཨ་ཤེའི་གླིང་གཉིས་ལ་འདོད༽གཙོ་བྱས་བའི་བྱང་སྒྲ་མི་སྙན་༼བྱང་གླིང༽ནུབ་བ་ལང་སྤྱོད༼ཨ་ཧྥེ་རི་ཀ༽དང་ཤར་ལུས་འཕགས་གླིང༼ཨོ་སི་ཁྲུ་ལི་ཡ༽སོགས་འདུས་བའི་སའི་གོ་ལའི་ཡུལ་ཁམས་ཆེ་བ་ཕལ་ཆེར་བ་གསུང་ཡོད་པ་མ་ཟད། དུས་སྐབས་དེ་ལ་ཨ་ཤེའི་གླིང་དུ་སྐྱེས་མ་མྱོང་བའི་ཚན་རིག་པ་ངོ་མཚར་བ་ཞིག་ཡིན་པ་བདག་གིས་ལུང་དང་རིགས་པ་སྒྲུབ་ཐུབ་པ་མ་ཟད། ཞོགས་དུང་གིས་བཞག་པའི་སྡོམ་ཚིག་དེ་ནི་ཆེས་མ་དག་པ་ཞིག་རེད། 
       ཞོར་ཏུ་ཞོགས་དུང་གིས་རྩོམ་སྒྲིག་བྱས་པ་དང། ༢༠༠༩ལོ་ལ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་སྐྲུན་བྱས་པའི་འཛམ་གླིང་རྒྱས་བཤད་དེ་ནི་ཡིག་ནོར་ཕར་ཞོག། མགོ་འཁྲུགས་ཡ་ལྡེབ་ཅན་བྱས་ནས༼འདིའི་སྐོར་རྗེས་སུ་གསལ་བོ་ཞུ་ཆོག༽དཔར་སྐྲུན་བྱས་འདུག། ནོར་འཁྲུལ་འདི་དག་ནི་མཁས་བའི་རང་བཞིན་གྱི་ནོར་བ་སོགས་མ་ཡིན་པར། རྙིང་བ་ཐམས་ཅད་ལ་བརྩི་བཀུར་མ་བྱས་བའི་རྟགས་སུ་མངོན་པ་མ་ཟད། བོད་ཀྱི་ཀློག་པ་པོ་རྣམས་ལ་མཐོང་ཆུང་ཞིག་དང། ཁོའི་སེམས་ཀྱི་འཁྱེར་སྟངས་དེ་མཚོན་བཞིན་ཡོད་པ་རེད།  དེ་བཞིན་བོད་ཀྱི་གསར་བརྗེ་བ་གཞན་དག་ཡང་འདི་འདྲ་བ་ཞིག་རེད། དཔེར་ན་སེང་རྡོར་ཟེར་བ་ཞིག་གིས་ཕྲན་གྱིས་བྲིས་པའི་”འཛམ་གླིང་རྒྱས་བཤད་སྐོར་གྱི་དོགས་དཔྱོད”་ཟེར་བ་དེ་ལ་བལྟས་རྗེས་། ཁོང་གིས་“སོ་སྙི་མོ་ཅན་གྱི་དགེ་ཆོས་མི་ཆོད”ཅེས་བའི་རྩོམ་ཞིག་སྤེལ་ཁུལ་གྱིས་ང་ལ་ལན་འདེབས་ཙམ་བྱས་བཞིན་འདུག་མོད། སེང་རྡོར་གྱིས་བདག་གིས་རྩོམ་དེའི་བརྗོད་དོན་གཙོ་བོ་རྟོགས་པ་ཕར་ཞོག།མཐའ་ན་དཔྱད་བརྗོད་རྩོམ་གྱི་འགྲོ་ཚུལ་ཙམ་ཡང་མ་ཤེས་པར་འདི་ལྟར། ”ཁྱོད་ཀྱི་དགོས་མེད་ཀྱི་དོགས་པ་ཆེས་ཆུང་ཙུག་སྟེ།འཛམ་གླིང་རྒྱས་བཤད་ཟེར་པ་ནི་དགེ་ཆོས་ལགས་ཀྱི་ཕྱག་རྩོམ་མ་རེད་ཅེས་པ་འདི་བག་ཙམ་ཞིག་བཤད་ན།ལར་འཛམ་གླིང་རྒྱས་བཤད་ལས་བསྟན་པའི་ས་ཁམས་དང་གྲངས་རྩིས་ཀྱི་ཤེས་བྱ་འདི་རིགས་ནི་མིའི་རིགས་ཡོངས་རྫོགས་ཀྱི་ཀླད་པའི་ནོམ་སྐལ་དུ་བརྩི་རུང་བ་ཙམ་ལས།མི་བུ་ཆེ་གེ་མོས་བརྩམས་པ་ཡིན་མིན་གྱི་ཡུས་ཆེ་བྱ་རྒྱུ་ཁྱོན་ནས་མ་ཡོད་དེ”་དང། “འཛམ་གླིང་རྒྱས་བཤད་ཅེས་པ་འདི་རང་ཁྱོད་ཅག་གི་ཨ་མཚར་དུ་བརྩི་བའི་ཅི་ཞིག་གི་བཙན་པོ་ནོ་མོན་ཧན་གྱི་ཡིན་པར་བྱས་ནའང་གནས་ལུགས་ནི་སྔར་བཞིན་ཏེ།འཛམ་གླིང་རྒྱས་བཤད་ཀྱི་རྩ་བའི་ཤེས་བྱ་དེ་དག་གི་ལམ་གཏོད་མཁན་ནི་སྔར་བཞིན་ནུབ་ཕྱོགས་ཀྱི་ཚན་རིག་པ་བགྲེས་པོ་དེ་དག་ལས་སུ་ཡང་མིན་པས་སོ།”སྤྱིར་བཏང་ཕྲན་གྱིས་བྲིས་བའི་ཐོ་ཡིག་དེ་ཞིབ་དུ་ཀློག་པ་ཡིན་ན།སེང་རྡོར་གྱིས་བྲིས་བའི་སྐད་ཆ་དེ་དག་ལ་ལན་འདེབས་དགོས་བའི་རྒྱུ་མཚན་ཅི་ཡང་མི་འདུག། རྒྱུ་མཚན་ཅི་ཡིན་ཟེར་ན། ངས་ལོ་གྲངས་མང་པོ་ཞིག་དྲངས་ཡོད་པ་དེ་དགེ་ཆོས་ཀྱིས་”འཛམ་གླིང་རྒྱས་བཤད”་མ་བརྩམས་པའི་སྒྲུབ་བྱེད་དུ་དྲངས་བ་ལས། འཛམ་གླིང་སྤྱི་ལ་ཡོད་པའི་ལོ་གྲངས་དང་གྲངས་རྩིས་ཀྱི་ཤེས་བྱ་ཡིན་མིན་གྱི་སྐད་ཆ་ཞིག་ནམ་ཡང་བཤད་མེད་པ་མ་ཟད། དགེ་ཆོས་ཀྱི་གསུང་འབུམ་ནང་གི་“འཛམ་གླིང་རྒྱས་བཤད”ནི་བཙན་པོ་ནོ་མོན་ཧན་གྱིས་བརྩམས་པ་རེད་ཅེས་རྩ་བ་ཉིད་ནས་བཤད་མེད།   སྤྱིར་མཁས་བ་སུ་དང་སུ་ཡིན་རུང་ནོར་འཁྲུལ་ཡོད་པ་དང། དེ་བཞིན་ཕྱི་ནང་གིས་མཁས་བ་སུ་ཡིན་ཀྱང་དད་པ་དང།རིགས་པ་ལ་བརྟེན་ནས་ཤེས་བྱ་གང་ཡིན་ལ་སྡོམ་ཚིག་ཆེན་པོ་རྒྱག་བཞིན་ཡོད་པ་རེད། ཡིན་ནའང་འདི་ལྟར་གསར་རྙིང་བཀར་བ་དང།བཅོས་མའི་རྣམ་འགྱུར་འོག་གི་ཆེ་ཚུགས་བསྟན་ནས་ལོ་རྒྱུས་དང་ཤེས་རིག་ཐམས་ཅད་ལ། རང་གིས་སྦྱངས་བ་དང་ཐ་ན་དཔེ་ཀློག་ཙམ་ཡང་མ་བྱས་པར་དོན་མེད་ཀྱི་སྡོམ་ཚིག་ཆེན་པོ་ཞིག་རྒྱག་བཞིན་པའི་སེམས་ཀྱི་འཁྱེར་སྟངས་འདི་ཡང། ལོ་རྒྱུས་ཁྱད་པར་ཅན་དང།
ལྟ་བ་ཁྱད་པཅན་ཞིག་གི་འོག་ནས་བྱུང་བ་ཡིན་པར་འདོད་ཅིང། དེ་ནི་བོད་ཀྱི་གསར་བརྗེ་བ་དག་གི་སེམས་ཀྱི་འཁྱེར་སྟངས་ཁྱད་པར་ཅན་དེ་མཚོན་པར་མངོན་ནོ།
     བོད་ཀྱི་རིག་པའི་དཔའ་བོ་དང་ལོ་རྒྱུས་བཟོ་བ། 
      རྙིང་གཏོར་གྱི་ལྟ་བ་དེ་འདྲའི་འོག། གསར་བརྗེ་བ་འདི་དག་གིས་བོད་ལ་ཆབ་སྲིད་ཀྱི་འཇིགས་ཉེན་དང། བརྡགས་གསིགས་བྱུང་ཚུལ་ཐམས་ཅད་བོད་ཀྱི་ཤེས་རིག་དང། སྔོན་སྲོལ་ཐམས་ཅད་ཀྱི་སྟེང་དུ་བཀལ་ཏེ། བོད་ཀྱི་ད་ལྟ་དང་མ་འོངས་བར་བལྟས་ཡོང་དུས། ཐམས་ཅད་མ་འགྲིག་པ་དང། རང་རང་གི་བློ་ངོར་དང་མི་མཐུན་པ་ཡོང་གིན་ཡོད་པས། ཁོ་ཚོས་རང་རང་སོ་སོས་སྣང་ངོ་འཆར་ཚུལ་ལ་ལྟོས་ནས་བོད་ཀྱི་ལོ་རྒྱུས་ལ་འགྲེལ་བཤད་དང། ཁོ་ཚོ་དང་མཐུན་པའི་དཔའ་བོ་དང། སྡར་མ། དེ་བཞིན་མཁས་བ་དང་བླུན་པོ་སོགས་ཀྱི་མཚོན་པའི་ལོ་རྒྱུས་མང་པོ་བཟོས་ཡོད་པ་རེད། འདི་ལྟར་མཁས་བ་དང་བླུན་པོ། དེ་བཞིན་དཔའ་བོ་དང་སྡར་མ་སོགས་ཀྱི་ལོ་རྒྱུས་བཟོ་དགོས་ཡོད་ཕྱིར། དོན་གྲུབ་རྒྱལ་ནི་ཁོ་ཚོའི་སེམས་ཀྱི་མཁས་བ་དང། དཔའ་བོ་སོགས་ཀྱི་ཁྱད་ཆོས་དེ་ཚང་ཞིང། དེའི་ཕྱིར་དོན་གྲུབ་རྒྱལ་ལ་བོད་ཀྱི་གསར་གཏོད་པ་དང། དེང་རབས་བོད་ཀྱི་སྙན་ངག་གི་སྲོལ་བཏོད་པ་སོགས་མཚོན་པའི་མིང་སྣ་ཚོགས་བཏགས་ཏེ། རིག་པའི་དཔའ་བོ་ཞིག་ཡིན་པར་སྒྲུབ་ཡོད། དོན་གྲུབ་རྒྱལ་རང་གི་མིང་འདོགས་སྟངས་ཀྱི་ཐད་ནས་ཀྱང། དོན་གྲུབ་རྒྱལ་རིག་པའི་དཔའ་བོ་བཟོས་བའི་ལོ་རྒྱུས་དེ་གསལ་བོ་མཚོན་འདུག། ཁོང་གི་མིང་ལ་ཐོག་དང་པོར། ཁོ་རང་མཚོ་སྔོན་མི་རིགས་རླུང་འཕྲིན་ཁང་དུ་གསར་བརྗེའི་ལས་ཀ་བྱས་དུས་ཁོའི་མིང་ལ་“རླུང་འཕྲིན་རྒྱལ”ཞེས་འབོད་པར་བཤད་ཅིང། ༼སྤྲེལ་ནག་པ་རིག་འཛིན་གྲགས་ལྡན༽དེའི་རྗེས་ “རང་གྲོལ”དང་ད་ལྟ་”དཔལ་དོན་གྲུབ་རྒྱལ”ཞེས་འབོད་པ་དག་ཀྱང། སེམས་རྣལ་དུ་ཕབ་ནས་ཞིབ་དཔྱད་བྱས་ཡོང་དུས། དམར་སྲུང་དམག་ཞིག་ནས་རིག་གནས་གསར་བརྗེ་བ་ཞིག་ཏུ་བསྒྱུར་པ་དང། དེ་ནས་དེ་བཞིན་རིག་པའི་དཔའ་བོ་སོགས་སུ་བསྒྱུར་བའི་རིམ་པ་མཚོན་ཡོད་པ་དང། འདིས་ཀྱང་བོད་ཀྱི་རྙིང་གཏོར་པ་དག་གིས་སེམས་ཀྱི་འགྱུར་པ་དང། ཁོ་ཚོའི་ལོ་རྒྱུས་དང། ལྟ་བའི་རང་གཤིས་བཅས་མཚོན་བཞིན་ཡོད། དོན་གྲུབ་རྒྱལ་གྱི་རྗེས་སུ། ཡང་ཁོ་ཚོས་དོན་གྲུབ་རྒྱལ་གྱི་མི་ཚེ་དང། ལྟ་བ་དང། དེ་བཞིན་རང་གཤིས་བཅས་ལ་བརྟེན་ནས་བོད་ཀྱི་རིག་པའི་དཔའ་བོ་གཞན་ཞིག་ཀྱང་རྙེད་ཏེ། དགེ་འདུན་ཆོས་འཕེལ་དོན་གྲུབ་རྒྱལ་གྱི་ལྟོས་ཏེ། རིག་པའི་དཔའ་བོ་ཞིག་ཏུ་བཟོས་ཡོད། ཁོ་ཚོའི་སེམས་ཀྱི་ཕུག་ཏུ། དགེ་ཆོས་ནི་དོན་གྲུབ་རྒྱལ་དང་འདྲ་བར། རྙིང་ཞེན་དང། ཀླ་ཀློ་དང། མུན་ནག་ཅན་གྱི་དུས་སྐབས་དེ་ལ། གསར་གཏོད་ཀྱི་སྙིང་སྟོབས་ཡོད་པ་དང། ཚན་རིག་གི་ལྟ་བས་ཁྱབ་པའི་དགེ་འདུན་ཆོས་འཕེལ་གྱིས་བོད་མི་མང་འདི་བཞིན། འཛམ་གླིང་”སྔོན་ཐོན”གྱི་མི་རིགས་གྲས་སུ་འབད་པ་དང་རྩོལ་མ་མང་དུས་བྱས་མོད། བོད་མི་ཀླ་ཀློ་བ་ཕྲག་དོག་དང་ཨུ་ཚུགས་ཀྱིས་ཁྱབ་པ་དེ་དག་གིས་བཙོན་དུ་བཟུང་ནས་བསད་པ་རེད་ཅེས་དངོས་ཤུགས་གང་ཡོད་ཀྱིས་མང་པོ་བཤད་ཡོད། ལྷག་པར་ཏུ་དགེ་ཆོས་ཀྱི་སྤྱོད་པ་སྟེ། ཨ་རག་མཐུང་བ་དང། སྨྱོ་ལབ་ལྟ་བུའི་སྤྱོད་པ་རྣམས་མ་མཚར་བོ་ཞིག་ལ་བརྩིས་ཏེ། དམིགས་གསལ་གྱི་བསྟོད་པ་མང་པོ་བྱས་ཡོད་པ་མ་ཟད། དོན་གྲུབ་རྒྱལ་དང་འདྲ་བར་དགེ་ཆོས་ཡང་བོད་ཀྱི་རིག་པའི་དཔའ་བོ་ཡ་མཚར་བ་ཞིག་ཡིན་པར་སྒྲུབ་ཡོད།༼འདིའི་སྐོར་གཞན་དུ་ཞུ་འོས༽། འདོར་ན་དགེ་ཆོས་ཡང་མཁས་བ་གཞན་དང་མི་འདྲ་བའི་དམིགས་གསལ་གྱི་ཁྱད་ཆོས་ཅི་ཡང་མེད་པར། དོན་གྱི་སྔོན་གྱི་བོད་ཀྱི་མཁས་བ་ཞིག་ཡིན་པ་དེ་རེད།ཁོང་དམིགས་གསལ་ཅན་དུ་སྒྲུབ་པ་ནི། གཞན་དུ་གླེང་ཡོད་པ་བཞིན།དགེ་ལུགས་པ་ལ་མི་དགོས་བའི་རྙིང་བ་སྐོར་ཅིག་དང། བོད་ཀྱི་རྙིང་གཏོར་བ་ཁག་ཅིག། དེ་བཞིན་སྔོན་གྱི་བཀའ་ཤག་སོགས་ལ་སྡང་མཁན་ཁ་ཤས་ཀྱིས་གསར་ཏུ་བཟོས་བ་ཞིག་རེད།
      མཐའ་སྡོམ་ནི།
༼ཀ༽དེང་རབས་བོད་ཀྱི་རྩོམ་རིགས་ཟེར་བ་འདི་དོན་གྲུབ་རྒྱལ་ལས་མགོ་བརྩམས་ཞིང། རིག་གནས་གསར་བརྗེའི་ཆེན་མོའི་རྗེས་སུ་བྱུང་བ་ཡིན་ཕྱིར། ཚིག་གི་སྡེབ་སྦྱོར་སྒྲིག་ཚུལ་དང། རྩོམ་གྱི་སྒྲིག་སྟངས། མཛེས་པའི་ཉམས་གཏོད་ཚུལ། ལུས་ངག་ཡིད་གསུམ་ཀྱི་རྣམ་འགྱུར་ཐམས་ཅད་ལ་མ་ཧ་ཙི་ནའི་ཡུལ་གྱི་ཤན་མ་ཞུགས་པ་ཞིག་ཧ་ལམ་མེད་ཅིང། ལྷག་པར་ཏུ་རིག་གནས་གསར་བརྗེ་ཆེན་མོ་ཞེས་བའི་དུས་འགྱུར་ཆེན་མོ་དེ་ཡིས་ཤན་མ་ཞུགས་པ་ཞིག་གཏན་ནས་མི་འདུག་པས། དོན་གྱིས་བོད་ཀྱི་རྩོམ་རིགས་ཟེར་བ་འདི་བོད་རང་གི་རྩོམ་ཞིག་གཏན་ནས་མ་ཡིན་པར། དུས་ཁྱད་པར་ཅན་གྱི་ནང། མི་ཁྱད་པར་ཅན་འགའ་ཞིག་གིས་སྲིད་གཞུང་གི་ལས་ཁུངས་དང། དེང་རབས་ཀྱི་འཕྲུལ་ཆས། ཨུ་ཚུགས་ཆེན་པོས་སྒོ་ནས་བོད་ཡིག་ཏུ་སྤེལ་བ་ཞིག་རེད།
༼ཁ༽དེ་བཞིན་དེང་རབས་བོད་ཀྱི་རྩོམ་རིགས་ཟེར་བ་འདི། སློབ་གྲྭའི་ཉལ་ཁང་། ལས་ཁུངས་ནང་ནས་ཕྱིར་ཐོན་པ་ཡིན་ཕྱིར། རྩམ་དྲི་བྲོ་བའི་བོད་ཀྱི་འབྲོག་པ་དང། ཞིང་བ་སོགས་ཀྱི་མཚོན་པའི་བོད་ཀྱི་མི་མང་ལ་འབྲེལ་བ་ཅི་ཡང་མེད། 
༼ག༽དེང་རབས་བོད་ཀྱི་རྩོམ་རིགས་ཀྱི་རྗེས་སུ་འཇུག་པ་དག་ནི། རྩ་བའི་ཆ་ནས་རྙིང་གཏོར་གྱི་གསར་བརྗེ་བ་དག་ཡིན་ཞིང། ཁོ་ཚོའི་བོད་མི་ཡོངས་དང་མི་འདྲ་བར། བོད་ཀྱི་སྔོན་སྲོལ་གྱི་རིག་གཞུང་དང་།རང་མོས་ཀྱི་སྒྲིག་འཛུགས་༼དགོན་པ༽། སྔོན་གྱི་སྤྱོད་བཟང་༼མི་དགེ་བ་བཅུ་སོགས༽རྩ་བའི་ཆ་ནས་ཡིད་ཆེས་དང་། དད་པ་མེད་པར་མ་ཟད། གང་ལ་ཡིད་ཆེས་མེད་ཅིང་། མི་ཐེ་ཚོམ་ཅན། འཇིག་རྟེན་ནི་ཐེ་ཚོམ་གྱི་སྒོ་ནས་བལྟ་མཁན།མི་གཤིས་བཅོས་མའི་རང་བཞིན་ཅན་དག་ཡིན།
༼ང༽ཆེས་འཇིགས་སུ་རུང་བ་ནི། བོད་ཀྱི་རྩོམ་རིགས་ལ་རྗེས་སུ་འཇུག་པ་དག་ལ། རིགས་པ་དང་། གཏན་ཚིགས་མེད་ཅིང་། སློབ་གྲྭའི་ནང་གི་རང་གཤིས་སྟེ།ཅི་མི་སྙམ་པར་སྐད་ཆེན་པོ་དག་སྒྲོག་མཁན་གྱི་རང་གཤིས་དེ།
 ཁོ་ཚོའི་རྩོམ་ཚང་མའི་ནང་ཁྱད་ཆོས་གསལ་བོ་ཡོད།
༼ཅ༽བོད་ཀྱི་རྩོམ་རིགས་ཞིབ་འཇུག་པ་དག་གིས་དོན་གྲུབ་རྒྱལ་དང་། ཞོགས་དུང་སོགས་ཀྱི་སློབ་གསོའི་རྒྱབ་ལྗོངས་དང་། ཁྱད་པར་རིག་གནས་གསར་བརྗེའི་ཆེན་པོའི་ལྟ་གྲུབ། ཚིག་སྦྱོར།
 སེམས་ཀྱི་འཁྱེར་སྟངས་སོགས་ལ་ཞིབ་དཔྱོད་མ་བྱས་བས་ཁོ་ཚོའི་ཞིབ་འཇུག་དེ་ཆ་མ་ཚང་བ་དང། ཕྱོགས་རེ་བ་ཞིག་རེད།
       མཐའ་མའི་སྐད་ཆ་ལྟ་བུ་ལ། རྙིང་གཏོར་གྱི་ལྟ་བ་འདི་ནི་རིག་གནས་གསར་བརྗེའི་ལྟ་བ་ཡིན་ཞིང། དེ་ནི་ཕྱིའི་རིག་གནས་སྟེ། དགོན་པ་དང། ལྷ་སྐུ། དེ་བཞིན་དཔེ་དེབ་སོགས་བཅོམ་ཚར་པའི་རྗེས་སུ། མི་རྣམས་ཀྱི་སེམས་ཁོང་གི་རིག་གནས་ཀྱི་འདུ་ཤེས་ཙམ་ཡོད་པ་དེ་བཅོམ་ཆེད་དུ་བསམ་བཞིན་དུ་སྤེལ་བ་ཞིག་ཡིན། དེ་བས་ད་ལྟ་རྙིང་གཏོར་གྱི་ལྟ་བ་འདི་དམངས་གཙོ་དང་། ཚན་རིག ཡར་རྒྱས་སོགས་ལ་འབྲེལ་བ་ཅི་ཡང་མེད་པར་བོད་མི་རིགས་དང།ཤེས་རིག་འདི་བཞིན་དགོས་མིན་གྱི་གནད་དོན་དེ་ཡིན། གསར་བརྗེ་བ་དག་གིས་བོད་ཀྱི་ཕྱིའི་རིག་གནས་ཐམས་ཅད་བཅོམ་ཚར་པ་རེད། ད་ལྟ་ལྷག་ལུས་སུ་ཡོད་པ་ནི། ནང་གི་བོད་ཀྱི་རིག་གནས་དང་། འདུ་ཤེས་འཛིན་སྟངས་དེ་རེད།ད་ལྟ་ཁྱོད་ཚོས་བོད་མི་མང་གི་་ནང་གི་འདུ་ཤེས་འཛིན་སྟངས་ཕྲ་མོ་དེ་ཡང་བཅོམ་བསམ་པ་ནི། བོད་ཀྱི་ལོ་རྒྱུས་དང་། ཤེས་རིག། བོད་མི་མང་ལ་འགན་མ་འཁུར་བ་ཞིག་དང་། དོན་གྱི་ལོ་རྒྱུས་ཀྱི་ནག་ཉེས་མཁན་དག་དག་རེད།དེ་བས་ཁྱེད་ཅག་ལ་ལོ་ངོ་སྟོང་ཕྲག་མང་པོ་རིང་དུ་བརྒྱུད་ཡོང་བའི་ནང་གི་འདུ་ཤེས་དེ་ཙམ་ཞིག་ལྷག་ལུས་སུ་འཇོག་པར་བྱ་ཞེས་མིག་ཆུ་དང་བཅས་བོད་ཀྱི་གསར་བརྗེ་བ་དག་ལ་ཞུས་བ་ཡིན། 
    ཟུར་ཞུ།
ཕྲན་གྱིས་བྲིས་བའི་བསྟན་བཅོས་འདི་བཞིན། དྲ་རྒྱ་གཞན་དུ་འགོད་པ་དང། པར་སྐྲུན་བྱེད་པ། ཡང་ན་ཡིག་བསྒྱུར་བྱེད་པ་སོགས་ཀྱི་ཐོབ་ཐང། བརྗོད་བྱ་དང་རྗོད་བྱེད་ལ་མ་གནོད་པའི་འོག་ནས་དགག་རྒྱ་སོགས་ཅི་ཡང་མེད།
 རང་གི་དམིགས་དོན་ནི་རིགས་པ་དང་གཏན་ཚིགས་དང་འབྲེལ་བ་ཡོད་པའི་་སྐད་ཆ་ཞིག་གི་མགོ་སློང་བའི་ཆེད་དུ་བྲིས་བ་ཡིན། བརྗོད་བྱ་དང་རྗོད་བྱེད་གང་གི་ཐད་ནས་མི་ཁག་གཅིག་གིས་རྣ་ལམ་དུ་མི་འགྲོ་བ་དང། ཐལ་ཆེ་བ་འགའ་ཡོད་སྲིད་མོད།ཞིབ་ཏུ་བསམ་ན་གང་གིས་ཐད་ནས་ཀྱང་བོད་ཀྱི་ཤེས་རིག་ཡོངས་རྫོགས་རྩ་གཏོར་གཏོང་དགོས་ཟེར་བ་ལས་འཇམ་པོར་ཡོད།  རྩོམ་ཐུང་འདི་ལའང་དགེ་ཆོས་སྐོར་གྱི་རྩོད་རྙོག་ལྟར། ངའི་མགོ་ལ་ས་རྩོད་དང། ཆུ་རྩོད། དོན་མེད་སྒྲོ་བཏགས་ཀྱི་གཏམ་རྒྱུད་མང་པོ་ཡོང་རྒྱུ་ཡིན་པའང་ཐེ་ཚོམ་མེད། ཡིན་ནའང་རྩོམ་འདིའི་དོན་གནད་ལ་ལུང་རིགས་གང་གི་ཐད་ནས་ལན་ཐོག་འདྲ་བ་ཞིག་ཡོང་བའི་རེ་བ་མེད། རྒྱུ་མཚན་ཅི་ཡིན་ཞེ་ན། གོང་དུ་མང་པོ་བཤད་ཡོད་པ་བཞིན། བོད་ཀྱི་གསར་བརྗེ་བ་དག་ལ་རིགས་པ་མེད། གཏན་ཚིགས་མེད། ཡོད་པ་ནི་རིག་གསར་ལྟར་སྐད་འབོད་དྲག་པོ་བྱ་རྒྱུ་དེ་རེད། དེ་བས་མང་པོ་ཞིག་གིས་མ་གོ་ཁུལ་ལམ། མ་ཤེས་ཁུལ་བྱེད་ནས་སྡོད་པའང་ཡོང་བའང་སྔོན་དཔག་ཡོད། སྤྱིར་བཏང་རྙིང་གཏོར་གྱི་ལྟ་བ་འདི་ད་ལྟ་རིག་པའི་གནས་ཞིག་ལ་བརྩིས་ཏེ། ཆུ་ཚོད་མང་པོར་འཕྲོ་བརླག་གིས་ལན་འདེབས་སོགས་བྱ་དགོས་བ་ནི་དུས་མི་འདྲ་བ་ཞིག་སླེབས་པ་མཚོན་ཡོད། 
   དཔེ་དེབ་རྣམས་ཀྱི་ཐོ་བཀོད་པ།
༼༡༽མོའི་ཙེ་ཏུང་གི་གཅེས་བསྡུས། དང་པོ། གཉིས་བ། གསུམ། བཞི་བ། ༡༩༦༧། པེ་ཅིན། མི་རིགས་དཔེ་སྐྲུན་ཁང།
༼༢༽དོན་གྲུབ་རྒྱལ་གྱི་གསུང་འབུམ། པོད་ཆ་ཚང། ༡༩༩༧། པེ་ཅིན་མི་རིགས་དཔེ་སྐྲུན་ཁང། 
༼༣༽དཔྱོད་ཤེས་རྒྱང་འབོད། ཞོགས་དུང་གིས་བརྩམས། ༢༠༠༨། ལན་ཀྲིག། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང།
༼༤༽རང་གྲོལ་ཞིབ་འཇུག། ཆོས་སྐྱོང་གིས་བརྩམས། ༢༠༠༦། ལན་ཀྲིག། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང།
༼༥༽པད་མ་འབུམ། ༡༩༩༩. མི་རབས་གསར་པའི་སྙིང་ཁམས་ཀྱི་འཕར་ལྡིང་། སྙན་ངག་གསར་པའི་སྐོར་གླེང་བ།
་༢༠༠༠ དྲན་ཐོ་སྨིན་དྲུག་སྐེ་འཁྱོག་
་༢༠༠༡ དྲན་ཐོ་རྡོ་རིང་མ། 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།