གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བསྒྲལ་རྡོའི་གཞན་དང་མི་འདྲ་བའི་སྙན་ངག་འགའ།

2011-03-18 16:01:00 བསྒྲལ་རྡོ། ཀློག་གྲངས། མཆན ཡོད།


          ༼ཁ་སང་དང་དེ་རིང༽
                      
རྨི་ལམ་ཅིག་ལས་སད་དུས
སླར་ཡང་རྨི་ལམ་ཞིག་རེད
རྨི་ལམ་གཉིས་ཀྱི་ཆེས་ཆེ་བའི་ཁྱད་ནི
རྒྱབ་ཕྱོགས་ཀྱི་ལ་ལུང་དུ
ཁ་བ་ཞིག་བབས་ཡོད་མེད་དེ་རེད
ཁ་བའི་ཁྲོད་དུ
དུས་ཚོད་དང་ངའི་རྐང་རྗེས་དལ་མོར་ཞུ་ཞིང
རྟ་མཆོག་ཅིག་ཡང་ཡང་འཚེར
ཁ་སང་དང་དེ་རིང
རྨི་ལམ་ཅིག་ལས་སད་དུས
སླར་ཡང   རྨི་ལམ་ཞིག་རེད
            ༢༠༠༤་༡༠་༢༡ མཚེ་རུ་མ་སློབ་ཆུང་དུ༌།

    ༼གྲངས་བཅུ་ལ་སྦྱར་ཏེ་ཕུལ་བའི་སྙན་ངག༽
སྐྱེ་བ་གཅིག་ལ་
སྨོན་ལམ་གཉིས་
ཕྱག་གསུམ་ཞུས་ཏེ་
ཕྱོགས་བཞིར་གྱེས་
དབང་ལྔའི་ཡིད་ཀྱི་མེ་ལོང་དུ་
འགྲོ་བ་རིགས་དྲུག་ཐང་ཀ་བཞིན་
ཚེ་རབས་བདུན་ལ་ཁྱེད་ཀྱི་ཞལ་
མི་རྟག་སྒྱུ་མའི་དཔེ་བརྒྱད་བཞིན་
འགྱུར་མེད་སྲིད་དགུའི་ཡང་རྩེ་རུ་
འབྱོར་བཅུའི་ལུས་འདིའི་མགོན་དུ་འཆར་

              ༼བླ་བྲང༽
བླ་བྲང་གོ་རེ་བརྩིགས་པ་དང་འདྲ་བའི་
མཁར་དང་ཁང་བ་དེའི་བདག་པོའི་ཁ་ངོ་
གསེར་དང་གོ་ས་མར་དང་དོང་ཙེ་མ་གཏོགས་
བརྩེ་དུངས་དེས་འཚོ་ཐབས་སུ་ལ་ཡོད་
བླ་བྲང་
མི་ལོ་སུམ་བརྒྱའི་ལོ་རྒྱུས་ཀྱིས་བྲིས་པའི་བཞི་ཤད་ནི་
མྱི་ངན་ཞེས་པ་དེ་ཡིན་ཤས་ཆེ་ན་
དགེ་ཆོས་སྨྱོན་པ་ས་མཐའ་རུ་སྐྲོད་མཁན་དེ་ཡང་
ཁེར་ཟོས་ཞེས་པ་དེ་ཆེ་ཡིན་
བླ་བྲང་
འདི་རུ་ངོ་ཤེས་ཡོད་   བཟང་ས་ཡོད་   སློབ་གྲོགས་ཡོད་མོད་
ཇ་ཁམ་བུ་གང་འཐུང་ས་སུ་ལ་ཡོད་
བླ་བྲང་
བླ་བྲང་སྐྱ་གོར་དང་འདྲ་བའི་མྱི་འདི་ཚོའི་ཁ་ངོ་འཚོ་དགོས་དུས་
ཚེ་སྲོག་འདི་བོང་སྐྱ་ལུ་ཞིག་གི་སྐེ་ལ་བཞག་ཚར་འདུག
བླ་བྲང་ལ་འབྱར་ས་
བླ་བྲང་། 
བཀྲ་ཤིས་འཁྱིལ་བར་ཤོག
            ༢༠༡༠ལོའི་ཟླ་༡༡པའི་ཚེས་༩ལ་བླ་བྲང་དཔོན་ཚང་ནས།

              ༼འཇར་པན།   ངས་འཇིག་རྟེན་འདིའི་ཆེས་མཐོ་ས་ནས་ཁྱོད་ལ་མཆོད་མེ་ཀོང་བུ་ཀོང་བུ་བཏེགས་ཡོད༽
                                                                          ༣པའི་༡༡ཉིན་གྱི་འཇར་པན་གོད་ཆག་ལ་བྲིས།
ཚེ་སྲོག་ནི་སྐར་མ་ཟ་ཟི་ཞིག་སྟེ་
ལག་པ་འདིས་ཉམ་ཆུང་དང་སེམས་ཆུང་ངང་ཅི་འདྲར་བསྐྱོར་ཡང་
ནམ་ཞིག་རྒྱང་རིང་དུ་ཡལ་མི་འགྲོ་བའི་རང་དབང་སུ་ལ་ཡོད་
དེ་བས་འཇར་པན་པ་
གོད་ཆག་འདི་གནམ་རྒན་མར་ཁག་འཇོག་ས་མེད་ལ་
ལྷ་དབང་ལ་ཁག་འཇོག་ས་དེ་བས་ཀྱང་མེད་པས་
མིག་ཆུ་ཐིགས་པ་ཐིགས་པ་དེ་སུ་ལའང་མ་བཤད་དང་མ་འོངས་པར་
ཁྱོད་ཚོས་དེ་དག་གསེར་ནག་ཐིགས་པ་ཐིགས་པར་བསྐྲུན་པའི་ཡིད་ཆེས་ཡོད་
ཨ་འཇར་པན་པ།   བློ་སྤོབས་དང་ཤེས་རབ་ཀྱི་མི་རིགས།
ཁྱོད་ཚོའི་མདུན་དུ་འཆི་བ་དེ་ཡང་ཉམ་ཆུང་བ་ཞིག་ཡིད་པའི་ངེས་པ་ཡོད་པས་
སྐག་གི་གྲི་ཐུང་དེའི་རྣོ་དབལ་ཡིན་པའི་ཤེས་པ་རྒྱང་དུ་སྲོངས་ཤིག
ང་རྒྱལ་སུག་རིང་གིས་བྲིས་པའི་འཇར་པན་པ་
བདག་གིས་ས་སྒང་འདིའི་ཆེས་མཐོ་ས་ནས་
སྨོན་ལམ་དང་གསོལ་འདེབས་ཀྱི་མཆོད་མེ་ཀོང་བུ་ཀོང་བུ་
ཁྱོད་ཚོའི་ཕྱོགས་སུ་བཏེགས་ཡོད་པས་སྐྲག་ཅི་ལ་དགོས་
ཚེ་སྲོག་ནི་མ་གཞི་ནས་ཟིལ་བ་ཆུང་ཆུང་ཞིག་ཡིན་སོང་མོད་
                                             ༢༠༡༡ཟླ་༣ཚེས་༡༡ཉིན་རྨ་ཆུ་ནས་བྲིས།
             
                   ༼སོག་ལེ།༽ རྒྱན་རིས་སྙན་ངག
རིན་ཆེན་བརྩེ་དུང་ཟེར་ནས་
གདོང་ལ་
བཅོས་འཛུམ་ཞིག་བསྡུས་ཏེ་
བུ་མོ་
ཡིད་ཆེས་ཤིག་ཟེར་ནས་
སེམས་ལ་
ལྕགས་ཀྱུ་ཞིག་སྦས་ཏེ་
ཐུང་ཐུང་
མི་ཚེ་འདི་ཟེར་ནས་
དོ་ནུབ་
ཐོབ་དགོས་རང་གསུངས་དུས་
ཨེ་ཕོད་
སང་ཉིན་ལས་དབང་འདི་ཟེར་ནས་
འདུག་རོགས་
གྲིབ་མ་ལས་མེད་པས་
མ་ཉན་
ཕ་བཟང་གི་མཛངས་མ་
མི་ལུས་
མཚན་གཅིག་གིས་ཁྱེར་འགྲོ་      
༢༠༡༡ལོའི་ཟླ་༣པའི་ཚེས་༡༧ཉིན་རྨ་ཆུའི་སློབ་ཆུང་དུ།
        
              སྙན་ངག་པ།
ཁ་
ཁ་ཁ་
ཁ་ཁ་ཁ་
བ་
བ་བ་
བ་བ་བ་
ང་
ང་ང་
ང་ང་ང་
ད་
ད་ད་
ད་ད་ད་
ཉིན་གང་ཨ་རག་སྤྱད་
ཇ་
ཇ་ཇ་
ཇ་ཇ་ཇ་
ཟ་
ཟ་ཟ་
ཟ་ཟ་ཟ་
ཡ་
ཡ་ཡ་
ཡ་ཡ་ཡ་
མཚན་གང་སྟུག་དྲི་འཕངས་
ཨ་
ཨ་ཨ་
ཨ་ཨ་ཨ་
ཚེ་གང་ཀུ་ཅོ་བརྒྱབ་
                               ༢༠༡༡ལོའི་ཟླ་༣ཚེས་༡༡ཉིན་རྨ་ཆུ་རྫོང་བོད་སློབ་ཆུང་དུ།

                                       ༼ལས་རེས་པ༽
                                             ཇ་
                                           ཇ་ཇ་
                                         ཇ་ཇ་ཇ་
                                              པ་
                                             པ་པ་
                                            པ་པ་པ་
                                               ཞ་
                                              ཞ་ཞ་
                                              ཞ་ཞ་ཞ་
                                                  ཧ་
                                                  ཧ་ཧ་
                                                 ཧ་ཧ་ཧ་
                                          འདི་ནི་ལས་ཀ་རེད་
                                           འདི་ནི་འོས་འགན་རེད་
                                           འདི་ནི་ཁྲིམས་ལུགས་རེད་
                                                       ཤུ་
                                                      ཤུ་ཤུ་
                                                      ཤུ་ཤུ་ཤུ་
                                         ༢༠༡༡ལོའི་ཟླ་༣ཚེས་༡༠ཉིན་རྨ་ཆུ་རྫོང་བོད་སློབ་ཆུང་དུ།

 
 
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།