གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྒོད་རྒྱལ་བློ་ཕུན་གྱི་སྙན་ངག་གསར་བ་ཕྱོགས་བསྒྲིགས།

2013-07-17 13:00:00 རྒོད་རྒྱལ་བློ་ཕུན། ཀློག་གྲངས། མཆན ཡོད།

 

 

        ཕ་ཡུལ།    ཡང་ན་རྒུད་ཟིན་པའི་ཕ་མ།
                       ___བོད་གླུ་༼རེ་སྒུག༽ཟེར་བ་ཞིག་ལ་ཉན་རྗེས།
                   ༡
ཁྱེད་ཀྱི་མཁུར་མགོ་ནས་ཧྲིལ་བའི་ཆུ་རྡོག་དེ
ཐོ་རེངས་སྐར་ཆེན་གྱི་ཞལ་འཛུམ་འཚེར་བའི
འཇིག་རྟེན་འདིའི་མཛེས་སྡུག་ཅིག་པུ་ཡིན
                  ༢
ཁ་འཚུབ་ཁྲོད་དུ་དཀྱོམ་པའི་སེམས་ཀྱི་དག་ཞིང་འདི
རེ་སྒུག་གི་ལྟེང་ཁ་ལས་བརྡོལ་བའི
མིག་གི་མ་ཟིན་པའི་དྲན་སྣང་གི་སེམས་པ་བརླན་ས་རེད
                  ༣
རྒས་ཤག་ཤག་དང་འགྲོ་ཆོག་ཆོག་གི་བར་ན
བདག་གི་སེམས་འཚོར་གྲང་མོ་འདིས
གདུང་བ་དང་སླར་དྲན་གྱིས་ནོན་པའི་དུས་ཚིགས་ཤིག་ལ
ཕ་མའི་སེམས་ཀྱི་ཁུར་བོ་ཇི་ལྟར་ཐེག
ངང་སྒུག་ལ་འགྲེལ་བ་གང་ཞིག་བྱ
       ༢༠༡༣ལོའི་ཟླ་༤ཚེས་༡༡ཉིན།  

           སྲང་ལམ་ནས་དེད་པའི་སྙན་ངག་རིང་མོ་ཞིག
                       _____མདོ་སྨད་སྙན་ངག་པ་གཉའ་གོང་ལྷ་བྷེ་གཤེགས་དྲན།
                    ༡
བླ་བྲང་ན་སྲང་ལམ་མང་བས
<<སྒོ>>ཕྱེ་བའི་ཙིར་སྒྲ་དང
<<རླུང>>གཡུགས་པའི་ཚོར་བ
<<ནམ་མཁའ>>འཁྲིགས་པའི་ངམ་ཚུལ
ཇི་ལྟར་སེམས་ལ་གཟན
                 ༢
ཡུམ་བུ་བརླ་མཁར་ནམ་མཁར་བཏེགས་ནའང
བཙན་པོའི་ཉི་གཞོན་ལོ་ཟླའི་རྡུལ་དང་འདྲེས་ཏེ
འཇའ་ཡིག་སྣ་མང་བསང་ཁྲིའི་མེ་རོར་གྱུར་བས
ཤུལ་དུ་ལུས་པ་ནི     དར་ལྕོག་གི་ཁེར་སྡུག་ཡཱ
                  ༣         
ཁྱོད་ཀྱི་སྒོ་གླེགས་ནས་བུ་མོ་དེས་ངུ་ཤུམ་བྱེད་པའི
འབྲོག་མོ་ཞིག་གི་མགོ་བོ་སྨད་པའི
སྙན་ངག་དང་མེ་ལོང་གི་གཟུགས་རིས་དེར
ངས་ཡང་ཡང་བལྟ་བཞིན་གདའ
                  ༤
ཡར་ཀླུང་གཙང་བོར་འཕྲིན་པ་ཞིག་བསྐུར་རྗེས
སྙན་ངག་རིང་མོ་ཞིག་ཆང་དམ་གང་དང་བཏུང་རྗེས
གཉའ་གོང་ལྷ་བྟེ་གཉའ་ཁྲི་བཙན་པོའི་ནང་བློན་དུ་བསྐོ་རོགས
                               ༢༠༡༣ལོའི་ཟླ་༤ཚེས་༡༧ཉིན་ལྷོ་ཁར་བྲིས།  

          ཞོགས་པར་འོ་ཞིག་བྱས་པ།

ཟིལ་བའི་ཐིགས་ཁྲུམ་གོས་སུ་གྱོན་པའི་མེ་ཏོག་དག
ཉི་ཐིགས་ཀྱི་མཐུ་འོག་ན་འོད་ལམ་ལམ་དུ་འགུལ་བར
ཕྱེ་ལེབ་ཀྱི་གཤོག་སྣེས་བྱིལ་ཙམ་བྱིལ་ཙམ་བྱས་ཏེ
སྤྲིན་དཀར་གྱི་མཚམས་ནས་ཡལ་བར་གྱུར

དེ་ནི      ཞོགས་པ་ཞིག་རེད
གྲོང་སྣེའི་རྡོ་གཅལ་དག་ཆུ་ཤེལ་དུ་འཁྲུལ་བའི
ཕྱོགས་ལ་ཐོན་པའི་ཞོགས་པ་ཞིག་རེད   
                                 ༢༠༡༣ལོའི་ཟླ་༤ཚེས་༢༢ཉིན་རང་ཁྱིམ་དུ་བྲིས།

           དངུལ་ཕོར།
ལྕགས་ཟྭ་རྒྱབ་པའི་སྒོ་མོ་ཆུང་ཆུང
སྲང་ལམ་ན་ཕྱགས་མ་ལྟར་ཁ་རོག་ཏུ་འདུག
སྒོ་མོ་ཆུང་ཆུང་དེ་སྒམ་ཆུང་ཆུང་ཞིག་ཀྱང་ཡིན་པས
སྒམ་དེ་ནི་གསེར་ཙག་དངུལ་ཕོར་སྦས་པའི
ལག་ཏུ་རེག་ཐབས་མེད་པའི་ཕ་ལམ་སྒམ་ནག་དེའོ
         ༢༠༡༣ལོའི་ཟླ་༤ཚེས་༡༩ཉིན་རང་ཁྱིམ་དུ།  

          ཞོགས་པའི་རྩྭ་ཐང་གི་ལྷ་མོ།
                       _____ཡར་འབྲོག་རྩྭ་ཐང་དུ་སོང་བའི་རྗེས།
ཉི་ཐིགས་གང་བའི་ཡར་འབྲོག་རྩྭ་ཐང་གི་ཞོགས་པར
ལྷད་མེད་པའི་སེམས་པ་ཞིག་རྩྭ་གསེབ་ནས་མཆོངས་པ་ནི
གཡུ་སྦྲང་གི་ལྷ་མོ་གར་གྱིས་མྱོས་ཅིང་བཟི་བར་བྱེད་པའི
སྐད་ཅིག་མའི་མཛེས་སྡུག་དང་རྟོག་འགྱུའི་རི་མོ་རེད

ཆུ་རིས་ཤིག་ཤིག་གིས་གདོང་ཁ་བཀྲུས་པའི་ཞོགས་པར
སྦྲ་ནག་སྦུབས་ཀྱི་འབྲོག་མོ་ཆུང་ཆུང་དག་གིས
འཁྲུད་ལ་སོང་བའི་རྐང་ལམ་ཀྱུར་ཀྱུར་དེའི་ཤུལ་དུ
རྩྭ་ཐང་གི་ལྷ་མོ་དང་དབྱངས་ཅན་མ   གཡུ་ལོ་མ
རུ་བསྟར་སྒྲིག་ཏེ་རྒྱང་རིང་ནས་རྒྱང་རིང་ཕྱོགས་སུ་ཐོན
                ༢༠༡༣ལོའི་ཟླ་༤ཚེས་༢༨ཉིན།

          ཆང་ཁང་ནས།
                     ____ཆང་ཁང་ནས་ཆང་བཤད་ཐོས་པ།
༼བཀྲ་ཤིས་ཡར་འགྲོ་༽ནི་ཆང་ཁང་ཞིག་རེད
མི་ཚོཊ་བསྡུ་ཞིང་འཐོར་བའི་ཆང་ཁང་ཀ་བཞི་གདུང་བརྒྱད་རེད
༼སྟོང་བཅུད་རྡོག་རྒྱ་༽ནི་ནས་ཆང་རྩེ་གྲྭ་དེ་རེད
གསང་བ་དང་བག་ཉལ་གྱི་རྣམ་ཤེས་མང་པོ་ནས་ཆང་ལ་ཟུག་ཡོད

ཆང་ཁང་ནས་ཆང་རོགས་ཚོས
བཀྲ་ཤིས་ཀྱི་མཚན་ལ་གཡང་སྐྱབས་དང
ལྷ་མཚོའི་མིང་ལ་ཀླུ་མཚོར་འབོད་པ་ཐོས

ཆང་ཁང་ནས་མི་ཚོས
གཡུ་ལྷ་ཐོག་འགྱུར་བདུད་རྒྱལ་ཡིན་ཅིང
ཀླུ་འབུམ་མི་རྒོད་གདོན་འདྲེ་ཡིན་པར་བཤད

ཆང་ཁང་ནས་གླུ་མོ་ཚོས
༼བསོད་ནམས་ཡར་འགྲོས་༽རླུང་རྟ་ཡར་ལ་འཕེལ་ཅིང
༼གསུམ་སྒྲོན་མཉེས་དག་༽གིས་མཛའ་བཤེས་རིང་བར་བླངས
                           
         ༢༠༡༣ལོའི་ཟླ་༤ཚེས་༢༩ཉིན་དགོང་མོར།

       ལྷ་ས་ནས་ལྷོ་ཁ་བར།  ལྷོ་ཁ་ནས་ལྷ་ས་བར།

ལྷ་ས་ནས་ལྷོ་ཁ་བར
རྡུལ་དང་ཕྱེ་མ་དག་ཡར་ཀླུང་གཙང་འགྲམ་ནས
ལྷོ་ཕྱོགས་རྒྱ་མཚོ་ཆེན་པོའི་ཐག་སྣེ་ལ་འཁོན་ཏེ
ས་ལ་རྡབས་ཤིང་གནམ་ལ་འཕྱར

ལྷོ་ཁ་ནས་ལྷ་ས་བར
སྙིང་དང་གློ་མཆིན་དག་གློག་ཤུགས་འཁྱགས་སྒམ་ནང་ནས
དག་ཞིང་བདེ་འབྱོར་ཡངས་མོའི་འཁོར་འཕྲུལ་ལ་རྫངས་ཏེ
གཡས་ལ་བསྐོར་ཅིང་གཡོན་ལ་འཁོར
                                 ༢༠༡༣ལོའི་ཟླ་༥ཚེས་༡ཉིན་བྲིས།

         ལྷ་ཡི་རོལ་མོ་དང་ཀླུ་ཡི་སྲས་མོ།
                  ____མདོ་སྨད་གླུ་མ་ཀླུ་མོ་མཚོར་བྲིས།
ལྷ་ཡི་ཡུལ་ནས    
ཀླུ་ཡི་སྲས་མོ་ཅིག་འཁྲུངས་ཏེ
མི་ཡི་ཡུལ་དུ་སྲིད་པའི་རོལ་མོ་དཀྲོལ་དང་འཁྲོལ་བཞིན་གདའ

ཀྱེ     ཀླུ་མོ་མཚོ    
ངག་གི་དབྱངས་ཅན་མ
ཁྱོད་ཀྱི་སྐད་ངག་དང་མགྲིན་དབྱངས
འཛུམ་སེར་དང་སོ་ཁ་ཡིད་སྡུག་པ་དག་གམ་ལ་བཞག་སྟེ
ང་རང་ལྷ་ཡུལ་ལ་ཐེངས་གཅིག་མགྲོན་དུ་བསུ་རོགས

ཀྱེ    ལྷ་དང་ཀླུ་གཉིས་ཀྱི་གཞི་མཐུན
སེམས་ཀྱི་ལག་པ་རྩྭ་ཐང་དང་མེ་ཏོག་ལ་རེག་ཅིང
ཡིད་ཀྱི་མིག་མདའ་གཡའ་གསེབ་དང་གངས་ཆུར་ཟུག་པའི
ཁྱོད་ཀྱིས་ངའི་ནད་པའི་སེམས་ཁར་བྱབས་འཁྲུད་ཅིག་བྱོས་དང
ཡང་ན་ང་རང      ཀླུ་རྒྱལ་ཚང་ལ་རྡོག་རྒྱག་གཅིག་གཞུས་དང
                      ༢༠༡༣ལོའི་ཟླ་༥ཚེས་༣ཉིན།  

          བསྐལ་པ་ཡ་ཐོག་གི་དུས་སུ།

ཁུང་བུ་ཆུང་ཆུང་ཞིག་ལས་ཆུ་ཐིགས་འཛག་པས
རྡུལ་དང་ཕྱེ་མ་རྣམས་རླུང་ཡན་དེས་གང་སར་དེད
སེར་བོར་གྱུར་བའི་ཡལ་ག་དང
དམར་བོར་གྱུར་བའི་མིག་ཟུང་དག
སྒེའུ་ཁུང་ངོགས་སུ་འཇའ་ཚོན་ལྟར་ཟུག

མཐའ་མེད་པའི་གནམ་གྱི་མཐར
དར་ལྕོག་དང་བུ་མོ་འགའ་ཁ་འཚུབ་ཁྲོད་ནས་ཡལ་བར་གྱུར
གླུ་མ་དང་སྨྱོན་མ་དག
ནགས་སྟུག་པོ་ཞིག་ནས་ལམ་འཆོལ་ཏེ་གར་སོང་མེད
                           ༢༠༡༣ལོའི་ཟླ་༥ཚེས་༥ཉིན་ཞིང་གྲོང་ཞིག་ཏུ།  

          སེམས་ཀློག་པ།
ཤེལ་སྒོའི་ངོས་སུ
ལོ་འདབ་ཀྱི་གཟུགས་སུ་གྲུབ་པའི་མཚམས་སྤྲིན་དང
ཆར་ཐིགས་ཀྱི་རེག་བྱར་མངོན་པའི་ཟིལ་བ་འཁྲུངས་འདུག

མེ་ལོང་ངོས་ལ
པིར་གྱིས་བྲིས་པའི་ཕྱག་སྟོང་སྤྱན་སྟོང་དང
མིག་གིས་ཟིན་ཀྱང་བགྲོད་པར་དཀའ་བའི་རྐང་ལམ་རིང་མོ་ཞིག་འདུག
                              ༢༠༡༣ལོའི་ཟླ་༥ཚེས་༧ཉིན་གཞི་རིམ་ནས།

          རྙིང་བ།

ཁྱོད་ཀྱིས་གསུངས་དང
ངའི་ལག་པའི་རི་མོ་འདི་རྙིང་བ་ཡིན་ནམ
མགོ་སྐྱེས་སྐྲ་ལོ་འདི་རྙིང་བ་ཨེ་རེད

བདག་གིས་ཐོས་པར
རོ་སྒམ་ལ་བཅུག་ཟིན་པ་རྣམས་གསར་བ་མིན་ཅིང
དུར་སར་སྦས་ཟིན་པ་རྣམས་རྙིང་བ་ཡིན་པར་ཐོས
                            ༢༠༡༣ལོའི་ཟླ་༥ཚེས་༡ཉིན་བྲིས།

        ཁ་བའི་མེ་ཏོག
             ____རེ་སྐོང་ཁ་བའི་མེ་ཏོག་ཅེས་པའི་ཟིན་བྲིས་དྲ་བ་ཤར་གཏོང་ཐུབ་པར་རྟེན་འབྲེལ་དུ་ཆེད་བྲིས།
ཁ་བའི་མེ་ཏོག  
ཡང་ན་དར་དཀར་གྱི་ཚལ་བུ
རི་མཐོ་ས་གཙང་གི་སྟོང་གཤོངས་ཀུན་ན་བཞད་དེ
མིག་གི་མཐོང་སྣེར་འཇིག་རྟེན་གྱི་ཁེབས་གཡོག་ཏུ་མངོན

ཁ་བའི་མེ་ཏོག    
གོས་སུ་མཛེས་པའི་ལོ་མའི་རལ་བ་དཔྱངས་པའམ
སྦྲ་ནག་དང་འབའ་ཁྱུའི་མེ་ཚེ་ལ་བཅོལ་ཅིང
ཞིང་གྲུ་དང་རྟ་བོང་གི་བྲང་གཞུང་དུ་འཁོལ་བའི
དུས་ཚིགས་མཛེས་པར་གྲུབ་པའི་ལྷག་བསམ་རེད་ལགས

ཁ་བའི་མེ་ཏོག     
འབྲོག་མོ་དེའི་ངུ་སྐད་ལ་འཁྱུད་ཅིང
ཡང་ཐོག་གཡང་རྩེའི་རླུང་དར་གྱི་འདར་ཁ་ནས་གཡུགས་པའི
ཨ་ཡིག་ཆེན་པོ་དེ་ཡང་ངོ
                      ༢༠༡༣ལོའི་ཟླ་༥ཚེས་༡༤ཉིན་གཞི་རིམ་ནས་བྲིས།

        ཉི་མའི་ལོག་ཤུལ་དུ།

ཉི་མའི་ལོག་ཤུལ་དུ་བྱེས་པའི
རི་མགོའི་ཆུ་ཐིགས་བསིལ་མ་དག་དལ་གྱིས་རླངས་བར་གྱུར་ཏེ
ལག་མཐིལ་གྱི་གྲོག་ཤུལ་དུ་ཐུར་རྒྱུགས་བྱེད་ཅིང་ས་ལ་བྲམ

དེ་ནི    མི་བུ་ཉེས་འགལ་ཁོ་བྲོས་བྱོལ་དུ་སོང་བའི་ལོ་རྒྱུས་མཚར་སློག་ཨེ་ཡིན
གཡུ་མཚོ་མ་གནས་ལ་སོང་སྟེ་ཕྱིར་མི་ལོག་པའི་བཤད་རྒྱུན་རིང་པོ་དེ་ཨེ་རེད  
         ༢༠༡༣ལོའི་ཟླ་༥ཚེས་༢༢ཉིན་ཡར་ཀླུང་ཤམ་ཆུའི་མགྲོན་ཁང་ཆེན་མོར།

         གནས་མོ་ལགས།  ཁྱོད་ཀྱི་མིང་ལ་ཅི་ཟེར།

མཚན་མོ་རེར
ཤེལ་སྒོའི་ངོས་སུ་གཤིན་པོས་གར་ལ་རོལ་ཅིང
ཁྲག་གི་བྱས་པའི་ལག་པ་ནམ་མཁར་ཡང་ཡང་བཀྱག་སྟེ
སྐར་མའི་རལ་བ་འཐུ་བཞིན་ཡོལ་བའི་ངོ་གདོང་ལ་སེན་འབྲད་འཐེན

གནས་མོ་ལགས      ཁྱོད་ཀྱི་མིང་ལ་ཅི་ཟེར
ཁྲག་གི་མེ་ཏོག་ཟེར་རམ
སྐར་མའི་ཕྲ་རྒྱན་ཟེར
                                              ༢༠༡༣ལོའི་ཟླ་༥ཚེས་༢༥ཉིན་གཞི་རིམ་ནས་ཤར་མར་བྲིས།

         རེའུ་མིག་ནང་གི་ཨང་ཀི

རེའུ་མིག་ནང
ཨ་མ་དང་ཨ་ཕའི་མིང་ཡིག་རེའུ་མིག་ནང་འཁོད་ཅིང
རི་དང་ཀླུང་དང་ཆུ་དང་བྱ་དང་རྡོ་དང་ས་དང་མྱགས་སོགས
ཡོད་དོ་ཅོག་གི་ཁ་གྲངས    ཨང་ཀིར་བཞག་ཡོད

རེའུ་མིག་ནང
བུ་དང་བུ་མོའི་མི་ཚེ་གང་བོའི་སྐྱིད་སྡུག་གསལ་ཞིང
བུན་དང་ཁྲལ་དང་དངུལ་དང་ལོ་དང་ཚིགས་སོགས
ཐམས་ཅད་ཀྱི་བསྡོམས་འབོར    ཨང་ཀིར་བཞག་ཡོད

གཞན་ཡང        ལོ་རྒྱུས་ནི་ཨང་ཀི་ཡིན་ན
མ་འོངས་པའི་སེམས་ཅན་དང་བདག་མེད་ཡོད་ཚད
ཨང་ཀི་ཁོ་ནས་ཡར་བཤད་མར་བཤད་བྱེད་ཆོག་ཨང
                               ༢༠༡༣ལོའི་ཟླ་༥ཚེས་༣༡ཉིན་དགོང་མོར།


 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།