གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཆིང་གྲོལ་གྱི་སྙན་ངག་རིང་མོ། སྙན་ངག་གོམ་བརྒྱ་བ།

2011-03-04 17:01:00 འཆིང་གྲོལ། ཀློག་གྲངས། མཆན ཡོད།


        སྙན་ངག་གོམ་བརྒྱ་བ།

  
                           ང་ཡི་གནམ།  ང་ཡི་ས།     ཁྲི་ལོར་ཤོག
                                          _____ཉིན་ཐོ་ལས་དྲངས།

      (རི་མོའི་པར་དབང་བོད་ཀྱི་རི་མོ་བ་ཚེ་བརྟན་གྱི་ཡིན)
 
གོམ་པ་དང་བོ།
མང་བོ་ཞིག་གིས་འཚང་ཁ་ཤིག་ཤིག་བྱེད་ས་དེར།
ཁྱོད་ཀྱིས་མིག་མདའ་འཕེན་དགོས་དོན་གང་ཡང་མེད།
དབྱེ་འབྱེད་དང་རང་ཚུགས་ཀྱི་བསམ་བློ་དེ་ཡོད་ན།
ནང་སྙིང་བྲལ་བའི་ཧུར་སྒྲ་དེས་ཅི་གནོད།
 
གོམ་པ་གཉིས་པ།
གཤོག་པ་ཅན་ཚོ་འཕུར་ན་འཕུར་དུ་ཆུགས།
ལེ་ལོ་ཅན་ཚོ་གཉིད་ན་གཉིད་དུ་ཆུགས།
ཁྱུང་ཆེན་སྦྲང་མའི་ཚང་ལ་འཛུལ་མི་ཐུབ་ཅིང༌།
སྦྲང་མས་ཆེས་མཐོ་བའི་ནམ་འཕང་གཅོད་མི་ཐུབ་པ།
ཁྲིམས་དཔོན་ཞིག་གིས་ཐག་བཅད་པ་གཏན་ནས་མ་རེད།
(སྒེར་གཤིས་ནི་སྒེར་ཁོ་ནའི་གཤིས་ཀ་ཡིན་ཏེ།
སུ་ཞིག་གིས་རང་ཉིད་ལས་གཞན་གྱི་འཐུས་ཚབ་བྱེད་ཐུབ།)
 
གོམ་པ་གསུམ་པ།
ཁྱོད་ཀྱིས་གླུ་བླངས་མི་ཆོག་པ་བདེན་ཀྱང༌།
ཁྱོད་ཀྱི་མགྲིན་པ་དེ་གླུ་ལེན་བྱེད་ཁོ་ན་མ་རེད།
ཁྱོད་ལ་སྣག་ཤོག་མི་འཚོང་བ་བདེན་ཀྱང༌།
སྙན་ངག་ཅེས་པ་སྣག་ཤོག་ཁོ་ནར་འབྲི་དགོས་པ་ཞིག་མ་རེད།
 
གོམ་པ་བཞི་བ།
མགོ་བརྩམས་པ་ནས་མཇུག་བསྡུས་ཆོག་པ་ཞིག་མ་རེད།
དེ་བས་ཁྱོད་ཀྱིས་གོམ་མཚམས་འཇོག་ག་ལ་རུང༌།
ཇོ་མོ་གླང་མ་ཆེས་མཐོ་བའི་རི་བོ་མ་ཡིན་ཞིང༌།
གཞན་དག་འཕུར་སྡེར་ལའང་བསྡད་མྱོང་བའི་ངེས་ཤེས་རྙེད་དུས།
ཁྱོད་ལ་བྲེལ་ཤ་ཞིག་ངང་གིས་ཐོན་ཡོང༌།
ང་ཚོས་འཇིག་རྟེན་གྱི་ཕ་མཐའ་རྙེད་དཀའ་མོད།
རང་ཉིད་ཀྱི་ལམ་བུ་ཨུ་ཚུགས་ཀྱིས་བགྲོད་ཚར་ན།
ང་ཚོས་རང་ཉིད་ཀྱི་ངོ་གདོང་དངོས་མ་བོ་མཐོང་ངེས་ལ།
དེ་དུས་ང་ཚོས་འཇིག་རྟེན་གྱི་ཕ་མཐའ་ཡང་ག་ལེར་རྙེད་སོང་བ་མིན་ནམ།
 
གོམ་པ་ལྔ་བ།
ཁྱོད་རང་ཁ་རོག་གེར་བསྡད་མེད་པ།
ངས་མཐོང་གི་འདུག
ཁྱོད་རང་འགྱེལ་ས་ནས་ཧར་གྱིས་འགྲེང་བ།
ངས་མཐོང་གི་འདུག
ཁྱོད་ཀྱིས་རང་ཉིད་ཀྱི་རུས་རྐང་བཞུས་ཏེ།
རྐང་མར་གྱིས་དཀར་མེ་ཞིག་བཏེགས་པའང༌།
ངས་མཐོང་གི་འདུག
ད་དུང༌།    ངས་མཐོང་བ་ནོར་མེད་ན།
ཁྱོད་ཀྱི་ལག་ན་རུས་ཐལ་སྤར་མོ་གང༌།
ཁྱོད་ཀྱི་བྲང་ཁར་རྨ་ཁ་འཇིགས་པོ་ཞིག
(འདི་དག་རྟོག་བཟོ་མ་ཡིན་ཏེ། གཏན་ནས་མིན།)
 
གོམ་པ་དྲུག་པ།
ཤུགས་ཆེན་པོས་གློ་ལུ་ཞིག་བརྒྱབས་པས།
ང་ཚོའི་མིད་པར་ཁེགས་པའི་བཤེར་ཁུ་གཙང་དག་བྱ་ཐུབ་བམ།
གནའ་མི་ཚོས་ཀོ་བ་དང་རྒྱུན་བུ་ཟོས་པས་ཀྱང༌།
བཤེར་ཁུ་དེ་དཔྲད་མ་ཐུབ་ལ།
གནའ་མི་ཚོས་ཕྱེ་ལྡུར་དང་ཆུ་ནག་བཏུང་བས་ཀྱང༌།
བཤེར་ཁུ་དེ་བཀྲུ་མ་ཐུབ་པ་མ་རེད་དམ།
 
གོམ་པ་བདུན་པ།
ཁྱོད་ཀྱིས་ངའི་སེམས་ཁམས་ལ་ཚོད་འཛིན་བྱ་ཨེ་ཐུབ།
ཁྱོད་ཀྱིས་ངའི་སེམས་ཁམས་ཀྱི་རང་དབང་འཕྲོག་ཨེ་ནུས།
ལ་ལས་ཁྱོད་ལ་བྱིན་པའི་རང་དབང་ནི།
ཁྱོད་ཀྱི་སེམས་ཁམས་ཁོ་ནར་བྱིན་པ་ཡིན་ཞེས།
ང་ལ་ཡང་ཡང་སྒྲོག་གིན་འདུག
དོན་དམ་པར་རང་དབང་ནི་རང་དབང་ཙམ་དུ་ཟད་ནའང༌།
ང་ཚོར་རང་དབང་ལས་ལྷག་པའི་རིན་པོ་ཆེ་ཞིག་གང་ན་ཡོད།
 
གོམ་པ་བརྒྱད་པ།
རྒྱལ་ཁ་དེ་ཁྱོད་ལ་དབང༌།
བདེན་ཁ་དེ་ཁྱོད་ལ་དབང༌།
མ་འོངས་པ་དེ་ཁྱོད་ལ་དབང༌།
ཁྱོད་རང་རང་ཉིད་ཀྱི་ལམ་ལ་ཆས་པ་ནས།
ཁྱོད་ཀྱིས་ཞབས་འོག་ཏུ་མ་བཅུག་པ་གང་ན་ཡོད།
 
གོམ་པ་དགུ་བ།
མཚམས་ལན་རེར་མིག་ཆུ་བཞུར་ཡོང༌།
དེ་ནི་ཏག་ཏག་ཕྱིར་དྲན་བྱེད་པའི་སྐབས་དེ་ཅི་ལ་མིན།
མང་བོ་ཞིག་འཇབ་ཀྱིན་འཇབ་ཀྱིན་བུད་སོང་བར་བསམས་ན།
གཟེངས་མཐོ་བའི་གདོང་བ་ནས།
མིག་ཆུ་ཞིག་ཡུན་གྱིས་ལྷུང་འགྲོ།
དེ་ཡང་རྒྱ་སྒོག་གི་ཤུན་པ་བཤུ་དུས་ཇི་བཞིན།
 
གོམ་པ་བཅུ་བ།
ཁྱོ་ག་བསད་པའི་ཡུགས་མོ་དག་གི་གདུང་བ་ཇི་འདྲའི་ཟབ་ཀྱང༌།
ཕ་མ་བསད་པའི་བུ་ཕྲུག་དག་གི་ཞེ་སྡུག་ཇི་འདྲའི་མཐུག་རུང༌།
ཡོད་ཚད་ལས་དབང་ལ་ཁག་དཀྲི་དགོས་པ་གང་གིས་ལན་སོང༌།
དོན་ངོ་མར་ང་ཚོས་བརྙན་འཕྲིན་ལྟ་བུའི་ལོ་རྒྱུས་བཀླགས་མྱོང་བ་ལས།
གཡུལ་ས་ནས་མཆེད་པའི་ས་རྡུལ་དམར་བོ།
མིད་པར་འཚངས་པའི་ན་ཟུག་མྱངས་ཡོད་པ་མ་རེད།
 
གོམ་པ་བཅུ་གཅིག་པ།
མིག་ཆུ་སེམས་ལ་བཞུར་བ་ལས་གདོང་ཁུག་ཏུ་གཏོང་མི་ཆོག་པ།
གནམ་སྐོས་ཀྱི་བཀོད་པ་ཡིན་རབས་བརྗོད་ཀྱིན་འདུག
ཤི་བོའི་རྗེས་ཀྱི་གསོན་པོ་ཚོས།
ཆུ་ཁར་བླངས་མ་ཐག་པའི་ཉ་མོ་ཇི་བཞིན།
སྒྲ་མེད་ཀྱི་འགྲེ་ལྡོག་ཤུགས་ཀྱིས་རྒྱག་དོན་ཡང༌།
གདུང་ཤུགས་དང་གནོན་ཤུགས་དཀྱུས་གཅིག་ཏུ་སྐྱེས་པས་ཡིན་ངེས།
 
གོམ་པ་བཅུ་གཉིས་པ།
ཨ་ཁུ་ཨ་ནེ་ཚོས་བཤད་པའི་ལོ་རྒྱུས་སྐྱུར་མོ་ལས།
མཆེ་གཙིགས་མིག་བགྲད་ཀྱི་གཤེད་མ་འགའ་མཐོང་སོང༌།
ནམ་ཞིག་འདི་ལས་ཐར་ཐབས་ཤིག་ཡོད་ན།
ངས་ཁྱོད་ཚོའི་རུས་རྐང་རྡུང་ངེས་ཞེས་ཟེར་བའི།
བུད་མེད་ཅིག་གི་དཔའ་གཏམ་ཡང་ཐོས་སོང༌།
ད་དུང༌།  མཚོན་རྣོན་དང་ལྕགས་སྲེག་གི་རྗེས་ཤུལ་གསལ་བའི།
ཁོ་མོའི་བེམ་པོ་ཡང་མཐོང་སོང༌།  མཐོང་སོང༌།
 
གོམ་པ་བཅུ་གསུམ་པ།
གོམ་འགྲོས་འདི་དལ་དྲགས་སམ།
རང་ཉིད་ཀྱི་འདོད་བློའི་རྗེས་ཀྱང་ཆོད་དཀའ་འདུག
སེམས་པ་ཐག་རིང་དུ་ཤོར་ཤུལ་ནས།
སྡུག་མྱོང་མཁན་རྐང་བ་གཉིས་ལས་གཞན་མ་རེད།
ཕུགས་འདུན་དེ་རྒྱང་རིང་ན་ཡོད་པ་བདེན་ཀྱང༌།
རྐང་མགོ་འདིར་ཕ་བོང་ཞིག་བཏགས་ཡོད་པ་ཇི་བཞིན།
 
གོམ་པ་བཅུ་བཞི་བ།
གཙང་བོའི་བཞུར་རྒྱུན་གྱིས་གྲམ་པ་སྐམ་པོ་ཞིག་བཞག་འདུག
རྒྱ་མཚོའི་འཕེལ་འགྲིབ་ཀྱིས་ས་སྒང་རིལ་བོ་ཞིག་བསྐྱུར་འདུག
ཡིན་ཡང༌།    གནའ་ནས་ཅི་ཞིག་ལས་ཐར་མ་ཐུབ་པའམ།
གོ་རྟོགས་ཀྱི་འོད་སྣང་འཕྲོས་མ་མྱོང་བ་དེ།
ང་ཚོའི་གོམས་སྲོལ།     ང་ཚོའི་བསམ་བློ།
ང་ཚོའི་འགྱུར་རྡོ་ལྟ་བུའི་མཁྲེགས་འཛིན་དག་ཅིས་ཀྱང་ཡིན་ངེས།
 
གོམ་པ་བཅོ་ལྔ་བ།
ངས་ཡིན་ལུགས་ཁྲི་སྟོང་གི་དར་ཆ་ཕྱར་དུས།
ཨ་ཁུ་ཨ་ནེ་ཚོས་སྨྱོས་འདུག་སྨྱོས་འདུག་ཟེར།
ངས་གནས་བབས་ཁྲི་སྟོང་གི་ཉེན་ཁ་སྒྲོག་དུས།
ཕུ་ནུ་མིང་སྲིང་ཚོས་གླེན་ནོ་གླེན་ནོ་ཟེར།
ངས་རྐང་ལག་བསྐུམས་ཤིང་ངག་སྒོ་སྡོམ་དུས།
ཁོར་ཡུག་འདིའི་སྨྲ་ཤེས་ཐམས་ཅད་ཀྱིས།
ཁྱོད་རང་མཁས་ཤིང་ཁྱོད་རང་མཛངས་ཟེར།
 
གོམ་པ་བཅུ་དྲུག་པ།
སུ་ཞིག་གིས་དགའ་ལྡན་གསེར་ཁྲི་སྙེག་ནས་བུད་སོང་ངམ།
སུ་ཞིག་གིས་པོ་ཏ་ལའི་སྲིད་ཁྲི་སྙེག་ནས་བུད་སོང་ངམ།
སུ་ཞིག་གིས་ཇོ་ཁང་དང་དེའི་བར་སྐོར་སྙེག་ནས་བུད་སོང་ངམ།
སུ་ཞིག་གིས་སྐྱིད་ཆུའི་དྭངས་ཤ་སྙེག་ནས་བུད་སོང་ངམ།
ལྷ་ས།      ལྷ་ས།       ལྷ་ས།       རེད་དེ།
སྙིང་ཉེ་བའི་ལམ་འགྲོ་བ་ཨང༌།
བདག་གིས་ཁྱོད་ཀྱིས་ལྷ་ས་དེ་རྙེད་པར་སྨོན་ནོ།།
 
གོམ་པ་བཅུ་བདུན་པ།
ལྟོས་དང༌།     ཕ་གིར་ལྟོས་དང༌།
མི་མང་བོ་ཞིག་མདུན་ཕྱོགས་སུ་རྒྱུག་གིན་འདུག
ཁོ་ཚོའི་བགྲོད་ལམ་བདེ་ཞིང་རྒྱ་ཆེ་བར་འདུག
ལྟོས་དང༌།       ཕ་གིར་ལྟོས་དང༌།
བྱ་རྒོད་ཀྱིས་གཤོག་ཟུང་བརྐྱངས་འདྲའི་དངོས་ཆས་གན་ཅི་རེད།
མར་སྒམ་ལ་འཁོར་ལོ་སྤྲད་འདྲའི་དངོས་ཆས་གན་ཡང་ཅི་རེད།
ལྟོས་དང༌།      ཕ་གིར་ལྟོས་དང༌།
མིག་འཕྲོག་ཅིང་ཡིད་འགུག་པ་ཇེ་མང་ནས་ཇེ་མང་རེད།
དང་ཐོག་ནས་མདུན་ཕྱོགས་འདི་འདྲ་ཞིག་ཡིན་ཚུལ་ཤེས་ཡོད་ཚེ།
ང་ཁ་རོག་གེར་འདུག་མི་སྲིད་ལ་ཁྱོད་རང་སྡོད་ག་ལ་ཚུགས།
ཨ་ཨ།     ལྟོས་དང༌།      ཕ་གིར་ལྟོས་དང༌།
 
 
གོམ་པ་བཅོ་བརྒྱད་པ།
ཆུང་དུས་སུ་ནམ་མཁའ་འདི་ཤྭ་མོ་ཞིག་ཏུ་བསམས་མྱོང་ཞིང༌།
ནམ་ཞིག་བསིལ་གདུགས་ཀྱི་གྲིབ་བསིལ་འོག་ནས་གཡོལ་བ་ལྟར།
མགོ་ཐོག་གི་འདི་ལས་ཕར་འདའ་ཡང་ཐུབ་རྒྱུ་རེད་སྙམ་སོང༌།
ན་ཚོད་ཅུང་ཟད་སྨིན་པ་དང་བསྟུན་ནས།
ངའི་སེམས་པའི་བུ་ག་ཡང་རྒྱ་ཇེ་ཆེར་སོང་བ་ཡིན་ནམ།
ངས་རང་ཉིད་ག་ས་གང་དུ་ཆས་ཀྱང༌།
མཁའ་དབྱིངས་འདི་ལ་གཡོལ་ཐབས་ཤིག་མེད་དོ་སྙམ་མྱོང༌།
ད་དུང༌།   ཁ་སང་དེ་རིང་ངས་ཡང་བསྐྱར་འདི་ལྟར་དྲན་ཏེ།
གལ་ཏེ་མགོ་ཐོག་གི་ནམ་མཁའ་འདི་ལས་ཐར་དགོས་ན།
ཆེས་ཐོག་མར་རང་ཉིད་ཀྱི་སེམས་པའི་ཁོར་ཡུག་ནས་ཐར་ཐབས་བྱ་རྒྱུ་དེའོ།།
 
གོམ་པ་བཅུ་དགུ་བ།
ལྷན་པ་དགུ་བརྩེགས་དེས་ཁྱོད་ཀྱི་ནང་སེམས་ལ།
རྒྱལ་མཁར་ལྟ་བུའི་ཉེན་འགོག་བྱས་ཡོད་དམ།
རྩིད་སྐུད་ཀྱི་མ་ནོན་པའི་བུ་ག་རེ་རེ་ནས།
རྙིང་ཞེན་གྱི་ཁ་དོག་དང་གུ་དོག་པའི་བསམ་བློ།
ཐེམ་ཐོག་གི་རིལ་མ་ལྟ་བུའི་ངང་ཚུལ་འགའ་མཐོང་གི་འདུག་ན།
ངས་དེ་དག་ཁྱོད་ཀྱི་མིན་པའི་སྨོན་ལམ་ཅི་ལ་གདབ་མི་ཐུབ་ཨང༌།
 
གོམ་པ་ཉི་ཤུ་བ།
མི་རྣམས་གཉིད་སོང་བ་མཚན་མོའི་དགོས་མཁོ་ཡིན་ན།
བོད་པ་རྣམས་གཉིད་སོང་བ་ཡང་མཚན་མོའི་དགོས་མཁོ་ཡིན་ནམ།
བོད་པ་རྣམས་གཉིད་སོང༌།      ཐ་ན་བོད་པ་ཚོས་ཀྱང་དེ་སྐད་ཟེར།
བོད་པ་ཚོ་སད་རན།  གཉིད་སོང་བའི་བོད་པ་ཞིག་གིས་གཉིད་ལབ་བརྒྱབས།
གཉིད་ལ་དགའ་བའི་མི་རིགས་ནི་རྒུད་པའི་མི་རིགས་དང༌།
ང་ཚོ་ནི་སྔར་ནས་སད་པའི་གདོང་དམར་བོད་པ་ཡིན།
མལ་སར་འཛུལ་བཞིན་པའི་བོད་པ་དེས་ཡང་བསྐྱར་དེ་སྐད་ལབ།
 
གོམ་པ་ཉེར་གཅིག་པ།
ཀློག་པ་བོ་སུ་ཡང་ངའི་སྙན་ངག་བཀླགས་པས་ངུ་མ་མྱོང༌།
ཡིན་ཡང་ངའི་སྙན་ངག་ཁྲོད་ཀྱི་མི་དེ་ངུ་བཞིན་ཡོད།
གྲོགས་པོ་ཚོས་མི་དེ་ངུ་རྐྱེན་བདག་ལ་དྲིས་མོད།
ངས་མི་ཤེས།   ངས་ངོ་མི་ཤེས།
ཁོ་ལ་བརྗོད་མི་ཚར་བའི་སྡུག་ཡུས་ཡོད་པ་ཡིན་ནམ།
ཁོ་ལ་ངུས་མི་ཚར་བའི་མིག་ཆུ་ཡོད་པ་ཡིན་ནམ།
ལོ་རྒྱུས་ཀྱིས་ཁོའི་རྣ་བར་ཅི་ཞིག་བརྗོད་སོང་བ་ཡིན་ནམ།
མི་རྣམས་ཀྱིས་ཁོའི་སེམས་པར་ཅི་ཞིག་བཞག་སོང་བ་ཡིན་ནམ།
ངས་མི་ཤེས།   མས་ངོ་མ་མི་ཤེས།
ད་དུང་ཅིས་ཀྱང་ཞུ་རྒྱུ་ཞིག་ལ།
བདག་གིས་སྨྱུ་གུས་བཙན་གྱིས་ཁོ་བོ་ངུ་རུ་བཅུག་པའང་མིན་ནོ།།
 
གོམ་པ་ཉེར་གཉིས་པ།
མི་ཞིག་གིས་ཁོ་ལ་དམག་མི་ཁྲི་སྟོང་ཡོད་རབས་བརྗོད་ཀྱིན་འདུག
མི་ཞིག་གིས་ཁོ་ལ་ཀློག་མཁན་ཁྲི་སྟོང་ལྡན་ཚུལ་ལབ་ཀྱིན་འདུག
 
མི་ཞིག་གིས་ཁོ་ལ་དངུལ་ལོར་མང་རབས་གླེང་གིན་འདུག
མི་ཞིག་གིས་ཁོ་ལ་ནོར་ལུག་མང་རབས་གླེང་གིན་འདུག
 
མི་ཞིག་གིས་མ་ཎི་བཏོན་རབས་གླེང་གིན་འདུག
མི་ཞིག་གིས་སློབ་གྲྭ་འགྲིམས་རབས་གླེང་གིན་འདུག
 
མི་ཞིག་གིས་ཆོས་འཁོར་བསྐོར་ཚུལ་ལབ་ཀྱིན་འདུག
མི་ཞིག་གིས་རླངས་འཁོར་བསྐོར་ཚུལ་ལབ་ཀྱིན་འདུག
 
གོམ་པ་ཉེར་གསུམ་པ།
སྒོ་སམ་ངོས་ཀྱི་སྙན་ངག་ཚན་པ་གཅིག་པོ་དེ།
རེ་ཆད་ཀྱི་སེམས་པས་གཙང་ཕྱི་བྱེད་དུས།
ངའི་སྙིང་དབུས་ནས་མར་སྣུམ་ཟད་པའི་མཆོད་མེ་ཇི་བཞིན།
ཅི་ཞིག་བག་ལ་ཞ་བར་འགྱུར་བཞིན་ཡོད་དམ།
ས་སྨྱུག་གི་ཟེགས་མ་རེ་རེ་སྒོ་སམ་ལས་འཐོར་དུས།
ཁྱོད་ཀྱིས་ཅི་ཡང་མཐོང་མ་སོང་ཟེར་ན་ངའི་རྣར་མི་འགྲོ།
 
གོམ་པ་ཉེར་བཞི་བ།
ཁ་པར་གློ་བུར་དུ་གྲགས་འོངས་ཐེངས་རེར།
ངས་རང་ཉིད་སུ་ཞིག་གི་སེམས་པས་བཏང་མེད་པ་ཚོར་ཡོང༌།
སྙན་ངག་གི་བརྗོད་བྱ་ལྟ་བུའི་སྙིང་ཉེ་དེ་དག
ནམ་ཞིག་ཡིད་འོང་གིས་སླེབས་འགྲོ་བར་བསམས་ན།
ངས་སྨྱུ་གུ་འདི་འདོར་མི་རུང༌།    མ་མཐར་ཡང་ཁོ་ཚོ་སླེབས་རག་བར།
 
གོམ་པ་ཉེར་ལྔ་བ།
མི་ལོ་མང་བོ་ཞིག་གི་མཐོང་ཐོས་དྲན་རེག་ལས།
ངས་འཇིག་རྟེན་འདིའི་ངོ་བོ་གཞན་ཞིག་མཐོང་སོང་སྟེ།
སེམས་ཅན་ཞེས་པ་འདི་ནང་ཆོས་སུ་གསུངས་པ་ལྟར།
རང་ཉིད་ཀྱི་མ་རུ་སྒོམ་རྐྱང་བྱེད་ཐུབ་ས་ཞིག་གཏན་ནས་མ་རེད།
སེམས་ཅན་འདིས་ངའི་མ་ལོར་ལྕགས་སྲེག་གི་གོང་བུས་བསྣུན་པར་གཞིག་ན།
ངའི་བྲང་དཀྱིལ་དང་བརླ་ངོ༌།  གསང་གནས་དང་མཁུར་ཚོས།
ཏག་ཏག་ཡིད་དུ་འོང་ས་མང་བོ་ཞིག་ཚ་ལམ་མེར་བཏང་འགྲོ།
ཡིན་ཏེ་སེམས་རྣལ་དུ་ཕབས་ནས་བསམས་ན།
ངའི་ན་ས་དང་ཚ་ས་ནི་སེམས་ཅན་ཚོས།
བདག་གི་མ་ལོ་ཚོར་ལྕགས་གོང་གིས་བསྣུན་ས་དག་དག་ཡིན་སོང༌།
(ལོ་རྒྱུས་ང་ཚོར་གཉའ་གནོན་དང་བྲན་གཡོག
བཀས་བཀོད་དང་གྲལ་རིམ་ལྟ་བུའི་ཐ་སྙད་མང་བོ་དམར་ཁྲིད་བྱས་སོང༌།)
 
གོམ་པ་ཉེར་དྲུག་པ།
གལ་ཏེ།  ཁྱོད་ཀྱིས་འཇིག་རྟེན་ལ་ཐོག་མར་བསྒྲགས་པ་ངུ་སྐད་མིན་ཚེ།
ཁྱོད་ལ་མཛངས་མ་དང་དཔའ་རྟུལ་ཞེས་པའི་ཞྭ་མོ་དེ་ཐོབ་ཡོད་ངེས།
གལ་ཏེ།  ཁྱོད་ཀྱི་ངུ་སྐད་དེ་མཛངས་མ་ཞེས་པའི་ཞྭ་མོ་དེ་གྱོན་རྗེས་བསྒྲགས་ཡོད་ཚེ།
ཁྱོད་ནི་མཛངས་མ་ལས་ཀྱང་མཛངས་མར་སྨྲ་ངེས་ལ།
གལ་ཏེ།  ཁྱོད་ཀྱི་ངུ་སྐད་དེ་དཔའ་རྟུལ་ཞེས་པའི་ཞྭ་མོ་དེ་གྱོན་རྗེས་བསྒྲགས་ཡོད་ཚེ།
ཁྱོད་ནི་དཔའ་རྟུལ་ལས་ཀྱང་དཔའ་རྟུལ་དུ་འུར་ངེས།
འོན་ཀྱང༌།  ཁྱོད་དང་ཁྱོད་ཀྱི་ངུ་སྐད་འཇིག་རྟེན་ལ་དུས་གཅིག་ཏུ་ཐོན་པས།
མི་རྣམས་ཀྱིས་ཁྱོད་རང་ཆེས་སྤྱིར་བཏང་བ་ཞིག་ལས་བསམ་མི་སྲིད།
 
གོམ་པ་ཉེར་བདུན་པ།
རང་ཉིད་ཀྱི་པགས་རྩག་ལའང་ཡིད་མི་ཆེས་པའི།
དུས་སྐབས་ཤིག་ལ་ཐོན་མྱོང་ཞེས་བཤད་པས།
བྱིས་པ་ཚོས་ལྟོ་བ་སྐྱོར་ནས་བགད་འདུག
སོག་རུས་སྐམ་པོ་ཞིག་གི་དོན་དུ།
ཕ་བུ་གཉིས་ཀྱིས་ཤི་འཛིང་བྱེད་མྱོང་ཟེར་དུས།
བྱིས་པ་ཚོས་བརྙན་འཕྲིན་ལས་ཀྱང་མ་མཐོང་ཟེར།
 
གོམ་པ་ཉེར་བརྒྱད་པ།
ང་ཚོ་འཇིག་རྟེན་འདིར་ཨུ་ཚུགས་ཀྱིས་ཐོན་ཉིན་ནས།
རང་ལ་དབང་བའི་ལམ་བུ་ཞིག་ཐོབ་མྱོང་ངམ།
གསོན་པ་ནི་འཆི་བར་སྐྲག་པས་མ་ཡིན་ཏེ།
ང་ཚོའི་ལས་ཀ་གང་ཞིག་ལེགས་འགྲུབ་མ་བྱུང་བས་ཡིན་ངེས།
སྐྱེ་རྒ་ན་འཆིའི་ཟློས་གར་དེ་འཁྲབ་ཚར་དུས།
མཇུག་མཐའི་བརྙན་ཡོལ་གྱི་རྒྱབ་ལྗོངས་ན།
སུ་ཞིག་ཁུ་སིམ་མེར་བཤུམ་གྱིན་ཡོད་མེད་སུས་ཤེས།
འཇིག་རྟེན་ལ་མིག་ཆུ་ལྟ་བུའི་དྲན་ཤིང་འཇོག་འདོད་ན།
ལྐུགས་པའི་ངང་ཚུལ་དོར་ལ་གོམ་པ་རེ་རེ་སྟོབས་ཀྱིས་སྤོས་ཤོག
 
གོམ་པ་ཉེར་དགུ་བ།
སྙན་དེབ་བར་གྱི་ལོ་མ་སྐམ་པོ་དེ་མཐོང་ཚེ།
རང་ཉིད་བརྒྱུད་མྱོང་བའི་ལམ་བུའི་ཐོག་ཏུ་ཕྱིར་འཁོར་ནས།
གོམ་པ་ཁྲི་ཕྲག་ཅིག་ལ་ཤུགས་ཀྱིས་རྒྱུག་པ་དང་ཀུན་ནས་མཚུངས།
ལག་ཟུང༌།   ཁ་དན།   འཛུམ་མདངས།   རེ་བ།
འདས་ཟིན་པ་མང་བོ་ཞིག་ཡིད་ལ་འཁོར་ཡོང༌།
ད་དུང་ལོ་མ་སྐམ་པོ་དེ་ཁོ་ནས་ཀྱང༌།
ངའི་སྙན་དེབ་ལ་ལང་ཚོ་གསར་བ་ཞིག་བསྣན་འདུག
སྤྱི་ལོ་ག་གེ་མོའི་ཟླ་ཚེས་ག་གེ་མོར།
སུ་ཞིག་གིས་ངའི་སྙན་ངག་ལ་ངར་ཆུ་བླུད་སོང་ངམ།
 
གོམ་པ་སུམ་ཅུ་བ།
ཕུག་རོན་ཚོས་དུང་དུང་བྱེད་པའི་ཁྱམས་འོག་དྲོན་པོ་དེ།
རྣོ་ལྕགས་ཀྱི་དྲ་མིག་གིས་བཏུམས་ཚར་དུས།
བཏུམས་མཁན་ཁོ་རང་གི་མལ་ས་བདེ་མོ་དེ་ཡང་ཉོར་ལ་ཉེ་འདུག
རང་ཉིད་ཀྱི་དུས་ཚོད་ག་་ལེར་གཡུགས་ནས།
སུ་ཞིག་རྩ་མེད་དུ་གཏོང་འདོད་ཀྱི་ཧམ་སེམས་དེས།
རང་ཉིད་ཀྱང་སྡིག་མེད་རློན་ཚིལ་ལ་ཞེན་མཁན་ཡིན་པ།
གཏིང་བརྗེད་བྱེད་དུ་བཅུག་སོང་ངམ།
གནའ་ནས་ད་རག་བར་དུ།
ང་ཚོས་ང་ཚོ་བསམས་ཏེ་ཡོང་མཁན་དག་ཕར་ལ་སྤྱུགས་ཤིང༌།
ང་ཚོ་བསྐྱུར་ཏེ་འགྲོ་མཁན་ཚོ་རེ་བས་བདས་མྱོང་ཨང༌།
 
གོམ་པ་སོ་གཅིག་པ།
སྲིད་འཛིན་མཐོ་ཤོས་དེས་ཀུ་རེ་ཞིག་རྩེ་བར་ཡང་།
ཟིན་བྲིས་འདེབས་མཁན་བགྲང་གིས་མི་ལང་ལ།
གཞི་རིམ་གྱི་ཁྱིམ་ཚང་ཞིག་ནས་ཟ་མ་ཁམ་འགའ་ཟོས་པའང་།
འཛམ་གླིང་གི་ཡུལ་གྲུ་སོ་སོར་གསེང་མཐོར་བསྒྲགས་སོང་།
འོ་ན།     ཁ་སང་དེ་རིང་གི་ང་དང་ངའི་སྤུན་ཟླ་ཚོ།
སྲིད་འཛིན་དེ་ཡིན་ནམ་ཡང་ན་དེའི་ཅི་ཞིག་ཡིན།
ཁོ་ཚོས་སེམས་གཏམ་ཙམ་བཤད་པའང་།
སུ་ཞིག་གིས་སྒྲ་ལེན་འཕྲུལ་ཆས་སུ་བཅུག་སོང་སྐད།
 
གོམ་པ་སོ་གཉིས་པ།
དཔྱོད་ལྡན་ཞིག་གིས་མི་མང་ལ་བསྒྲགས་དོན།
ང་ཚོ་ནི་ཚེར་མའི་བཟོ་གྲྭ་ཞིག་གི་འཛད་སྤྱོད་པ་ཡིན་ཞིང་།
རྩུབ་ཅིང་རྣོ་བའི་ཚེར་མའི་ཚོགས་དེ་གང་སར་འཕངས་ཡོད་པས།
རྐང་རྗེན་ཚོས་ལྷག་ཏུ་སེམས་ཆུང་བྱ་འོས་ཟེར།
རེད་དེ།  ང་ཚོའི་ཁོར་ཡུག་ཏུ་རྐང་རྗེན་ག་ཚོད་ཡོད་དམ།
 
གོམ་པ་སོ་གསུམ་པ།
མཆོད་མེ་གཟིམས་ཚུལ་ལ་བསམ་བློ་བཏང་ན།
རླུང་དམར་འཚུབ་ཚུལ་དྲན་འོངས་ལ།
རླུང་དམར་ཁྲོད་མགོ་བོ་འཐོམས་པའི་མི་རིགས་ཤིག་གི
ཉེན་ཁ་དང་ཆག་སྒོ་ཡང་བསྟུད་མར་ཚོར་ཡོང་།
མཆོད་མེ་གཟིམས་ཚུལ་ལ་བསམ་བློ་བཏང་ན།
ཨ་མ་ཞིག་གིས་མར་ལོ་བཞུ་ཚུལ་དྲན་འོངས་ལ།
གཤེད་མ་ཞིག་གིས་མཆོད་མེ་བགྲད་པའི་སྡང་མིག་ཀྱང་མཐོང་ཡོང་།
 
གོམ་པ་སོ་བཞི་བ།
མི་རབས་ནས་མི་རབས་བརྒྱུད་པའི་མེས་པོའི་ཤུལ་བཞག་དེ་མིན་ལ།
དུས་རབས་ཤིག་ལ་དར་ཆེ་བའི་ཁྱད་འཕགས་ཀྱི་ནོར་རྫས་ཤིག་ཀྱང་མ་ཡིན།
གངས་ཁྲོད་དུ་གསལ་ལ་མི་གསལ་བར་བབས་པའི་རྐང་རྗེས་དེ་མིན་ལ།
མཁའ་དབྱིངས་སུ་འཆར་ངེས་པའི་འོད་ཆེན་གྱི་སྐར་མ་དེ་ཡང་མ་ཡིན།
འོན་ཏེ།  ཁྱོད་ཀྱི་དྲི་གཞི་དེའི་དྲིས་ལན་ཡིན་ནམ།
སྨྲ་བརྗོད་མེད་པའི་མེ་ཏོག་ཆུན་པོ་ཞིག
ལྷོག་ལྷོག་ལྡིང་བའི་སྙིང་ཆུང་གསོན་པོ་ཞིག
ཀྭ་ཡེ།   ཁྱོད་རང་ཧད་ནས་བསྡད་པས་ཅི་བྱེད།
ཐོབ་སྐལ་ལེན་བྱེད་ཀྱི་ལག་ཟུང་དེ་ཚུར་རྐྱོངས་ཤིག
 
གོམ་པ་སོ་ལྔ་བ།
ཁྱོད་ལ་གཅེས་ནོར་དུ་བགྲང་ཆོག་པ་ཅི་ཞིག་ཡོད།
བདག་གི་ཡོད་ཚད་ལ་དབང་བསྒྱུར་བྱེད་པའི་ཚེ་སྲོག་དེ།
བདག་གི་གཅེས་ནོར་ཡིན།
ཁྱོད་ལ་གཅེས་ནོར་དུ་བགྲང་ཆོག་པ་ཅི་ཞིག་ཡོད།
བདག་གི་ཡོད་ཚད་གཞན་དང་མི་བསྟུན་པའི་ཚུགས་ཐུབ་དེ།
བདག་གི་གཅེས་ནོར་ཡིན།
ཁྱོད་ལ་གཅེས་ནོར་དུ་བགྲང་ཆོག་པ་ཅི་ཞིག་ཡོད།
བདག་གི་ནམ་ཡང་སྨྱུ་གུ་མི་འདོར་བའི་སྙིང་སྟོབས་དེ།
བདག་གི་གཅེས་ནོར་ཡིན།
ཁྱོད་ལ་གཅེས་ནོར་དུ་བགྲང་ཆོག་པ་ཅི་ཞིག་ཡོད།
བདག་གི་རུས་རྐང་བཞུས་པའི་སྙན་ངག་རིང་མོ་དེ།
བདག་གི་གཅེས་ནོར་ཡིན།
 
གོམ་པ་སོ་དྲུག་པ།
བདག་གིས་ཤེས་འདོད་མེད་པ་དེ།
བདག་ལ་ནན་ཆེར་མི་བསྒྲག་པར་ཞུ།
རྣ་བ་འགེབས་པའི་ཐབས་སྡུག་གི་བྱེད་ཕྱོགས་འདིའི་ཕ་རོལ་ན།
སུ་ལའང་བཤད་མི་འདོད་པའི་སྡུག་ཡུས་སམ།
གནོན་ཤུགས་ལྟ་བུའི་འཇིགས་སྣང་རེ་ཡོད་ངེས།
ནམ་ཞིག    སེམས་པའི་ཕུགས་ནས་ཆུ་རགས་ལྟ་བུ་དེ་ཤོར་སོང་ན།
ངས་ཐོག་མར་ལག་པ་བཀྱགས་ནས་དྲི་བ་གདོན་ངེས།
 
གོམ་པ་སོ་བདུན་པ།
ཁྱོད་རང་ཅི་ཞིག་གི་དོན་དུ་འདུར་གྱིན་ཡོད་དམ།
ཅུང་ཙམ་གོམ་མཚམས་ཞོག་དང་།
དམིགས་འབེན་མེད་པར་འགྲོ་བ་དེར་འཚོལ་སྙེག་མི་ཟེར།
སེམས་རྣལ་དུ་ཕབས་ནས་ཕུགས་འདུན་བཙལ་རྗེས།
ད་བཟོད་ལམ་ལ་ཆས་ཤིག
 
གོམ་པ་སོ་བརྒྱད་པ།
ཕུ་ནུ་མིང་སྲིང་ཚོའི་རི་གླུས་བཏེགས་པའི་ནམ་མཁའ།
མི་རྒོད་དཔུང་རྗེན་ཚོའི་མདའ་གཞུས་གཉོར་བའི་རྩྭ་ཐང་།
མ་ལོ་བྱམས་བཟང་ཚོའི་འོ་ཟོར་གྱེས་པའི་གཙང་ཆུ།
རེད་དེ།   ནམ་གུང་གི་དཀྱིལ་དུ་ང་རང་འཛུམ་ཙམ་བྱས་པའང་།
འདི་དག་རྨི་ལམ་དུ་འཁོར་བས་ཅི་ལ་མིན།
 
གོམ་པ་སོ་དགུ་བ།
ཁྱོད་ཀྱིས་ངའི་སྙན་ངག་གི་ཁྲོད་དུ་ཞབས་རྗེས་འཇོག་ཕོད་ན།
འཚེར་སྣང་གི་ཕྱི་མིག་དེ་འཕངས་པས་ཅི་བྱེད།
གལ་ཏེ།   ཁྱོད་ཁོ་ན་ངའི་སྙན་ངག་གི་བརྗོད་བྱར་གྱུར་མེད་ན།
མག་མོག་གི་ངོ་གདོང་དེ་ཡང་།
ཏག་ཏག་ངའི་སྙན་ངག་གི་བརྙན་ཡོལ་ཁོ་ནར་མངོན་ཡོང་བ་ཅི་རེད།
ལོ་མ་སེར་བོ་དེ་གཞན་གྱི་སྟོན་ཁ་དང་།
གཞན་གྱི་སྟོན་ཁ་དེ་ཁོ་བོའི་རེ་སྨོན་དུ་གྱུར་ཚུལ་ལ་གཞིག་ན།
ཁྱོད་རང་ངའི་སྙན་ངག་ཏུ་གྱུར་བར་ཡང་མཚར་རྒྱུ་མི་འདུག་ཨང་།
 
གོམ་པ་བཞི་བཅུ་བ།
སོང་མི་ཚར་བ་དེ་ངའི་མདུན་ལམ་ཡིན་ནམ།
ཞིབ་འདང་རེ་བརྒྱབ་ན།
མཐའ་མེད་པ་ཡོད་ཚད་ནམ་མཁའ་ཡིན་པའི་ངེས་པ་ཅི་ལ་ཡོད་ཨང་།
སྟོང་འདང་གིས་བསྐྱལ་བའི་ལོ་ཟླ།
ཁ་སང་དེ་རིང་གི་ངའི་ཁྲག་རྩར་སིམ་འདུག་ཚུལ་ལ་བསམ་ན།
ཡོད་ཚད་ཡང་བསྐྱར་འགོ་རྩོམ་དགོས་དོན་མི་འདུག
ལན་རེར་བདག་གི་ཉེ་འཁོར་ནས་ལྡིང་སྐོར་རྒྱག་པའི་ཁྲུང་ཁྲུང་ཁྱོ་ཤུག་གཉིས་ཀའང་།
བདག་དང་འདྲ་བར་འཚོལ་སྙེག་བྱེད་མཁན་མིན་པ་སུས་ཤེས།
 
གོམ་པ་ཞེ་གཅིག་པ།
ཁྱོད་ཀྱིས་སུ་ཞིག་ཀུ་ཡངས་གཏོང་མི་འདོད་པ་དེ།
ལོ་རྒྱུས་བཀླགས་རྗེས་ཀྱི་སྙིང་ཁམས་ཡིན་ནམ།
ངས་ནང་མི་མེད་པའི་རྡོ་མཁར་ཇི་བཞིན་གྱི་ལྷིང་འཇགས་ལ།
ཡུན་ཙམ་གྱི་ངལ་གསོ་བྱས་པ་ནག་ཉེས་ཡིན་དགོས་དོན་ཅི་ཡོད།
རང་ཉིད་ཀྱི་ལག་མཐིལ་ཁོ་ནར་ཅེར་བའི་ཉམས་མྱོང་གིས།
བདག་ལ་བག་འཁུམ་ལྟ་བུའི་འཇིགས་སྣང་ལས་མ་ཐོབ་ཀྱང་།
མཐར་གཏུགས་ན་བྱས་ཉེས་ཡོད་ཚད་འདས་སོང་ལན་པ་གང་ནས་ཡིན།
ཧམ་སེམས་ལས་གྱེས་པའི་སྟོང་འདང་གིས།
ང་ཚོར་ངན་པ་དགུ་འཛོམས་དང་།
བྱས་ཉེས་ལང་ཤོར་བྱེད་དུ་བཅུག་སོང་བ་མིན་ནམ།
 
གོམ་པ་ཞེ་གཉིས་པ།
འཇིག་རྟེན་དུ་ཆར་བ་བབས་ཤིང་ཁ་བ་བབས།
དྲག་རླུང་གཡུགས་ཤིང་བསིལ་རླུང་གཡུགས།
དེ་ནི་འཇིག་རྟེན་གྱི་དགོས་མཁོ་ཡིན་སྲིད།
གདོད་མའི་བསམ་གཞིག་གིས་བསྐུར་བའི་བང་སོ་ལས།
ང་ཚོས་བཙན་པོ་དེའི་ཁྲིམས་ཡིག་བསྟར་མ་འཚོལ་ལམ།
རྒྱལ་མོ་དེའི་མེ་ལོང་ངོས་གཉིས་མ་འཚོལ།
བློན་པོ་དེའི་གཡོ་སྒྱུ་ཁྲམ་གསུམ་འཚོལ་ལམ།
གཡོག་པོ་དེའི་རྔུལ་ཆུ་དྲོན་མོ་འཚོལ།
ད་དུང་།   ཕྱི་རབས་པའི་ཆེད་དུ་ཕུལ་ཞིང་།
མེ་དཔུང་ལྟ་བུའི་མིག་རྒྱང་རིང་བོ་དེ་ཡང་གང་ན་ཡོད་དམ།
 
གོམ་པ་ཞེ་གསུམ་པ།
ང་རང་བྱ་རྒོད་ཅིག་གི་རྗེས་སྙེག་ནས།
སྤྲིན་པ་ལས་མཐོ་བའི་དབྱིངས་རིམ་ལ་ཆས་ཀྱང་།
དེ་ན་ང་རང་སྡོད་སའི་ཁོར་ཡུག་མེད་ལ།
ཆེས་དགའ་བའི་རོལ་དབྱངས་དང་སྙན་ངག་མི་འདུག
མ་གཞིར།  བདག་བྱ་རྒོད་ལ་དུང་བ་ནི།
རླུང་ཤུགས་ཀྱིས་གནོད་མི་ཐུབ་པའི་གཤོག་རྩལ་དང་།
ཐོགས་མེད་རང་དབང་གི་འཕུར་སྟངས་དེ་ལ་ཞེན་པ་ཙམ་མོ།།
 
གོམ་པ་ཞེ་བཞི་བ།
རྐང་བ་ཡོད་ཚད་ལ་རྐང་རྗེས་ཡོད་པའི་ངེས་པ་མི་འདུག
འདི་ནི་སྐུ་དྲག་དེས་ང་ལ་བཞག་པའི་བློ་སྐྱེད་ཡིན།
ང་ཚོས་གོམ་པ་སྤོ་ས་བྱེ་ཐང་མིན་ནའང་།
ས་ཆེན་ལ་སྟོབས་ཀྱིས་སྤོས་པའི་རྐང་རྗེས་གར་ཡང་མེད་པ་ཅི་ཡིན་ནམ།
དོན་ངོ་མར་ང་ཚོ་ཡང་མོ་རླུང་དང་འདྲ་བ་ཡིན་ནམ།
ལོ་ངོ་ཁྲི་སྟོང་མང་བོའི་འགྲུལ་བཞུད་ལས།
ཕང་སེམས་ཤིག་གིས་ཁ་ཕྱིར་འཁོར་མྱོང་མཁན་དུ་ཡོད།
དེ་ལས་ཀྱང་རང་ཉིད་ལ་རྐང་རྗེས་ཡོད་མེད་བལྟས་མྱོང་མཁན་དུ་ཡོད།
 
གོམ་པ་ཞེ་ལྔ་བ།
ང་ཁྱོད་ཀྱི་ཉེ་འགྲམ་དུ་བཅར་མ་ཕོད་པ་ནི།
ཁྱོད་ལ་སྐྲག་པས་མ་ཡིན་པར་དུང་བས་ཡིན།
མེ་ལྕེ་དེས་ང་རང་གསོན་སྲེག་བྱས་འགྲོ་སྙམ་ན།
ངས་མེ་ལྕེ་དེའི་ལྡོག་འོད་ཙམ་ལས་བྱུང་བའི་དྲོད་ཁོལ་ལ།
རང་ཉིད་ཀྱི་སེམས་པ་སྦྱོར་བ་ལས་ཅི་བྱེད།
སད་སེར་གྱི་དྲག་ཤུགས་ཇི་འདྲའི་རྩུབ་ཀྱང་།
མེ་ཏོག་འགའ་རེ་ཨུ་ཚུགས་ཀྱིས་འཛུམ་ཡོད་ཚུལ་ལ་གཞིག་ན།
ཐོབ་ཏུ་མེད་པ་དེ་ང་ཚོའི་དམིགས་ཡུལ་མིན་ལས་ཆེ་ཨང་།
 
གོམ་པ་ཞེ་དྲུག་པ།
ངའི་གམ་དུ་རང་དབང་རང་དབང་ཟེར་གི་མ་འདུག
ངའི་ཡིད་ལ་ཡུལ་མི་ཚོར་མགོ་སྐོར་གཏོང་བྱེད་ཀྱི་ཐ་སྙད་འགའ་དྲན་ཡོང་།
ངའི་གམ་དུ་སྙན་ངག་སྙན་ངག་ཟེར་གི་མ་འདུག
ངའི་ཡིད་ལ་སྙན་ངག་ཁོ་ནས་རང་སེམས་གསོ་མི་ཐུབ་པའི་ངང་ཚུལ་དྲན་ཡོང་།
ངའི་གམ་དུ་གྲྭ་བ་གྲྭ་བ་ཟེར་གི་མ་འདུག
ངའི་ཡིད་ལ་གྲྭ་བ་དག་མི་གྲལ་ནས་ཕུད་པའི་གནས་ཚུལ་དྲན་ཡོང་།
 
གོམ་པ་ཞེ་བདུན་པ།
“ སྔོན་པོ་དང་དམར་བོ་ཕྲད་ཚེ་རྡུང་རེས་བྱེད་སྲིད་དམ། ”
གྲྭ་བ་དང་གྲོང་བ་ཕྲད་ཚེ་རྡུང་རེས་བྱེད་སྲིད་དམ།
སློབ་མ་དང་དགེ་རྒན་ཕྲད་ཚེ་རྡུང་རེས་བྱེད་སྲིད་དམ།
དམངས་གཙོ་དང་བོད་པ་ཕྲད་ཚེ་རྡུང་རེས་བྱེད་སྲིད་དམ།
རྒྱ་དམར་དང་རང་དབང་ཕྲད་ཚེ་རྡུང་རེས་བྱེད་སྲིད་དམ།
མེ་རི་དང་རྒྱ་མཚོ་ཕྲད་ཚེ་རྡུང་རེས་བྱེད་སྲིད་དམ།
 
གོམ་པ་ཞེ་བརྒྱད་པ།
ཡར་ཀླུང་ཁོག་ནས་གཏོར་བའི་ས་བོན་འགའ་ཡིས།
ང་ཚོར་སྟོབས་ཀྱིས་འགྲེང་བའི་སྙིང་སྟོབས་བསྩལ་མྱོང་ན།
སེམས་པའི་ཕུག་ནས་བཏང་བའི་གླུ་ངག་དེ་དག་ཀྱང་།
གསོན་པའི་དགོས་དོན་མཚོན་བྱེད་ཅི་ལ་མིན།
ད་དུང་གླུ་ངག་དེའི་སྲོག་རྩར་འཐིམས་པའི།
ཁྱོད་བདེ་ང་སྐྱིད་དང་ཁྱོད་ཤི་ང་གསོན་གྱི་དབྱངས་རྟ་དག་ནི།
ང་ཚོའི་བགྲོད་ལམ་ཀྱག་ཀྱོག་ཡིན་པའི་བདེན་དཔང་ཡིན་ངེས།
 
གོམ་པ་ཞེ་དགུ་བ།
ཁ་བ་ཞིག་བབས་ནས་གཙང་བོར་འདྲེས་པ་དེ།
ང་ཚོ་གཞན་ནས་གཞན་དུ་གྱུར་བའི་གོ་རིམ་ཡིན་མི་སྲིད་ཀྱང་།
མཐིང་མདོག་གི་ནམ་མཁའ་འདི་ཁོ་ནས།
མི་རྣམས་ལ་དྲང་བདེན་གྱི་ངོ་སོ་བསྟན་ཡོད་ངེས།
གཤོག་པ་མེད་ཀྱང་འཕུར་དགོས་པའི་ཆོས་ཉིད་དེའི་རྐྱེན་པས།
བག་ཡངས་ཀྱི་རྨི་ལམ་ཞིག་གི་ཁ་དོག་བསྒྱུར་ཅིང་།
རང་ཉིད་གཅིག་པུ་བདག་པོར་རློམ་པའི་ཚོགས་ཀྱང་།
དོགས་འདྲོག་གི་ཚོར་བ་ལྡོམ་པོ་དེས་གཟེབ་ཏུ་བཅུག་སོང་།
 
གོམ་པ་ལྔ་བཅུ་བ།
ཤར་བསྟན་ནས་ནུབ་རེད་ཟེར་ན་ལེགས་སོ་ཟེར་ཆོག
གཡས་བསྟན་ནས་གཡོན་རེད་ཟེར་ན་ལེགས་སོ་ཟེར་ཆོག
ནམ་ཞིག་ཁྱོད་ཀྱིས་དབང་ཆ་ནི་དབང་ཆ་དང་།
གནས་ལུགས་ནི་གནས་ལུགས་སོ་ཟེར་དུས།
ངས་ཀྱང་ཤར་ནི་ཤར་རོ་ཟེར་ངེས།
 
གོམ་པ་ང་གཅིག་པ།
བྲན་གཡོག་ཚོས་རྔུལ་ཆུས་བརྩིགས་པའི་རྒྱལ་མཁར།
དེ་རིང་གྱང་ཆག་ཐར་ཐོར་དུ་གྱུར་འདུག་ན།
ང་ཚོས་སང་ཉིན་གྱི་ཆེད་དུ་འབད་དགོས་དོན་གང་ཡིན་ནམ།
མི་རིགས་ཤིག་དར་ནས་རྒུད་པའི་གོ་རིམ་དེ།
ཏག་ཏག་ཁེར་རྐྱང་གི་མཁར་ཤུལ་རེ་རེར་སྦས་འདུག་པ་ཨེ་རེད།
 
གོམ་པ་ང་གཉིས་པ།
དོན་མེད་དུ་བདག་གི་སར་སྡང་མིག་མ་སྟོན།
ཁྱོད་ཀྱི་འགྲམ་དུ་ཉམ་ཆུང་གིས་བཞུད་དགོས་དོན།
བདག་གི་ཤ་གསེང་ན་རུས་པ་མེད་པས་མ་ཡིན་པར།
མེས་པོས་བཞེངས་པའི་གསེར་ཏོག་དེར་ཁྲག་རྩི་བསྒོ་མ་འདོད་པས་ཡིན།
ལྷིང་ཞིང་འཇགས་པའི་རྣམ་པ་འདི་རྐང་དུ་ཟུག་སོང་ན།
ཁེར་རྐྱང་གི་གཉིད་ཐེབས་ལ་རྨི་ལམ་འཁོར་ཞིང་།
རྨི་ལམ་ཁོ་ནས་ཀྱང་མྱང་མི་ཚར་བའི་སེམས་ཀྱི་བདེ་བ་སྦྱིན་ཡོང་།
 
གོམ་པ་ང་གསུམ་པ།
ཁང་བའི་ནང་རོལ་དུ་མུན་པ་འཁོར་ཡོང་དུས།
ང་ཚོས་མིག་ཟུང་བཙུམས་ནས་མུན་ནག་ལ་མཉན་འོས།
དམྱལ་བ་སྔོག་སྟེ་རྣམ་ཤེས་ལ་ཁ་ལོ་སྒྱུར་དགོས་ན།
ལས་མཁན་གྱིས་ཁྱེར་འོངས་པའི་བཀའ་རྒྱ་མེ་ལ་བཏབ་ན་འགྲིག་ངེས།
རང་ཉིད་ལ་དབང་བའི་ཁོར་ཡུག་ངོས་མ་ཟིན་གོང་།
ང་རང་སུ་ཞིག་གིས་མི་ཡུལ་ནས་འདེད་ཐུབ།
 
གོམ་པ་ང་བཞི་བ།
གཏམ་རྒྱུད་ཀྱིས་རང་སེམས་གསོ་མི་ནུས་པ་ཤེས་ན།
ང་ཚོས་ཅིའི་ཕྱིར་རང་ཉིད་ཀྱི་འཇིག་རྟེན་མི་སྐྲུན།
དཔའ་བོ་ཚོའི་རྟོགས་བརྗོད་ཀྱི་མཇུག་བསྡུའི་རོལ་མོ་གྲགས་དུས།
ང་ཚོ་ཡང་འབྱུང་བཞིར་འཐིམ་དགོས་པའི་ཁྲིམས་ཡིག་སུ་ཡིས་བཟོས།
བཤད་ལོབས་སུ་སོང་བའི་གཏམ་རྒྱུད་ཁ་ཤས་ཀྱིས།
ང་ཚོར་འགྲེང་མི་ཆོག་པའི་དཔེ་འཇོག་གནང་དོན་ཅི་ཡིན།
 
གོམ་པ་ང་ལྔ་བ།
ངས་བསྒྲགས་གཏམ་ཞིག་སྤེལ་འདོད།
དམྱལ་བ་ཟེར་བ་ཞིག་མེད་པར་བསམ་མཁན་ཚོར།
དམྱལ་བ་ནི་ང་ཚོའི་གམ་དུའོ་ཞེས།
ངས་བསྒྲགས་གཏམ་ཞིག་སྤེལ་འདོད།
གུས་གུས་ཞུམ་ཞུམ་གྱི་གཡོག་པོ་རྣམས་ལ།
གཡོག་ལས་ནི་ཁྱོད་ཀྱི་ཁྱད་ནུས་མ་ཡིན་ཞེས།
ངས་བསྒྲགས་གཏམ་ཞིག་སྤེལ་འདོད།
ཆེ་ཆེ་དྲག་དྲག་གི་གཏུམ་སྤྱོད་མཁན་ལ།
འཇིག་རྟེན་འདི་ཁྱོད་ཁོ་ནར་དབང་བ་མ་ཡིན་པའི་ཀུ་ཤུ་རྡོག་གཅིག་ཅེས།
ངས་བསྒྲགས་གཏམ་ཞིག་སྤེལ་འདོད།
དཀའ་སྡུག་བཟོད་བསྲན་ཐུབ་པ་ནི་དཔའ་རྟགས་དང་།
ཕུགས་བསམ་དམ་པོར་འཛིན་ཐུབ་ནི་རྒྱལ་ཁའོ་ཞེས།
ངས་བསྒྲགས་གཏམ་ཞིག་ཤུགས་ཀྱིས་སྤེལ་འདོད།
 
གོམ་པ་ང་དྲུག་པ།
ལྷའི་རོལ་དབྱངས་ལ་གསན་མྱོང་ངམ།
དེ་ནི་ཆེས་རྣ་བར་གཟན་པ་ཞིག་སྟེ།
ཡུགས་ས་མའི་འོ་དོད་དང་དྭ་ཕྲུག་གི་ངུ་ངག
གཅེས་ཕྲུག་གིས་ཕ་མར་བཏབ་པའི་རྟ་ལྕག་གི་ཤུར་སྒྲ།
ཆུང་མས་ཁྱོ་ག་འཚོང་བའི་ཚོང་འབོད་ཀྱི་འཛེར་སྐད།
ང་ཚོའི་ཁོར་ཡུག་ནས་འཁྲབ་པའི་སྐྱོ་གར་གྱི་འགོ་བརྗོད།
འདི་དག་ཡོད་ཚད་ནི་ལྷའི་རོལ་དབྱངས་ཀྱི་སྲོག་ཤིང་ཡིན་ལ།
འདི་དག་ཁོ་ནས་ལྷའི་རོལ་དབྱངས་ལ་གསོན་ཤུགས་གསར་བ་བསྩལ།
 
གོམ་པ་ང་བདུན་པ།
གྲང་ལྷགས་ཀྱིས་བསྡམས་པའི་ཁོར་ཡུག་འདིར།
སུ་ཞིག་གིས་མེ་ལྕེ་ལྟ་བུའི་ཕུགས་བསམ་འཆང་ཐུབ།
རེ་བ་ཡོད་ཚད་མར་མེ་བཞིན་ཁད་ཀྱིས་ཁད་ཀྱིས་ཟད་དུས།
ང་རང་འཆི་ཁའི་འཕག་འཚག་ལྟ་བུའི་འགྲེ་ལྡོག་རྒྱག་པར་སེར་སྣ་སྐྱེས་འོངས།
ལུས་པོ་འདོར་འདོད་ཀྱི་ཀུན་སློང་ཙམ་པོས།
ཁོར་ཡུག་འདིར་དྲོད་སྣང་ཕྲན་བུ་སྦྱིན་ནུས་ན།
ཕྱི་རིམ་ནང་རིམ་གྱི་མཁར་རྫོང་བརྩིགས་པས་ཅི་བྱེད།
 
གོམ་པ་ང་བརྒྱད་པ།
དུས་རབས་ཕྱེད་ཀའི་རིང་གི་དགའ་སྐྱོ་སྡུག་གསུམ།
ཡུན་རིང་ལ་ངུས་མི་ཚར་བའི་སྐྱོ་གདུང་གི་མིག་ཆུ་ཡིན་ཀྱང་།
རྒན་དར་གཞོན་གསུམ་སུས་ཀྱང་ཨུ་ཚུགས་ཀྱིས་རེ་བའི་ཉིན་མོ་གཅིག་པུ་དེ།
དེ་རིང་སུ་དང་གང་གིས་ཀྱང་མ་ཁོག་པར་སླེབས་སོང་བ་ཡིན་ཚེ།
ངས་རང་ལ་ཐོབ་པའི་ཕམ་ཁ་མཐའ་དག་ཁོག་ཏུ་མིད་ཆོག
ཐ་ན“ལྷ་འདྲེ་གདོན་བགེགས”ཀྱི་མེ་ལྕེར་ཐིམ་པའི་གསེར་ཡུམ་གྱི་ཤོག་ལྷེ།
“གྲལ་རིམ་མཐར་སྐྲོད”ཀྱི་དུར་སར་ལུས་པའི་མེས་པོའི་རུས་པ།
ད་དུང“ཐོན་སྐྱེད་རུ་ཁག”གི་ཞིང་སར་འཐོར་བའི་ཨ་མའི་རྔུལ་ཆུ།
ངས་དེ་དག་ཡོད་ཚད་རང་དང་འབྲེལ་མེད་ཅིག་ཏུ་བསམ་ཆོག
 
གོམ་པ་ང་དགུ་བ།
རིགས་རྒྱུད་འདིར་སྐྱེས་པའི་མིས་ཕུགས་བསམ་ཡོད་ཚད་འདོར་དགོས་པ་ཡིན་ནམ།
ཕུགས་བསམ་གང་ཡང་མངོན་འགྱུར་མི་ཐུབ་དུས།
ང་ཚོས་ཕག་པ་ཇི་བཞིན་གང་འདོད་ཅིག་ཅི་ལ་མི་བྱེད།
འཐུང་མ་ཐག་གཉིད་ལ་རོལ་བའི་གོམས་གཤིས་དེ་ཡང་།
ཨུ་ཐུག་ཐབས་ཟད་ཀྱི་གདམ་ཀ་མིན་པའི་ངེས་པ་གང་ན་ཡོད།
 
གོམ་པ་དྲུག་ཅུ་བ།
བྱེའུ་དེའི་གཤོག་རྩར་བཏབ་པའི་འདོད་ཧམ་གྱི་རྗེས་ཤུལ།
མཁའ་དབྱིངས་སུ་ཤུགས་ཀྱིས་འཕུར་བའི་སྣང་བརྙན་མ་ཡིན་ཀྱང་།
རང་དབང་གིས་བསྒྱུར་བའི་ལྡེམ་མྱུར་གྱི་གཤོག་རྩལ་རེ་རེ།
འཚོལ་སྙེག་དང་སྦྱོང་བརྡར་ལས་རྙེད་པའི་མན་ངག་ཅི་ལ་མིན།
སར་མ་ལྷུང་བའི་ཆུ་ཐིགས་གསོག་པའི་གོམས་གཤིས་དེ་ཡང་།
བདེན་པ་འཚོལ་ཅིང་རྫུན་པ་འདོར་བའི་རྩ་དོན་ཡིན་ཚེ།
གནས་ལུགས་ཟེར་བ་དེ་ཁྱོད་ཁོ་ནའི་ལག་ཆ་ཡིན་མི་སྲིད་ཨང་།
 
གོམ་པ་རེ་གཅིག་པ།
མི་དེའི་རྗེས་འདེད་བྱོས་ཤིག
ལང་ཚོ་ཆུད་ཟོས་སུ་གཏོང་བ་དེ་གླེན་རྟགས་ཤིག་ཡིན་ཀྱང་སྲིད་མོད།
ཁོའི་དཀའ་སྡུག་ཁྲོད་འཛུམ་ཆུང་སྟོན་ནུས་པར་གདའ།
རི་མོར་མ་ཕབས་པའི་རྣམ་འགྱུར་མཐའ་དག་ནི།
འཛད་མེད་རྟག་བརྟན་གྱི་ངོ་བོར་མ་གྲུབ་པས།
ཁྱོད་ཀྱིས་དུས་ཚོད་ཐུང་ངུ་དེར་གྲོན་ཆུང་བྱ་འོས།
 
མི་དེའི་རྗེས་འདེད་བྱོས་ཤིག
འཇིག་རྟེན་འདིའི་ཡོད་ཚད་ཀྱིས་འདོད་བློ་མི་ཚིམ་དུས།
ཁྱོད་རང་འཇིག་རྟེན་གཞན་ཞིག་གི་མགྲོན་པོར་གྱུར་ཚར་ཡོད།
ནགས་ཚལ་འདིར་མགོ་བོ་འཁོར་ནས་རིང་ཞིག་ལོན་པའི་ང་ཚོས།
མི་དེའི་རྗེས་དེད་ཚེ་ད་བཟོད་རི་ལུང་བརྒལ་ཐུབ།
 
གོམ་པ་རེ་གཉིས་པ།
གཙུག་ལག་ཁང་བརྗིད་པོ་ཞིག་གི་སྒོ་ཁྱམས་ནས།
ང་དང་ཕུག་རོན་རྨས་མ་ཞིག་གྲང་བར་གཡོལ་དུ་འདུས།
དྲོ་ཞིང་འཇམ་པའི་གཤོག་པ་ཆ་དེ་ཡིས།
ཁོ་ལ་ཨ་མའི་པགས་རྩག་ལྟ་བུའི་དྲོད་ཁོལ་སྦྱིན་དུས།
ང་ཡང་ཤེས་མེད་ཚོར་མེད་དུ་ཐུ་འོག་དེར་འཇུག་འདོད།
གྲང་རླུང་མི་ཁོགས་པའི་རས་གཟན་སྲབ་མོ་འདི་ལུས་ལ་སྦྱར་ནས།
སེམས་ཀྱི་འཇིག་རྟེན་དེར་ལམ་ལ་ཆས་དུས།
སུ་ཞིག་གིས་བདག་ལ་མེ་སྒོང་བརྒྱབ་ནས་གནས་ཚང་གཡོར་རམ།
 
གོམ་པ་རེ་གསུམ་པ།
དྲིལ་ལྕེ་ལྷུང་ཟིན་པའི་གཡེར་དྲིལ་རྙིང་བ་དེ་དག་ལས།
ངས་བར་སྐབས་ཤིག་གི་བརྡབ་གསིག་མ་ཐེབས་པའི་ཁོར་ཡུག་དེ་མཐོང་འོངས་ལ།
ཕུག་རོན་གྱི་གཤོག་པས་སྒུལ་བའི་དྲིལ་སྐད་ཅིག་ཀྱང་ཐོས་ཡོང་།
སྤུན་ཟླར་བྲལ་བའི་ལོ་ཟླ་འདི་སྨག་གིས་བཟུང་མེད་ན།
ངས་མིག་ཟུང་བཙུམས་ནས་རང་སེམས་གསོས་པས་ཅི་བྱེད།
 
གོམ་པ་རེ་བཞི་བ།
ངེད་ཀྱི་སར་ལྐོག་གྱུར་གྱི་འཛུམ་ཆུང་མ་སྟོན།
བཀའ་གཙིགས་ཀྱི་རྡོ་རིང་དེ་ཧྲུག་ཧྲུག་ཟོས་པ་ནས།
ང་རང་ཚོའི་བར་ལ་སྦྱོར་དུ་མི་བཏུབ་པའི་གས་ཀ་ཤོར་ཡོད།
ངེད་ཀྱི་སར་ལྐོག་གྱུར་གྱི་འཛུམ་ཆུང་མ་སྟོན།
རྡོ་ཡི་ཉི་ཟླར་བསྒོས་པའི་ཚོན་རྩི་ཡལ་བ་ནས།
ང་རང་ཚོའི་བར་ཐག་རི་ཆུས་བཅད་ཡོད།
 
གོམ་པ་རེ་ལྔ་བ།
ཆང་རག་གི་བྲོ་བ་ཙམ་ཡང་མྱངས་མ་མྱོང་བ་བདག་གིས།
ཏག་ཏག་སྐབས་འདི་ལ་རང་ཉིད་བཟི་འཐོམ་མེར་གཏང་འདོད།
ཕུགས་བསམ་ལ་བསམ་བློ་ཙམ་ཡང་འཁོར་མ་དགོས་ན།
འཇིག་རྟེན་འདིར་ང་ལས་སྐྱིད་པ་སུ་ཡོད།
མཚམས་ལན་རེར་དྲ་མའི་བར་གྱི་སྦྲང་ནག་གི་བེམ་པོར་ཅེར་ཏེ།
གཤོག་པ་ལྡན་བཞིན་འཆི་ཐུབ་པར་ཡང་སྨོན་པ་ཤོར་འགྲོ།
རྣམ་ཤེས་ཁོ་ན་གཅེར་བུར་གྱུར་ནས།
སང་ཉིན་གྱི་འཆར་གཞི་ལ་ཚང་རྩིས་རྒྱག་དུས།
སུ་ཞིག་གིས་བདག་ལ་རམ་འདེགས་ཀྱི་སྐུལ་མ་བྱེད་དམ།
 
གོམ་པ་རེ་དྲུག་པ།
ཡ་ང་བའི་རྨི་ལམ་དེ་ལས་ཧར་གྱིས་སད་པས།
ངས་ད་བཟོད་རང་ཉིད་གསོན་པོར་གནས་པའི་བདེན་དཔང་རྙེད་ཅིང་།
སྙིང་གི་ཟབ་སར་འབབ་ངེས་པའི་མེ་བཙའ་དེའི་དབང་གིས།
ང་རང་སླར་ཡང་རྨི་ལམ་ལ་ཞུགས་པར་རེ་སྟེ།
རང་ཉིད་མྱུར་ཏུ་ཤི་སོང་བར་བདེན་དཔང་ཙམ་བྱ་འདོད།
 
གོམ་པ་རེ་བདུན་པ།
རི་བོ་ཁོག་སྟོང་ཚོ་རླུང་གིས་འཁུར་བར་བྱེད་དུས།
ཁྱོད་ཀྱིས་ད་བཟོད་རང་ཉིད་ཀྱི་རྒྱབ་རིའང་ཁོག་སྟོང་ཡིན་པ་ཚོར་རམ།
རི་ཁའི་དར་ཤིང་དག་གཅེར་བུར་གྱུར་བར་ཁག་མེད་དེ།
ཤོག་བུའི་སྒམ་སྟོང་དེ་ཚོར་ལྕི་མོ་འདེགས་པའི་ནུས་པ་གང་ན་ཡོད།
 
གོམ་པ་རེ་བརྒྱད་པ།
འབྲུག་སྐད་ཅིག་ཨུ་ཚུགས་ཀྱིས་ཡུན་རིང་དུ་གྲགས་ཀྱང་།
མི་སེམས་ལ་བསིལ་བ་སྟེར་བའི་ཆར་ཐིགས་རྡོག་གཅིག་ཀྱང་འབབ་རྒྱུ་མི་འདུག
གནམ་རྒན་མས་ང་ཚོའི་དོན་དུ་མིག་ཆུ་བཏང་ཚར་བ་རེད་དམ།
མི་ཡུལ་གྱིས་འདི་ལྟར་རྒྱང་འཕུད་བཏང་འོངས་དུས།
ལྷ་ཁང་དེའི་བར་ཁྱམས་ཀྱི་ཕུག་རོན་ཚོ་དཀྲོག་བྱེད་དུ་གྱུར་ཅིང་།
དགེ་འདུན་པ་ཚོ་བསྔོ་སྨོན་ལ་ཞུ་བའི་དུང་སྒྲ་རིང་བོ་དེས།
ང་རང་ཐར་བ་ནས་ཐར་བར་ཁྲིད་དེ།
མ་མཐའ་ཡང་ཉི་ཚེ་བའི་ཏིང་འཛིན་ལ་རོལ་དུ་བཅུག་ན་ཅི་མ་རུང་ཨང་།
 
གོམ་པ་རེ་དགུ་བ།
ཁྱིམ་ལས་ཙག་ཙིག་དང་མཉམ་དུ་ནར་སོན་པའི་བདག་གི་ཤེས་རབ།
འཕུར་རྩལ་མ་སྦྱངས་པའི་གླག་ཕྲུག་ཅིག་དང་འདྲ་ཡང་།
རང་ཉིད་ཀྱི་ནམ་མཁའི་ཁྱོན་ལ་ལྡིང་སྐོར་རྒྱག་དགོས།
བདག་ལ་མ་མཐའ་ཡང་ཆེས་ཆུང་བའི་རླུང་ཤུགས་སྩོལ་ཅིག
ཤེས་རབ་མེ་དཔུང་ལས་ཚ་བའི་ལང་ཚོའི་སྐབས་སུ།
སུ་ཞིག་གིས་དྲན་པའི་སྒོ་མོ་དམ་པོར་རྒྱག་ཐུབ།
 
གོམ་པ་བདུན་ཅུ་བ།
ཕ་གིའི་གཏིང་མཐའ་མི་མངོན་པའི་དོང་ཆེན་དེ་མཐོང་སོང་ངམ།
དེ་ནི་འགྲང་རྒྱུ་མེད་པའི་གཅན་གཟན་ཞིག་གི་ཁ་དང་ཡོངས་སུ་མཚུངས།
ཁྱོད་ཀྱིས་ཅི་ཡིན་མ་ཤེས་པར་རང་ཉིད་ཀྱི་ཁྲག་དྲོན་སྟོབ་དགོས་དོན་མེད།
དངོས་བརྒྱུད་ཅི་རིགས་ནས་ཟུངས་ཁྲག་བཞིབས་ཏེ།
ད་ནི་ཤིག་རྙིད་ཅིག་དང་འདྲ་བའི་རང་ཅག་གི་ལུས་པོར།
རང་ཉིད་བསྲུང་བའི་ཤེད་ཤུགས་ལས་གཞན་ཅི་ཞིག་ལྷག་ཡོད།
 
གོམ་པ་དོན་གཅིག་པ།
ང་ཚོས་ཅིའི་ཕྱིར་འགྱེལ་ཞོར་དང་ལངས་ཞོར་གྲངས་མེད་ཅིག་བརྒྱབ་ནས།
རྐང་བ་ཟུང་ལ་བརྟེན་པའི་གདམ་ག་འདི་གཉེར་བ་ཡིན་ནམ།
དེ་ནི་རང་ཅག་གི་ཕུགས་འདུན་གང་ཞིག་ད་དུང་མངོན་འགྱུར་ཐུབ་མེད་པས་ཡིན་ངེས།
ཇི་སྲིད་ཆེས་མཐར་ཐུག་གི་གཏན་གྱི་སྡོད་ས་དེར་སླེབས་རག་བར་དུ།
ང་ཚོས་གོམ་པ་རེ་རེ་སྟོབས་ཀྱིས་སྤོ་དགོས་པས།
མུ་མཐུད་དུ་ལམ་ལ་ཆས་ཤིག       སྙིང་གི་སྤུན་ཟླ།
 
གོམ་པ་དོན་གཉིས་པ།
དུས་རབས་ཕྱེད་ཀའི་རིང་གི་ཁེར་རྐྱང་།
རི་ཆུ་ནགས་གསུམ་གྱིས་ཀྱང་སྐྱོ་དབྱངས་ལ་བརྒྱུས་ནས་བླངས་ཚར།
སྤྱིར་ཡིན་ན་ཡི་ཆད་འོས་པའི་ངའི་རེ་སྒུག
ཏག་ཏག་ཆེས་མཐའ་མཇུག་ཀྱང་རྒྱུན་བསྲིང་བྱ་དགོས་ཏེ།
དེ་ལ་ངའི་ཚེ་ཚད་ལས་མེད་ན་ག་ནས་འགྲིག
ང་སྙིང་དུ་སྡུག་པའི་ལྷ་ཁང་དེའི་ཀྭ་རྡོ་བྱེད་མ་ཐུབ་ཀྱང་།
སྐྱ་ཐིང་ཐིང་གི་གྲམ་གཞུང་འདི་ཡིད་ཆེས་ཀྱིས་བསྲུང་དགོས།
 
གོམ་པ་དོན་གསུམ་པ།
འོད་སྣང་དང་མཉམ་དུ་སྐྱེས་ཟིན་ཀྱང་།
འོད་སྣང་དང་མཉམ་དུ་འཚོ་མི་ཐུབ་པ་ནི་ཇི་འདྲའི་སྐྱོ་ཨང་།
 
དྭངས་གསལ་གྱི་རྣམ་ཤེས་འདི་ཁོ་ན།
མིག་འབྲས་བཞིན་ནོར་བུར་མཆོད་འོས་ཀྱང་།
གད་སྙིགས་མང་བོའི་ཁྲོད་ཀྱི་གད་སྙིགས་བཞིན།
ད་ནི་མ་གཞིའི་ཁ་དོག་ཀྱང་ཡལ་ལ་ཉེ་འདུག
རེད་དེ།    ང་ཁོ་ནའི་ལས་དབང་ལྟ་བུའི་ལས་དབང་གིས།
ཉེན་ཁ་གཞན་ཞིག་གི་གསལ་བརྡ་གཏོང་གི་ཡོད་ཨང་།
 
གོམ་པ་དོན་བཞི་བ།
སེམས་བདེ་བར་གྱིས་ཤིག
ཁྱོད་ཀྱི་བདེན་ལུགས་དེ་ནམ་ཞིག་མི་རྣམས་ཀྱིས་རྟོགས་ངེས།
ཡིད་ཁོང་དུ་ཆུད་པས་ཅི་བྱ།
ཁོ་ཚོའི་གཉིད་ཧ་ཅང་མཐུག་པས་རྨི་ལམ་ཙམ་ཡང་ཡོད་མི་སྲིད།
དེ་བས་ཁྱོད་ཀྱི་ཀི་རིང་དེ་ཙམ་གྱིས་སློང་མ་ནུས་པར་ཁག་མེད།
རང་རྟོག་གིས་སད་མི་ཐུབ་པ་ནི།
མ་གཞི་ནས་ལན་ཆགས་རིགས་ཤིག་ཡིན་ཨང་།
 
གོམ་པ་དོན་ལྔ་བ།
ནུར་ནུར་བོ་དེ་མང་འཐུང་མ་བྱེད།
དེས་ནི་ཁྱོད་ཀྱི་བློ་གྲོས་ཀྱང་ནུར་ནུར་བོ་ཞིག་ཏུ་གཏོང་སྲིད།
མི་རྣམས་ཀྱིས་ཅི་མི་སྙམ་པར་ཁྱོད་ཀྱི་འདམ་མྱགས་ལ་རྡོག་རྫིས་བྱེད་དུས།
འཇམ་དཔལ་དབྱངས་ཀྱི་ཤེས་རབ་ཀྱི་རལ་གྲིས་ཀྱང་།
ཁྱོད་ཀྱི་མི་གཙང་བ་དག་དབྲལ་ཐབས་ཡོད་པ་མ་རེད།
 
གོམ་པ་དོན་དྲུག་པ།
གལ་ཏེ་སེམས་ཁྲལ་ནི་མིག་ཆུ་རྡོག་གཅིག་ཡིན་ཚེ།
ངས་དེ་སྙན་ངག་ཚར་གཅིག་གིས་གཅུད་ནས་ཁྱོད་ལ་ཕུལ་ཚར།
གལ་ཏེ་སེམས་ཁྲལ་ནི་འཇིགས་ཉེན་རིགས་ཤིག་ཡིན་ཚེ།
ངས་དེ་སྙན་ངག་ཚར་གཅིག་ཏུ་བྲིས་ནས་ཁྱོད་ལ་གྱེར་ཟིན།
མེ་སྒྱོགས་དེས་སྤྲུགས་རྡེབ་ལན་འགའ་བྱས་ཚེ།
སྲོ་མང་བཞིན་གཅིར་ཆོག་པའི་ཉམ་ཆུང་གི་ཚེ་སྲོག
མཆུ་ཏོ་ཁོང་ནས་རུལ་བའི་མེ་སྒྱོགས་ལའང་ཇི་འདྲའི་སྐྲག་ཨང་།
 
གོམ་པ་དོན་བདུན་པ།
གལ་ཏེ་ང་ནི་ཟད་ལ་ཉེ་བའི་ས་སྨྱུག་རྡོག་པོ་དེ་ཡིན་ཚེ།
ངས་རང་ཉིད་ཀྱི་ཚེ་མཇུག་སྤྱད་ནས་ཁྱོད་ཀྱི་སྒོ་སམ་དུ་བོད་ཅེས་པའི་ཡི་གེ་འདི་འབྲི་ངེས།
གལ་ཏེ་ང་ནི་གཟིམས་ལ་ཉེ་བའི་མར་མེ་མག་མོག་དེ་ཡིན་ཚེ།
ངས་མཐའ་མཇུག་གི་འོད་སྣང་དེ་ཡང་རྩྭ་ཐང་འདིར་འགྱེད་ངེས།
འདེག་བྱེད་མེད་པའི་ནམ་མཁའ་འདི་གློ་བུར་བརྡིབ་འགྲོ་སྙམ་པའི།
འཇིགས་སྣང་དེ་ང་འདྲའི་ཉམ་ཆུང་དག་ལ་ཇི་འདྲའི་ཆེ་ཨང་།
 
གོམ་པ་དོན་བརྒྱད་པ།
འཕྲུལ་གྱི་མིག་དེས་མཐོ་ས་ནས་རྐུན་མིག་ལིང་ལིང་བྱས་པ་དེས།
བདག་གི་ཁོར་ཡུག་ལ་བྲེད་ཤ་བསླངས་སོང་།
དེའི་ཐོག་ལ་དོགས་པ་སློང་བའི་གློག་སྒྲོན་དེ་སྦྱར་བ་ནས།
ངའི་གྲོགས་པོ་ཚོའི་རྨི་ལམ་ཡང་ལྕགས་ཀྱིས་བསྒྲོགས་སོང་།
འདས་པའི་བག་ཡངས་ཀྱི་འཚོ་བ་དེ་གྱོན་གོས་མ་ཡིན་ཡང་།
དེས་ང་ཚོའི་ཁ་རྒྱབ་དྲོ་ཨང་།
 
གོམ་པ་དོན་དགུ་བ།
བདག་གི་ན་ཟུག་ལ་རོལ་བར་ཡོང་བ་ཡིན་ནམ།
སྦྱོང་བརྡར་ཁྲོད་ད་ནི་ངས་སྤོབས་པ་གཞན་ཞིག་རྙེད་ཡོད།
མུན་ནག་འཇིངས་སུ་དབུགས་ཀྱི་རྒྱུ་བའང་དལ་བུར་ལོངས་དང་།
གཡེར་དྲིལ་གྱི་རོལ་དབྱངས་དྭངས་མོ་ཞིག་སྙིང་ལ་སིམ་འོང་།
དེ་དུས་ཁྱོད་ཀྱིས་མིག་ཟུང་ཡང་ག་ལེར་བཙུམ་འོས།
ངས་རང་ཉིད་ཀྱི་ལུས་ངག་ཡིད་གསུམ།
འདི་ལྟ་བུའི་ལྷིང་འཇགས་ཁྲོད་ཀྱི་ལོངས་སྤྱོད་ལ་གཏན་དུ་ཕུལ་ཚར།
 
གོམ་པ་བརྒྱད་ཅུ་བ།
བྱ་རྒོད་ཀྱི་གཤོག་རུ་བརྐྱངས་འདྲའི་སྨིན་མཚམས་སུ།
གར་ཡོང་མི་ཤེས་པའི་གཉེར་མདུད་ཅིག་གློ་བུར་བབས་པ་ཅི་ཡིན་ནམ།
ཁྱོད་ཀྱི་ཁེར་རྐྱང་ངང་བདག་པོའི་མིང་ནས་འབོད་སྟངས་དེས།
འུ་ཅག་གི་གནམ་སའི་བར་སྟོང་ལ།
བཤིག་དཀའ་བའི་ལོ་རྒྱུས་ཀྱི་མདུད་པ་དམ་པོ་ཞིག་བརྒྱབ་སོང་ཨང་།
ནམ་ཞིག་གཉེར་མདུད་དེ་རུས་པའི་གཏིང་ལ་བབས་ཤིང་།
ལོ་རྒྱུས་དེ་སྟོང་བའི་དབྱིངས་ལ་ཐིམ་དུས་ཀྱང་།
ཁྱོད་ཀྱི་ཞེད་སྣང་དེའི་གོ་དོན་ཅི་ཡིན་རྟོགས་མི་ཐུབ་པ་ཨེ་ཡིན།
 
གོམ་པ་གྱ་གཅིག་པ།
ཁྱོད་ཀྱང་བྱང་ཆུབ་ཤིང་དྲུང་དུ་ངལ་གསོ་བར་འགྲོ་འོས།
ང་ཚོས་རང་རང་གི་བྱང་ཆུབ་ཤིང་དེ་འཚོལ་འོས།
སྐྱེ་བ་མང་བོར་མནར་གཅོད་ཀྱི་ཚ་བས་གདུང་བའི་ང་ཚོས།
བྱང་ཆུབ་ཤིང་གི་གྲིབ་བསིལ་འོག་ད་བཟོད་བདེ་བ་རྙེད་ངེས།
དེ་དུས་ང་ཚོས་རང་གི་ཆེད་དུ་དྲི་བ་གདོན་ཆོག
གཞན་གྱི་ཚབ་ཏུའང་དྲི་བ་གདོན་ཆོག
 
གོམ་པ་གྱ་གཉིས་པ།
ལྕགས་ཀྱི་ལག་པ་དེ་ཇི་འདྲའི་རིང་དུ་བསྲིངས་ཀྱང་།
མགོ་རུས་སྐམ་པོ་དེ་ལས་ཁྱོད་ལ་ཅི་ཡང་འཐོབ་མི་སྲིད།
སྟོད་འགག་ལ་བྲང་ཁུག་ཅིག་སྤྲད་པ་འདི།
དུས་རབས་ཀྱིས་དེད་པའི་ཨུ་ཐུག་ཡིན་མིན་ཅི་ཆ་ཡང་།
ངས་ཀྱང་དེ་ལ་བསྡུ་རྒྱུ་ཞིག་མ་རྙེད་པར་ལུས་ཡོད།
 
གོམ་པ་གྱ་གསུམ་པ།
ཚེ་སྲོག་ནི་ཇི་འདྲའི་ཉམ་ཆུང་བ་ལ་ཨང་།
ཐ་ན་ཁྱོད་ཀྱི་ཁྲག་དམར་འཛར་འཛར་གྱི་མགོ་བོའང་།
ད་ནི་རྡོ་རྗེ་སློབ་དཔོན་དེའི་ཕྱག་ཆ་རུ་གྱུར་འདུག
ཁྱོད་ཀྱི་འགྲམ་པར་རྡེག་པ་ལས་གསེང་མཐོར་སྒྲོག་གིན་པ་དེ་ཡང་།
ཆེས་མཐའ་མཇུག་ཀྱང་བཤད་འཕྲོར་ལུས་སོང་བའི་ན་ཟུག་དེ་ཡིན་ནམ།
མི་རྣམས་ཀྱིས་ཁྱོད་ཀྱི་བབ་ཆགས་སྤྱད་དེ།
སྙིང་ཁོང་གི་ལྷ་དེ་སྤྱན་འདྲེན་གནང་གི་འདུག་ན།
ཁྱོད་ཀྱིས་ཀྱང་སྐབས་བསྟུན་གྱིས་རང་ཅག་གི་སྡུག་ཡུས་ཞུས་ཆོག
 
གོམ་པ་གྱ་བཞི་བ།
ཕྱེ་ལེབ་ཚོས་འཕྲོ་རིམ་འཕྲོར་བྱེ་ཐང་བསྙེགས་ཚར།
ཁོ་ཚོ་མྱ་ངམ་ཐང་གི་ཚ་གདུགས་ལ་རོལ་བར་འཕུར་ཚར།
མེ་ཏོག་གི་ཆ་ཡོངས་སུ་ཁྱབ་པའི་དུག་རྫས་དག
ལྕགས་ཀྱི་མཆུ་ཏོ་ཐོགས་པའི་གཤེད་མ་རེ་རེར་སྤྲུལ་ཡོད་པས།
མྱ་ངམ་ཐང་གི་གསེར་མདོག་ཁོ་ནས།
ཕྱེ་ལེབ་ཚོར་བག་ཡངས་ཀྱི་སེམས་གསོ་སྦྱིན་ཐུབ།
 
གོམ་པ་གྱ་ལྔ་བ།
བསྔོ་སྨོན་སློང་བའི་དུང་བརྡ་རིང་བོ་དེ་མུ་ནས་མུ་རུ་གྲག་གིན་འདུག
སྤུན་ཟླ།   ཡར་ལོངས་དང་བསྔོ་སྨོན་བྱེད་པར་འགྲོ།
ལྟག་སྒོར་མ་འཛུལ་བས་གཡང་ལ་ལྷུང་སོང་བ་དེ་དང་།
མི་སེར་ཡིན་ཕྱིར་རང་ཤི་རྒྱག་དགོས་བྱུང་སོང་བ་སྟེ།
གར་འགྲོ་གཏོལ་མེད་ཀྱི་རྣམ་ཤེས་མང་ཚོས།
མི་ཡུལ་ནས་དེད་པའི་སེམས་གཅོང་ཁུར་ནས།
གཉོམ་དུང་ངེར་འོད་སྣང་ཞིག་ལ་རེ་བཞིན་ཡོད་ངེས།
 
གོམ་པ་གྱ་དྲུག་པ།
ལག་པ་ཕྱིར་སྐུམས་ཤིག
ཁྱེར་སོང་བ་དེར་ང་ཚོས་ཀྱང་ལེ་བདའ་གཏོང་གི་མིན།
ང་ཚོ་རང་གནས་སུ་ཁུ་སིམ་མེར་ཞོག་ཅིག
འདས་སོང་དེ་ཡིག་ཚགས་སུ་མ་གཏོགས་ཉར་གི་མིན།
ལྐོག་ལྐོག་སུལ་སུལ་གྱི་ཡིག་ཆ་དེ་ཚོ་ཡང་ཕྱིར་བསྡུས་ཤིག
སྐད་ཡིག་འདི་ཁོ་ན་ད་བཟོད་ང་ཚོའི་སྲོག་དམར་བོ་ཡིན།
 
གོམ་པ་གྱ་བདུན་པ།
དཔེ་ཆའི་བར་གྱི་མེ་ཏོག་སྐམ་པོ་དེ་དང་འདྲ་བར།
ཁྱོད་ཀྱི་ལང་ཚོ་ཡང་སུ་ཞིག་གིས་བཙན་ཐབས་ཀྱིས་ཁྱེར་སོང་ངམ།
ཤ་ཟད་རུས་ཟད་ཀྱི་ལུས་ཕུང་ཀོག་པོས།
དུས་རབས་ཕྱེད་ཀའི་སད་སེར་ལ་རྒོལ་དུས།
རུས་པའི་གཏིང་གི་རྐང་མར་ཁོ་ནས་ང་ཚོར་དབུགས་རྒྱུན་བསྩལ་ཡོད་ཨང་།
 
གོམ་པ་གྱ་བརྒྱད་པ།
མུན་པ་ཆེས་སྟུག་པའི་སྐབས་དེར་ངས་མེ་ལོང་ཞིག་རྙེད།
མེ་ལོང་ནི་ཕྱི་གཙང་ནང་གཙང་ཞིག་ཡིན་སྲིད་ནའང་ཐང་མོད།
ད་ནི་ངའི་ཁོར་ཡུག་ཡོད་ཚད་མུན་པས་ཟོས་ཚར།
སྔ་མོའི་དུས་ཀྱི་འོད་སྣང་རེ་རེས།
མི་རྣམས་ཀྱི་སེམས་པའི་ཞལ་ཁེབ་བཀྱགས་མྱོང་བ་ཡིན་ན།
ང་ཚོས་ཅིའི་ཕྱིར་རང་ཉིད་ལ་ཞིབ་ལྟ་ཐེངས་ཤིག་མ་བགྱིས་པ་ཡིན་ནམ།
 
གོམ་པ་གྱ་དགུ་བ།
བྲིས་ཀྱང་རྫོགས་ཐབས་མེད་པའི་དབུས་ལམ་གྱི་གཏམ་རྒྱུད།
སེར་དམག་ཚོས་ཡར་འཕེན་མར་གཡུག་བྱས་པའི་འུར་རྡོ་དག་ཡིན་ཚེ།
དེ་དག་ལ་རང་ཤུགས་ཀྱིས་བབས་པའི་སེར་ག་རེ་རེ་ནི།
པོ་ཏ་ལའི་ཡ་ཐོད་ཀྱི་རྒས་གཉེར་རེ་རེའམ།
ཁྱོད་དང་ང་ཡི་གནོན་ཐབས་བྲལ་བའི་ཤུགས་རིང་རེ་རེ་ཅི་ལ་མིན།
 
གོམ་པ་དགུ་བཅུ་བ།
ལག་རྩེར་མཆོད་པའི་ནོར་བུ་འདིའི་དབང་གིས།
ངས་སྐྱབབས་འཇུག་ཡོད་ཚད་སང་ཉིན་ལ་བཅོལ་དགོས་པ་ཡིན་ནམ།
རང་ཉིད་ཀྱི་མེ་རུ་འབར་བའི་ཕུགས་འདུན་མཐའ་དག
མངོན་འགྱུར་གྱི་རེ་བ་ནི་ཉག་ཕྲ་ནའང་།
སྨུག་པ་ནག་པོ་ཞིག་གིས་ཡོངས་སུ་བཏུམས་འོངས་དུས།
གཏིང་མཐར་ལུས་པའི་ཆེས་མཐའ་མཇུག་གི་མེ་སོན་དག་ཀྱང་།
དུས་གཅིག་ལ་དྲག་ཏུ་འཕྱུར་འདོད་ཨང་།
 
གོམ་པ་གོ་གཅིག་པ།
རིན་ཐང་ཤོར་བའི་ཉིན་དང་མཚན་མོ་རེ་རེར།
མི་ཡུལ་དུ་མེ་སྟག་ཙམ་གྱི་དྲོད་ཁོལ་ཀྱང་རྙེད་རྒྱུ་མི་འདུག
ངའི་རྡོ་ལྟར་འཁྱགས་པའི་ལག་ཟུང་འདི།
ད་ནི་ཁྱོད་ཀྱིས་བྲང་ཁར་སྦྱར་ནས་སྲོ་འོས།
ཡང་ན་སུ་ཞིག་གིས་མེ་རོ་གསོས་ཏེ།
རྩྭ་ཐང་འདི་དྲོད་ལམ་མེར་གཏོང་བར་ད་དུང་ག་ཙམ་སྒུག་དགོས་སམ།
 
གོམ་པ་གོ་གཉིས་པ།
འདི་ལྟར་སྐྱབས་འཇུག་ཁྲི་ཕྲག་གིས་མནན་འོངས་དུས།
ང་ལ་དབང་མེད་དུ་སྐྲག་སྣང་ཞིག་སྐྱེས་ཡོང་།
ལོ་དང་དུས་ཚོད་ཀྱིས་དེད་ནས་གྲལ་མགོར་ཐོན་ཀྱང་།
ངས་རྒྱུན་དུ་ཟླ་གམ་གྱིས་མགོ་བོ་བཏུམས་ནས་གཉིད་རྐྱང་བྱས་པས།
ང་ལ་ཁྱོད་རང་གར་སོང་འདིར་སྡོད་ཀྱི་ཉམས་མྱོང་བཤད་རྒྱུ་མེད།
སྟབས་ཉེས་ན་འུ་གཉིས་མཉམ་དུ་གཡང་ལ་ལྷུང་ཡང་སྲིད།
དེའི་ཕྱིར་མ་མཐའ་ཡང་ཁྱོད་ལ་སེམས་རྩ་བརྟན་པོ་ཞིག་ཡོད་འོས།
དེ་མ་གཏོགས་ངས་ཁྱོད་ལ་ཅི་ཞིག་བཤད་ཨང་།
 
གོམ་པ་གོ་གསུམ་པ།
རྩྭ་ཐང་ནི་པར་ཆས་ཀྱི་མིག་ལ་ཤར་བའི་རྒས་འཁོགས་འདི་ཡིན་ཚེ།
ང་ནི་ཁོའི་གདོང་གི་སྨ་ར་ཐར་ཐོར་དེ་ཚོའི་གྲས་ཀྱི་གཅིག་ཡིན་སྲིད།
གནག་སྣུམ་གྱི་སྐྲ་ལོ་ལྟ་བུའི་ལང་ཚོ་དག་སྐྱོ་གདུང་གིས་འཐོར་ཤུལ་ན།
ང་དང་ང་འདྲའི་ཚོགས་ནི་ཇི་འདྲའི་མིག་ལ་གཟན་ཨང་།
བདེན་ཏེ།  ད་དུང་རྩྭ་ཐང་ནི་རྒས་འཁོགས་ཀྱི་རྒན་པོ་འདི་ཡིན་ཚེ།
ང་ནི་ཁོ་རང་དམ་དུ་འཇུས་པའི་ལག་རྟེན་དེ་བྱེད་འདོད།   ཇི་སྲིད་དུ།
 
གོམ་པ་གོ་བཞི་བ།
ཡ་ཆུང་དུ་འཚངས་ཀྱང་མིད་ཐག་ལས་འཕུད་མ་ཐུབ་པའི་གནས་ལུགས་དེ།
འུ་ཅག་གི་ཤ་ལ་ཐིམ་ནས་རུས་པར་བབས་སོང་དུས།
རང་ཅག་ནི་བང་སོར་ཡང་ཇི་སྲིད་དུ་བདེ་བར་གཟིམས་ཆོག་སྟེ།
མ་མཐའ་ཡང་གནའ་རྫས་རྟོག་དཔྱོད་པ་ཚོས།
རང་ཅག་ལ་གནས་ལུགས་ཡོད་པ་རྟོགས་སྲིད།
རུས་པར་བབས་པའི་རི་མོ་མཐའ་དག་ནི།
མ་གཞིར་ཡང་བསུབ་ཐབས་མེད་པའི་རྟགས་ཐམ་རེ་རེ་ཡིན་ཨང་།
 
གོམ་པ་གོ་ལྔ་བ།
ཅོག་ཙེའི་ཟུར་གྱི་དུས་ཚོད་འཁོར་མཚམས་བཞག་ནས་ཉིན་ཤས་སོང་ཞིང་།
ད་ནི་ཁ་པར་ངོས་ཀྱི་དུས་ཚོད་ཀྱང་ཡོངས་སུ་འཆོལ་འདུག་པས།
ནམ་དཀྱིལ་འདིར་ང་ལ་གློ་བུར་བའི་བྲེལ་འཚུབ་ཅིག་སྐྱེས་སོང་།
གལ་ཏེ་ནམ་གསལ་རག་བར་དུ་ངའི་དབུགས་རྒྱུན་ཆད་ཅིང་།
འཇིག་རྟེན་འདིར་མཐའ་མཇུག་གི་ཁ་ཆེམས་ཀྱང་འཇོག་མ་ཐུབ་པ་ཡིན་ན།
བདག་གི་སྙན་ངག་རིང་མོ་འདི་ཡང་འདི་ལྟར་ཁུ་སིམ་མེར་ལུས་འགྲོའམ།
 
གོམ་པ་གོ་དྲུག་པ།
བདག་ལ་དབང་བའི་བདག་གི་ལུས་ངག་ཡིད་གསུམ་དང་།
བདག་གི་ལུས་ངག་ཡིད་གསུམ་གང་དུའང་མི་གཏོགས་པའི་བདག
ཐ་ན་བདག་ལ་མི་དབང་བའི་བདག་གི་ལུས་ངག་ཡིད་གསུམ།
འདི་དག་ཐམས་ཅད་ད་ནི་རོལ་རྩེད་ཙམ་དུ་གྲུབ་ཚར།
མི་རྣམས་ཀྱིས་སྟོང་བའི་དབྱིངས་ལ་འོད་ཟེར་གྱི་ཐིག་འདེབ་དུས།
ངས་ནི་ཁྱོད་ལ་ཨ་ཙ་མའི་ན་ཟུག་དེ་འཁྲབ་ཆོག
 
གོམ་པ་གོ་བདུན་པ།
ཁྱེད་ཀྱི་དབྱངས་རྟ་དེས་ང་བདེ་བ་ཅན་དུ་འཁྲིད་སྲིད།
དེས་མི་ཚད་བདག་གི་སྐྱོན་གྱིས་གོས་པའི་རྣམ་ཤེས་ལ་བྱབས་ཁྲུས་ཐེངས་ཤིག་བྱ་ངེས།
བདག་ནི་དེ་ལྟའི་ངང་ཚུལ་ལ་དགའ་ཞིང་སྤྲོ་སྟེ།
དྭངས་གཙང་གི་གླུ་སྐད་ཁོ་ནས་ད་བཟོད་མི་སེམས་ལ་ལྷོད་ཤ་སྟེར།
བདག་གི་སྐྱེ་བ་ཐོག་མ་མེད་པ་ནས་སངས་རྒྱས་ཀྱི་གོ་འཕང་དབར་གྱི་བརྒྱུད་ལམ་དེ།
ཏག་ཏག་བགྲང་བཞིན་པའི་ཕྲེང་བ་བརྒྱ་སྐོར་འདི་དང་འདྲ་ཚེ།
ད་ནི་བདག་ཧ་ལམ་ག་ཤད་ཅིག་ལ་ཐོན་ཡོད་དམ།
བཅུ་སྐོར་དང་བོའམ་གསུམ་པ།   ཡང་ན་བདུན་པ།
མིན་མིན་མིན།   མ་མཐའ་ཡང་བརྒྱད་ཅུ་རྩ་སྟོད་ལ་ཐོན་ཡོད་པར་སྨོན།
 
གོམ་པ་གོ་བརྒྱད་པ།
གྲུ་གཟིངས་ཆེན་པོ་དེར་རེ་ལྟོས་མ་བྱེད།
དེས་ཕ་རོལ་དུ་སྒྲོལ་ཐུབ་མིན་ལའང་བསམ་བློ་མ་གཏོང་།
ང་ཚོས་རྒྱ་མཚོ་ཆེན་པོ་འདིར་རང་གི་ཁྱིམ་གཞིས་བོར་ཚར་བས།
ད་ནི་བྲོས་དམག་ཅིག་དང་འདྲ་བར་གང་ལ་འབྲོ།
ང་ཚོ་སྐྱེས་ས་རྒྱ་མཚོ་ཆེན་པོ་འདི་ཡིན་པས།
ཞེ་ཐོགས་སའང་རྒྱ་མཚོ་འདི་ལས་ཅི་ཡོད།
 
གོམ་པ་གོ་དགུ་བ།
ངས་ཁྱོད་ལ་འབྲུ་སིལ་དམར་བོའི་ཞིམ་མངར་མྱོང་དུ་འཇུག་མ་ཐུབ་ལ།
མེ་ཕུང་གི་མཐའ་སྐོར་དུ་འཕུར་བའི་མཚན་གླུ་སྙན་མོ་དེ་ཡང་ཐོས་སུ་འཇུག་མ་ཐུབ་ནའང་།
རྩྭ་ཐང་དུ་ལོ་ངོ་ཁྲི་སྟོང་གི་རིང་ལ་ཡལ་མ་མྱོང་བའི་མེས་པོའི་གསེར་ཞལ་དེ།
རེས་གསལ་རེས་མོག་གི་ཚུལ་གྱིས་ཁྱོད་ཀྱི་སྤྱན་ལམ་དུ་བསྟར་ཟིན།
ཕྱིར་དྲན་ནི་རང་ཉིད་ལ་ཚང་རྩིས་རྒྱག་སྟངས་གཞན་ཞིག་ཡིན་ངེས་ན།
ང་ཚོས་ཅིའི་ཕྱིར་ཉམས་མྱོང་ལས་མཛེས་སྡུག་མི་བསྐྲུན་ནམ།
 
གོམ་པ་བརྒྱ་ཐམ་པ།
ཁོ་རེ།         ཁྱོད་ཀྱང་ལམ་འགྲོ་བ་ཞིག་ཡིན་ནམ།
ཤོག          འདི་རུ་ཅུང་ཙམ་བཞུགས་དང་།
སྤུན་ཟླ།      ཁྱོད་ཀྱང་དེ་ཙམ་ཞིག་གི་དོན་དུ་འགྲོའམ།
ཤོག          གཙང་ཆབ་ཉུང་ཙམ་མཆོད་དང་།
སྤུན་ཟླ།      ཡང་བསྐྱར་ཐེངས་གཅིག་ཤོད་དང་།
ཁྱོད་ཀྱིས་ཀྱང་རང་དབང་ནི་དེ་འདྲ་ཞིག་ཏུ་འདོད་དམ།
འགྲོ།        སྤུན་ཟླ།    ང་ཚོ་མཉམ་དུ་འགྲོ།
 
                                                            
 
                      སྤྱི་ལོ༢༠༠༨ལོའི་ཟླ༡བའི་ཚེས༥ཉིན་འགོ་བརྩམས་ཏེ།
                      སྤྱི་ལོ༢༠༡༡་ལོའི་ཟླ༢པའི་ཚེས་༡༧ཉིན་མཇུག་གྲུབ།
 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།